ཨན་པའེ་ཅིན་སན་གྱིས་འཇར་པན་གྱིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་གཉིས་ཉིན་དབྱི་ལིང་དུ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། འཇར་པན་གྱིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར། 

ཨན་པའེ་ཅིན་སན་ཚེས་བཅུ་གཉིས་ཉིན་ཏི་ཧེ་ལན་དུ་འབྱོར་ནས་དབྱི་ལིང་དུ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། དབྱི་ལིང་དབྱི་སི་ལན་གསར་བརྗེ་རྗེས་སུ་དབྱི་ལིང་དུ་འཚམས་འདྲི་བྱེད་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་གྱུར། ཉིན་དེར་ཨན་པའེ་ཅིན་སན་གྱིས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས། 

ཨན་པའེ་ཅིན་སན་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་དེ་འཛམ་གླིང་ལ་མཚོན་ན་གལ་འགངས་ཆེ་བས། འཇར་པན་གྱིས་ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད། དབྱི་ལིང་ནི་ས་ཁུལ་དེའི་རྒྱལ་ཁབ་གཙོ་བོ་ཡིན་པས། མུ་མཐུད་དུ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཁྲུག་རྩོད་སྔོན་འགོག་བྱེད་པའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། 

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་གྱིས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཉམ་ལས་ལ་དགའ་བསུ་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བྶཏར་བྱེད་དགོས་པའི་རེ་བ་བཏོན། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། དབྱི་ལིང་གིས་འཇར་པན་བར་ཞི་བདེའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཟེར། ཁོས་བཤད་རྒྱུར། འཇར་པན་གྱིས་མུ་མཐུད་དུ་དབྱི་ལིང་བར་རྡོ་སྣུམ་ཉོ་ཚོང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

དབྱི་ལིང་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ནས་ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་འཐབ་འཁྲུག་སློང་འདོད་མེད་ཀྱང་། དམག་དོན་བཙན་འཛུལ་ཐེབས་ན། དབྱི་ལིང་གིས་ནུས་པ་གང་ཡོད་ཀྱིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།