མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡའི་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ལྔ་ཉིན་གསལ་བསྒྲགས་སྤེལ་ནས། ལི་པི་ཡའི་རྒྱལ་ས་ཏི་ལེ་པོ་ལེའི་ཉེ་འདབས་ཀྱི་ཡུལ་གྱར་བ་བསྡུ་ཉར་བྱེད་སར་བར་སྣང་གི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བར་མ་ཟད་རྒྱལ་ཁབ་གཞན་པས་ལི་པི་ཡའི་དོན་དག་ལ་ཐེ་གཏོགས་མི་བྱེད་རྒྱུའི་རེ་བ་བཏོན།

གསལ་བསྒྲགས་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཕྱོགས་སོ་སོས་མྱུར་དུ་འཁྲུག་རྩོད་ཀྱི་ཚབས་ཇེ་ཆུང་དུ་གཏོང་རྒྱུ་མ་ཟད་དམག་འཁྲུག་རྒྱག་མཚམས་འཇོག་དགོས་ལ། ལི་པི་ཡའི་ཡུན་རིང་གི་ཞི་བདེ་དང་གཏན་འཇགས་ནི་ཆབ་སྲིད་ཀྱི་བྱེད་ཐབས་ཁོ་ན་སྤྱད་ནས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་ཡིན་ཟེར།

གསལ་བསྒྲགས་ནང་དུ་ཏི་ལེ་པོ་ལེའི་ཤར་ཕྱོགསས་ཀྱི་ཡུལ་གྱར་བ་བསྡུ་ཉར་བྱེད་ས་ཞིག་ལ་ཚེས་གསུམ་ཉིན་གྱི་ཞོགས་པར་བར་སྣང་གི་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་ཡོད་པ་དང་། ལི་པི་ཡའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱས་ཡོད། བར་སྣང་གི་འཇབ་རྒོལ་དེའི་ཁྲོད་ནས་ཉུང་མཐར་ཡང་མི་ང་གསུམ་རྐྱེན་ལམ་དུ་ཤོར་ལ། དེའི་ནང་དུ་བྱིས་པ་དྲུག་ཡོད་པ་དང་། མི་བརྒྱ་དང་སུམ་ཅུ་ལྷག་ལ་རྨས་ཕོག

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ལི་པི་ཡའི་ཤར་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་རྒྱལ་དམངས་དམག་ཅེས་པ་དེས་ཟླ་བཞི་བའི་མགོར་ཏི་ལེ་པོ་ལེ་ལ་དཔུང་འཇུག་བྱས་པའི་ཚུན་ལ། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་བཅོ་ལྔ་མཉམ་དུ་གྲོས་མཐུན་བྱུང་བའི་གསལ་བསྒྲགས་ཐོག་མ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པི་ཡའི་འཁྲུག་རྩོད་གསར་བར་ཇི་ལྟར་ཁ་གཏད་འཇལ་བའི་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་མ་ཐུབ་པར་བསྡད་ཡོད་ལ། ཨ་མེ་རི་ཁ་དང་ཨུ་རུ་སིས་ཟླ་བཞི་བའི་དཀྱིལ་ལ་དམག་འཁྲུག་མྱུར་དུ་མཚམས་འཇོག་པའི་གྲོས་ཆོད་འཆར་ཟིན་ཞིག་ལ་རྒྱབ་སྐྱོར་མ་བྱས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་འབྲེལ་དཔོན་པོ་མང་བོས་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བར་སྣང་གི་འཇབ་རྒོལ་དོན་རྐྱེན་བྱུངང་བའི་ཉིན་དེར་གསལ་བསྒྲགས་སྤེལ་རྩིས་བྱས་ན་ཡང་། ཨ་མེ་རི་ཁ་ཕྱོགས་ནས་ཁོ་ཚོར་བསམ་གཞིགས་གཏོང་བའི་དུས་ཚོད་མང་ཙམ་སྟེར་རྒྱུའི་རེ་བ་བཏོན་སོང་ཟེར། ཕྱི་འབྲེལ་དཔོན་པོ་དེ་དག་གི་བཤད་ཚུལ་ལྟར་ན། ཚེས་ལྔ་ཉིན་གྱི་གསལ་བསྒྲགས་དེར་བཟོ་བཅོས་ཆེན་པོ་བྱས་མེད་པ་འདྲ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་ཞུགས་པའི་རྒྱལ་ཁབ་ཚང་མས་ལི་པི་ཡར་མཚོན་ཆ་སྐྱེལ་མི་ཆོག་པར་བརྩི་བཀུར་གང་ལེགས་བྱེད་རྒྱུའི་འབོད་སྐུལ་བཏང་ཡོད་ལ། གསལ་བསྒྲགས་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་ཞུགས་པའི་རྒྱལ་ཁབ་ཚང་མ་འཁྲུག་རྩོད་ཁྲོད་དུ་མི་ཞུགས་རྒྱུ་དང་ཡང་ན་འཁྲུག་རྩོད་ཚབས་ཇེ་ཆེར་གཏོང་བའི་བྱེད་ཐབས་མི་སྤྱོད་རྒྱུའི་འབོད་སྐུལ་བཏང་ཡོད།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་ལ། ཐུར་ཁེ་དང་ཁ་ཐར་གྱི་རྒྱབ་སྐྱོར་ཐོབ་ནས། ནུབ་རྒྱུད་ས་ཁུལ་དབང་དུ་བཟུང་ཡོད།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་ལྔ་ཉིན་དབྱི་སི་ཐན་པུའུ་ཨར་ནས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་ལ་ཐུག་འཕྲད་བྱས་ཏེ། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཁས་བླངས་པ་དང་། དྲག་ཆས་རྩ་འཛུགས་རྒྱལ་དམངས་དམག་ཅེས་པའི་མགོ་ཁྲིད་པ་ཧ་ཧྥུའུ་ཧ་ཨར་ལ་ཁྲིམས་འགལ་དཔུང་འཇུག་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན། ཐུར་ཁེ་ཕྱོགས་ཀྱིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། རྒྱལ་དམངས་དམག་ཅེས་པ་དེས་ཐུར་ཁེ་ཕྱོགས་ཐད་ཀར་དུ་ལི་པི་ཡའི་དམག་འཁྲུག་ཁྲོད་ཞུགས་པ་རེད་ཅེས་སྐྱོན་བརྗོད་བྱས།

ཧ་ཧྥུའུ་ཧ་ཨར་ལ་ཨེ་ཅིབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ནས། ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་དབང་དུ་བཟུང་ཡོད། ཕྱོགས་སོ་སོའི་བར་གྱི་ཁེ་ཕན་གྱི་རྩོད་གཞི་ལས་ལི་པི་ཡའི་འཁྲུག་རྩོད་མཚམས་མ་ཆད་པར་ལུས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཟླ་དྲུག་པར་རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡར་མཚོན་ཆ་སྐྱེལ་མི་ཆོག་པའི་གཏན་ཁེལ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ལ། ཁྲིམས་འགལ་མཚོན་ཆ་སྐམ་ས་དང་མཚོ་ཐོག མཁའ་ལམ་བཅས་བརྒྱུད་དེ་ལི་པི་ཡར་སྐྱེལ་ཏེ། འཁྲུག་རྩོད་ཚབས་ཇེ་ཆེར་གཏོང་བཞིན་པའི་སྡོམ་ཚིག་བཀོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།