ད་ལོའི་ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན4.2%འཕར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི17.41ཟིན་པ་དེ་ན་ནིང་གི་དུས་མཚུངས(གཤམ་དུ་དུས་མཚུངས)ལས4.2%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི9.48ཟིན་ནས6.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི7.93ཟིན་ནས1.3%འཕར་བ། ཚོང་དོན་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི1.55ཟིན་ནས47.4%རྒྱ་ཆེར་ཕྱིན་ཡོད། ཟླ7པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི2.74ཟིན་ནས་5.7%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.53ཟིན་ནས10.3%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.21ཟིན་ནས0.4%འཕར་བ། ཚོང་དོན་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར3102.6ཟིན་ནས79%རྒྱ་ཆེར་ཕྱིན་ཡོད།

གྲངས་གཞི་གསེད་བཀྲོལ་བྱས་པ་ལས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཐད་གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ།

སྤྱིར་བཏང་གི་ཚོང་དོན་འཕར་ཚད་མང་དུ་ཕྱིན་པ་མ་ཟད་བསྡུར་ཚད་ཀྱང་མཐོ་རུ་ཕྱིན་ཡོད། རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི10.4ཟིན་ནས5.7%འཕར་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི59.8%བཟུང་བ་དང་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས0.8མཐོ་རུ་ཕྱིན་ཡོད།

ཡོ་རོབ་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རི་པིན་སོགས་ཁྲོམ་ར་གཙོ་བོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་བ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་འཕར་ཚད་སྤྱི་ཡོངས་ལས་མཐོ་བ་ཡོད་པ་རེད།

དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་འཕར་བས་བཟུང་བའི་བསྡུར་ཚད་མཐོ་རུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི7.31ཟིན་ནས11.8%འཕར་ཡོད།

འཕྲུལ་གློག་ཐོན་རྫས་དང་། ངལ་རྩོལ་འདུས་ཚད་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཚང་མ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི5.5ཟིན་ནས6.1%འཕར་བ་དེས་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་གྱི་58%བཟུང་ཡོད་པ་རེད།

མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཚོང་ཟོག་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ནས། ལྕགས་གཏེར་དང་སྲན་ཆེན་ནང་འདྲེན་བྱེད་ཚད་ཉུང་དུ་ཕྱིན་པ་དང་སྤོམ་ཆེའི་ཚོང་ཟོག་ནང་འདྲེན་གྱི་ཆ་སྙོམས་རིན་གོང་ཐད་འཕར་ཆག་གཉིས་ཀ་བྱུང་ཡོད་པ་རེད། རང་རྒྱལ་གྱིས་ལྕགས་གཏེར་ཏུན་དུང་ཕྱུར5.9ནང་འདྲེན་བྱས་པས4.9%ཉུང་དུ་ཕྱིན་པ་དང་། མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར2.86ནང་འདྲེན་བྱས་པས9.5%མང་དུ་ཕྱིན་པ། རྡོ་སོལ་ཏུན་དུང་ཕྱུར1.87ནང་འདྲེན་བྱས་པས7%མང་དུ་ཕྱིན་པ། རང་བྱུང་སོལ་རླངས་ཏུན་ཁྲི5474ནང་འདྲེན་བྱས་པས10.8%མང་དུ་ཕྱིན་པ། སྲན་ཆེན་ཏུན་ཁྲི4690ནང་འདྲེན་བྱས་པས11.2%ཉུང་དུ་ཕྱིན་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།