ཨ་མེ་རི་ཁའི་དམིགས་བསལ་འཐུས་མིས་ཨ་མེ་རི་ཁ་དང་ཐ་ལེ་པན་གྱི་གྲོས་མོལ་ལ་ཕན་འབྲས་ངོ་མ་ཐོབ་ཡོད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འདུམ་སྒྲིག་ལས་དོན་གྱི་དམིགས་བསལ་འཐུས་མི་ཧ་ལེ་ལེ་ཀྲ་ཏི་ཡིས་ཚེས་དྲུག་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་གཉི་གས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་ས་ཏོ་ཧ་ནས་བསྡུས་པའི་གྲོས་མོལ་སྐོར་ཐེངས་བདུན་པར་ཕན་འབྲས་ངོ་མ་ཐོབ་ཡོད་ཟེར།

ཧ་ལེ་ལེ་ཀྲ་ཏི་ཡིས་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ནས་བསྟན་དོན། ཨ་མེ་རི་ཁ་དང་ཐ་ལེ་པན་གྱིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་གྲོས་མོལ་སྐོར་ཐེངས་བདུན་པ་བྱེད་མགོ་བརྩམས་ལ། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ངོ་རྒོལ་ལ་ཁག་ཐེག་དང་དམག་དཔུང་ཕྱིར་འཐེན། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ། ཡུན་རིང་དང་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པ་བཅས་ཕྱོགས་བཞིའི་ཐད་ནས་ཕན་འབྲས་ངོ་མ་བླངས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀྱིས་ཐད་ཀར་དུ་གྲོས་མོལ་བྱས་པའི་ཚུན་ལ་ཆེས་ཕན་འབྲས་ལྡན་པའི་གྲོས་མོལ་ཞིག་རེད་ཟེར།

ཐ་ལེ་པན་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་ཐར་དང་འཇར་མན་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་བྱ་འགུལ་ཚེས་བདུན་ཉིན་ཏོ་ཧ་ནས་བསྡུས་པ་དང་། མི་དྲུག་ཅུ་ལྷག་གྲོས་མོལ་ལ་ཞུགས་ཟེར། ཧ་ལེ་ལེ་ཀྲ་ཏི་ཡིས་བསྟན་དོན། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་ཆེད། ཨ་མེ་རི་ཁ་དང་ཐ་ལེ་པན་བར་གྱི་སྐོར་ཐེངས་འདིའི་གྲོས་མོལ་ཚེས་བདུན་དང་ཚེས་བརྒྱད་དེ་ཉིན་གཉིས་ལ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན། ཁོས་བལྟས་ན་ཐེངས་འདིའི་གྲོས་མོལ་ནི་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ཐད་གཅོད་རང་བཞིན་གྱི་དོན་དག་ཅིག་ཡིན་པར་འདོད་ཟེར།

སྐབས་འདིའི་གྲོས་མོལ་ལ་ཐོབ་པའི་ཕན་འབྲས་ཐད་ནས། ཐ་ལེ་པན་ཆབ་སྲིད་ཅུའུ་ཡི་མགྲིན་ཚབ་པ་ཧྲ་ཞིན་གྱིས་ཀྱང་ཉིན་དེར་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ནས་བསྟན་དོན། ང་ཚོ་ཕྱོགས་གཉི་ག་གྲོས་མོལ་ལ་ཐོབ་པའི་ཕན་འབྲས་ཐད་ནས་ཡིད་ཚིམ་ཡོད་ཟེར།

ཉིས་སྟོང་བཅུ་གཅིག་ལོར། ཨ་མེ་རི་ཁར་དགུ་གཅིག་གཅིག་འཇིགས་སྐུལ་འཇབ་རྒོལ་ཐེབས་རྗེས། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་དམག་འཁྲུག་བསླངས་ནས། རྟེན་གཞི་རྩ་འཛུགས་ལ་འགེབ་སྲུང་བྱེད་བཞིན་པར་འདོད་པའི་ཐ་ལེ་པན་སྲིད་དབང་རྩ་རྫོགས་བྱས། དམག་འཁྲུག་གི་རྗེས་སུ་ཨ་ཧྥུའུ་ཧན་གྱི་གནས་བབ་བསྟུད་མར་ཟིང་ཟིང་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ་ཨ་་ཧྥུའུ་ཧན་ནས་ཐ་ལེ་པན་གྱི་སྟོབས་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་བར་བསྟུན་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཐ་ལེ་པན་ལ་གྲོས་མོལ་མི་བྱེད་ག་མེད་བྱུང་། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།