དབྱི་ལང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་རྒོལ་ལན་སྤྲད་པ་དང་ཐི་ལང་ཕུའུ་ཡིས་དབྱི་ལང་གིས་སེམས་ཆུང་བྱེད་དགོས་ཞེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་སྲིད་གཞུང་གིས་ཚེས་བདུན་ཉིན་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཀྱི་ཚོད་འཛིན་ལས་བརྒལ་ཏེ། ཡུག་རྫས་ཐོན་སྐྱེད་ཀྱི་འཛོམས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བསྒྲགས་ལ། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་མྱུར་དུ་དེར་་ཧ་ཅང་དོ་སྣང་བྱེད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁས་དབྱི་ལང་གིས་བཀག་སྡོམ་སྔར་ལས་མང་བོ་མྱང་སྲིད་ཅེས་བཤད།

དབྱེ་ཞིབ་མི་སྣས་བལྟས་ན། དབྱི་ལང་གི་བྱ་སྤྱོད་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་གནོན་ཤུགས་ཆེན་པོའི་སྲིད་ཇུས་ལ་སྔར་ལས་རྒོལ་ལན་སྤྲོད་པ་དང་། ཡོ་རོབ་གླིང་གིས་དབྱི་ལང་ལ་དོན་དངོས་རང་བཞིན་གྱི་རོགས་རམ་བྱེད་དུ་འཇུག་རྒྱུ་དེ་ཡིན་མོད། ཡིན་ནའང་བཙན་གྱིས་ཨ་མེ་རི་ཁ་གྲོས་མོལ་ཁྲོད་དུ་ཞུགས་སུ་འཇུག་པའི་དམིགས་ཡུལ་འགྲུབ་མི་སྲིད་ལ། ཡོ་རོབ་གླིང་གི་རྣམ་འགྱུར་ཡང་སྔར་ལས་འགལ་བ་ཅན་དུ་གྱུར་ཡོད། གལ་ཏེ་ཕྱོགས་གང་རུང་གིས་མུ་མཐུད་དུ་བྱེད་ཐབས་དྲག་པོ་སྤྱད་ན། ཨ་མེ་རི་ཁ་དང་དབྱི་ལང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པར་འདོད།

དབྱི་ལང་སྲིད་གཞུང་གིས་ཚེས་བདུན་ཉིན་དབྱི་ལང་གིས་གར་ཚད་མཐོ་བའི་ཡུག་རྫས་ཐོན་སྐྱེད་ཀྱི་འཛོམས་ཚད་ཇེ་མཐོར་གཏོང་བཞིན་ཡོད་པ་དང་། དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་དབྱི་ལང་གིས་འཛོམས་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་ལྷག་ལས་མཐོ་བའི་ཡུག་རྫས་ཐོན་སྐྱེད་བྱེད་མི་ཆོག་པའི་ཚོད་འཛིན་ཐེབས་མི་སྲིད་ཅེས་བསྒྲགས།

ཉིན་དེར་གཟའ་མཇུག་ཡིན་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཉིན་དེའི་ཕྱི་དྲོར་ཕྱིར་ཕོ་བྲང་དཀར་པོར་ལོག་སྐབས་ཞིན་ཙིག་ཞི་གནམ་གྲུ་ཐང་ནས་གསར་འགོད་པས་ཁོར་དབྱི་ལང་གི་གནད་དོན་སྐོར་དྲིས་པ་དང་། ཁོས་དབྱི་ལང་གིས་རབ་ཡིན་ན་སེམས་ཆུང་བྱས་ན་དགའ་ཞེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་དྲ་ཚིགས་སྒང་ནས་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་ལས་གཞིའི་ཐད་ཀྱི་བྱ་སྤྱོད་གསར་བས་རང་ཉིད་སྔར་ལས་ཁེར་རྐྱང་དུ་འབུད་པ་དང་བཀག་སྡོམ་སྔར་ལས་མང་པོ་མྱང་སྲིད་པ་ལས་ཅང་མེད་ཟེར། ཕིན་ཕེ་ཨོ་ཡིས་ས་དེའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་པའི་ཚོགས་འདུ་བསྡུ་རྩིས་ཡོད་ལ། ཀུན་གྱིས་དབྱི་ལང་གི་གནད་དོན་ནི་དེའི་གླེང་གཞི་གཙོ་བོ་ཡིན་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བདུན་ཉིན་བཤད་རྒྱུར། འཇར་མན་དང་ཧྥ་རན་སི། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་དབྱི་ལང་གི་རྣམ་འགྱུར་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་སྔར་ལས་གཏོར་བརླགས་བྱེད་པའི་བྱེད་ཐབས་མི་སྤྱོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་། སྔོན་ཉིན་མོར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་གཏོང་སྐབས། ཁོས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་དབྱི་ལང་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གྲོས་མོལ་སླར་གསོ་བྱེད་པའི་ཐབས་ལམ་བཙལ་བཞིན་ཡོད་ཅེས་བཤད་མྱོང་།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཚེས་བདུན་ཉིན་དྲ་ཚིགས་སྒང་ནས་བསྐྱར་བསྒྲགས་བྱས་དོན། དབྱི་ལིང་ཉིང་རྡུལ་གྲོས་ཆོད་བཀོད་ཡོད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་དམ་བཅའ་ལག་བསྟར་བྱས་ན། དབྱི་ལང་ཕྱོགས་ཀྱིས་ད་གཟོད་དེ་འབྲེལ་གྱི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ཟེར།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་གཞོན་པ་ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་འོས་འགན་ཇེ་ཉུང་དུ་བཏང་བ་ནི་གྲོས་ཆོད་དེ་རྩ་བ་ནས་བརླག་པའི་ཆེད་མིན་ལ། ཨ་མེ་རི་ཁ་ཡང་གྲོས་མོལ་གང་རུང་ལ་ཞུགས་ཆོག་མོད། ཡིན་ནའང་སྔོན་ལ་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་དགོས་ཟེར།

ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་ཨ་མེ་རི་ཁའི་གནད་དོན་གྱི་ཆེད་མཁས་པ་སུན་ཁྲིན་ཧའོ་ཡིས་བཤད་རྒྱུར། དབྱི་ལང་གིས་རྣམ་འགྱུར་བཙན་པོར་བརྟེན་ནས་ཨ་མེ་རི་ཁ་གྲོས་མོལ་ཁྲོད་ཞུགས་སུ་འཇུག་པའི་རེ་བ་དེ་འགྲུབ་དཀའ། ཐི་ལང་ཕུའུ་སྲིད་གཞུང་གིས་དབྱི་ལང་ལ་སྤྱོད་པའི་སྲིད་ཇུས་དྲག་པོའི་དམིགས་ཡུལ་ནི་ཧ་ཅང་གསལ་བོ་ཡིན་ཏེ། དབྱི་ལང་གི་ཤན་ཤུགས་ལ་བཀག་འགོག་བྱས་ཏེ་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་ཞིང་། དེས་མི་ཚད་ཨ་མེ་རི་ཁའི་འདེམས་བསྐོ་ཆེན་མོའི་དུས་སུ་འཁེལ་ཡོད་པས། འདེམས་དམངས་ཀྱི་དགོས་མཁོར་དམིགས་ཚེ། ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་སྲིད་ཇུས་ལེགས་སྒྲིག་གི་བར་སྟོང་ཧ་ཅང་ཆུང་བ་དང་། དུམ་རིམ་རྗེས་མར་ད་དུང་མུ་མཐུད་དུ་དབྱི་ལང་ལ་གནོན་ཤུགས་སྟེར་སྲིད་ཟེར།

ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་དབུས་ཤར་གནད་དོན་གྱི་ཆེད་མཁས་པ་ཆིན་ཐེན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་རྗེས། དབྱི་ལང་ཉིང་རྡུལ་གྲོས་ཆོད་དེ་མིང་ཡོད་དོན་སྟོང་དུ་གྱུར་ཡོད། དབྱི་ལང་གིས་ཐེངས་འདིར་རྒོལ་ལན་སྤྲད་པ་ཡང་། གཅིག་ནས་ཨ་མེ་རི་ཁའི་བཀག་སྡོམ་ཚབས་ཆེན་དང་དམག་དོན་ཟིལ་ཤུགས། དྲ་ཐོག་དཔུང་འཇུག་སོགས་ལ་རྒོལ་ལན་སྤྲོད་པའི་ཆེད་དང་། གཉིས་ནས་ཡོ་རོབ་གླིང་གིས་དབྱི་ལང་ལ་དོན་དངོས་རང་བཞིན་གྱི་རོགས་རམ་བྱེད་དུ་འཇུག་རྒྱུ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།