དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་གཏན་ཁེལ་བྱས་པའི་ཡུག་རྫས་ཀྱི་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་ལས་བརྒལ་མི་ཆོག་པའི་ཚོད་འཛིན་གཏོར་བ་ཡིན་ཞེས་བསྒྲགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་སྲིད་གཞུང་གིས་ཚེས་བརྒྱད་ཉིན་བསྒྲགས་རྒྱུར། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་གཏན་ཁེལ་བྱས་པའི་ཡུག་རྫས་ཐོན་སྐྱེད་ཀྱི་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་ལས་བརྒལ་མི་ཆོག་པའི་ཚོད་འཛིན་གཏོར་བ་ཡིན་ཟེར།

དབྱི་ལང་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁ་མའེ་ལེ་ཝན་ཏིས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་གཏན་ཁེལ་བྱས་པའི་ཡུག་རྫས་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་གྱི་ཚོད་འཛིན་གཏོར་བ་ར་སྤྲོད་བྱས། ཁོས་བཤད་རྒྱུར། གལ་ཏེ་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད་པའི་ཕྱོགས་སོ་སོས་གྲོས་ཆོད་ནང་དུ་བསྟན་པའི་དབྱི་ལང་གི་ཁེ་དབང་ལ་ཁག་ཐེག་བྱེད་མི་ཐུབ་ན། དུས་རིམ་རྗེས་མར་དབྱི་ལང་གིས་འཛོམས་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པའི་ཡུག་རྫས་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར།

དབྱི་ལང་གི་ཡུག་རྫས་ཐོན་སྐྱེད་བྱ་འགུལ་ལས་འཛོམས་ཚད་ལ་ཚོད་འཛིན་བྱེད་ནི་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་གཙོ་བོ་རེད། བརྒྱ་ཆའི་དགུ་བཅུའི་ཡན་གྱི་འཛོམས་ཚད་མཐོ་བའི་་ཡུག་རྫས་ནི་མཚོན་ཆ་རིམ་པའི་ཉིང་རྡུལ་རྒྱུ་ཆར་གཏོགས་པ་དང་། ཉིང་རྡུལ་འབར་མདེལ་བཟོ་བར་བཀོལ་ཆོག ཡིན་ནའང་གཞུང་ལུགས་ཀྱི་ངོས་ནས་འཛོམས་ཚད་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་དགུ་བཅུའི་བར་གྱི་ཡུག་རྫས་ཐོན་སྐྱེད་བྱེད་པར་ལག་རྩལ་གྱི་བཀག་རྒྱ་ཕལ་ཆེར་མེད་ཅེས་བཤད་ཆོག

དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་དང་འབྲེལ་བའི་ཕྱོགས་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། ཨུ་རུ་སི། ཀྲུང་གོ་བཅས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་ལས་དབྱི་ལང་གིས་གྲོས་ཆོད་ལག་བསྟར་བྱེད་པའི་ལོ་བཅོ་ལྔའི་ནང་ཆེས་མང་ན་གར་བསྡུས་ཀྱི་ཡུག་རྫས་སྤྱི་རྒྱ་སུམ་བརྒྱ་ལས་གསོག་འཇོག་བྱས་མི་ཆོག་པ་དང་དེའི་འཛོམས་ཚད་ཆེས་མཐོ་ན་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་ལས་བརྒལ་མི་ཆོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་སྤྱོད་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་དགོས།

ཨ་མེ་རི་ཁས་ན་ནིང་གི་ཟླ་ལྔ་བར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པ་ཡིན་ཞེས་བསྒྲགས་ལ། དེའི་རྗེས་སུ་ཡང་བསྐྱར་དབྱི་ལང་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་རེད།

དེར་ཁ་གཏད་འཇལ་ཆེད། དབྱི་ལང་གིས་ད་ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་ཡིན་བསྒྲགས་ལ། དེ་དང་མཉམ་དུ་དབྱི་ལང་གིས་ཉིན་དྲུག་ཅུའི་ནང་དབྱི་ལང་ཉིང་རྡུལ་གྲོས་ཆོད་བཀོད་པའི་འབྲེལ་ཡོད་ཕྱོགས་ལ་དབྱི་ལང་ཕྱོགས་ཀྱི་ཁེ་དབང་གནད་དོན་སྐོར་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་དབྱི་ལང་གི་རེ་འདོད་མ་བསྐང་ན། དབྱི་ལང་གིས་ཡུག་རྫས་ཀྱི་འཛོམས་ཚད་ལ་ཚོད་འཛིན་མི་བྱེད་ཅེས་བཤད།

ཟླ་བདུན་པའི་ཚེས་གཅིག་ཉིན། དབྱི་ལང་གིས་འཛོམས་ཚད་དམའ་བའི་ཡུག་རྫས་གསོག་འཇོག་བྱས་ཚད་སྤྱི་བརྒྱ་སུམ་བརྒྱའི་ཚོད་འཛིན་ལས་བརྒལ་ཡོད་ཅེས་བསྒྲགས་པ་དང་། ཚེས་བདུན་ཉིན། ཁ་མའེ་ལེ་ཝན་ཏིས་ཀྱིས་དབྱི་ལང་གིས་ཡུག་རྫས་ཀྱི་འཛོམས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལས་གཏན་ཁེལ་བྱས་པའི་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་བདུན་ལས་བརྒལ་བའི་ཡུག་རྫས་ཐོན་སྐྱེད་བྱེད་མི་ཆོག་པའི་ཚོད་འཛིན་དེ་གཏོར་རྒྱུ་ཡིན་ཞེས་བསྒྲགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།