ཐི་རོམ་ཕུ་ཡིས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཡང་བསྐྱར་ཟླ་བའི་གོ་ལར་བསྐྱོད་རྒྱུ་ཡིན་ཞེས་བསྒྲགས་པ།

༄༅།།ཐི་རོམ་ཕུ་ཡིས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཡང་བསྐྱར་ཟླ་བའི་གོ་ལར་བསྐྱོད་རྒྱུ་ཡིན་
ཞེས་བསྒྲགས་པ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12ཚེས11ཉིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་བར་སྣང་གི་བཀའ་རྒྱ་དང་པོར་མཆན་བཀོད་དེ་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་པ་ཡང་བསྐྱར་ཟླ་བའི་གོ་ལར་བསྐྱོད་རྒྱུ་ཡིན་པར་མ་ཟད། མཇུག་མཐར་གོ་ལ་མིག་དམར་ཐོག་བསྐྱོད་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
      ཉིན་དེར། ཐི་རོམ་ཕུ་ཡིས་ཕོ་བྲང་དཀར་པོ་རུ་སྤེལ་བའི་མཆན་འགོད་བྱེད་སྒོའི་ཐོག ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་ཟླ་བའི་གོ་ལའི་ཐོག་ཏུ་རྒྱལ་དར་བསྒྲེངས་ནས་རྐང་རྗེས་འཇོག་དགོས་པར་མ་ཟད། འབྱུང་འགྱུར་གྱི་མི་སྡོད་མིག་དམར་ལས་འགན་གྱི་རྨང་གཞི་འཇོག་དགོས། མ་འོངས་པར། ཕལ་ཆེར་གོ་ལ་མིག་དམར་ལས་ལྷག་པའི་ཕྱི་རོལ་གྱི་འཇིག་རྟེན་ཞིག་ཏུ་བསྐྱོད་ཐུབ་རྒྱུ་རེད་ཅེས་བསྟན་པ་རེད།
      ཐི་རོམ་ཕུ་ཡིས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཡང་བསྐྱར་ཟླ་བའི་གོ་ལར་བསྐྱོད་པའི་དུས་ཚོད་བཀོད་སྒྲིག་བྱེད་ཕྱོགས་སྐོར་གཅིག་ཀྱང་བརྗོད་མེད་པ་རེད།
      མིའི་རིགས་ཀྱིས་ཟླ་བའི་གོ་ལའི་ཐོག་རྐང་རྗེས་ཐོག་མར་འཇོག་དུས་ནི་1972ལོའི་ཟླ་12ཚེས་11ཉིན་ཡིན་པ་དང་། ཨ་ཕོ་ལུའོ་རྟགས་ཅན་17པ་འཇིག་རྟེན་འཕུར་གྲུའི་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལར་འཕུར་བ་དང་། ད་ལྟའི་བར་དུ་ལོ་45འཁོར་ཡོད་པ་རེད།
       ཐི་རོམ་ཕུ་སྲིད་གཞུང་གིས་སྲིད་བསྐྱངས་རྗེས། གནམ་གཤིས་འགྱུར་ལྡོག་དང་སྨན་དཔྱད་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ཏུ་ཞིབ་འཇུག་མ་དངུལ་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད་ཀྱང་། བར་སྣང་ཁྱབ་ཁོངས་ལ་སྔར་བས་མཐོང་ཆེན་བྱས་ཡོད་ལ། 2033ལོར་གོ་ལ་མིག་དམར་འཚོལ་ཞིབ་ལག་ལེན་བསྟར་ཆོག་པའི་ཞིབ་འཇུག་གི་བླང་བྱ་ཙམ་མ་ཟད། ད་དུང་ལོ་25རིང་ལ་ཟུར་འཇོག་བྱས་པའི་ཨ་རིའི"རྒྱལ་ཁབ་ཀྱི་བར་སྣང་ཨུ་ལྷན"ཡང་བསྐྱར་འཛུགས་ཀྱི་བཀའ་རྒྱ་བཏང་བ་རེད།
      ཉིན་དེར། ཐི་རོམ་ཕུ་ཡིས་མཆན་འགོད་གནང་བའི"བར་སྣང་སྲིད་ཇུས་ཀྱི་བཀའ་རྒྱ་དང་པོ"ནི"རྒྱལ་ཁབ་བར་སྣང་ཨུ་ལྷན"གྱིས་བཏོན་པའི་བསམ་འཆར་དང་པོ་ཡིན་པ་རེད། བཀའ་རྒྱ་དེས་ཨོ་པཱ་མ་སྲིད་གཞུང་གིས་བཏོན་པའི་མི་སྡོད་སྐམ་འཛེགས་སྲུང་སྐར་ཆུང་ངུའི་འཆར་གཞི་དངོས་སུ་དོར་བ་མཚོན་ཡོད་པ་རེད།
       ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུད་ཀྱི་དཔོན་པོས་དེ་སྔོན་ཨ་རིའི་མཁའ་དབྱིངས་འཚོལ་ཞིབ་འཆར་གཞི་ནི་གོ་རིམ་གསུམ་ནས་བྱས་པ་དང་། ད་ལྟའི་རིམ་པ་ནི་མུ་མཐུད་རྒྱལ་སྤྱིའི་བར་སྣང་ས་ཚིགས་དེ་ཚོད་ལྟ་དང་ཞིབ་འཇུག་གི་སྟེགས་བུར་བྱེད་པ་དང་། རིམ་པ་གཉིས་པ་ནི་2024ལོའི་སྔ་གཞུག་ཏུ་ཟླ་བའི་གོ་ལའི་འགྲུལ་ལམ་དུ"གཏིང་ཟབ་བར་སྣང་གི་སྒོ་ཆེན"ཞེས་པའི་བར་སྣང་གྲུ་ཁ་བསྐྲུན་རྒྱུ་དང་། རིམ་པ་གསུམ་པ་ནི་2033ལོའི་སྔ་གཞུག་ཏུ་གོ་ལ་མིག་དམར་གྱི་འགྲུལ་ལམ་དུ་བསྐྱོད་རྒྱུ་ཡིན་ཚུལ་བསྟན་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།