འཕྲལ་སྡོམ་དོ་དམ་པུས་ཟླ་བདུན་པར་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་སྤྱིའི་ཆར་བརྟན་པོ་ཡོད་ཅེས་བརྗོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཉེ་དུས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཟླ་བདུན་པར་རྒྱལ་ཡོངས་སུ་ཧ་ཅང་ཚབས་ཆེ་བའི་ལས་འཛོལ་གང་ཡང་ཐོན་མེད་པ་དང་། ཚབས་ཆེའི་ལས་འཛོལ1ཐོན་པ་དང་ཚབས་ཆེའི་ལས་འཛོལ་ཐོན་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དུས་མཚུངས་ལས་ཁག1དང་མི14སོ་སོར་ཉུང་དུ་ཕྱིན་པ་དང་། ལས་འཛོལ་ཅུང་ཚབས་ཆེ་བའི་ཐོན་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དུས་མཚུངས་ལས24.4%དང28.2%སོ་སོར་ཆག་ཡོད། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་བདུན་པར་ལས་རིགས་མང་ཆེ་བའི་ཁྱབ་ཁོངས་སུ་ལས་འཛོལ་ཅུང་ཆེ་བ་ཐོན་ཚད་དུས་མཚུངས་ལས་ཆག་མོད། འོན་ཀྱང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ལ་སླར་ཡང་ལས་འཛོལ་ཆེན་པོ་ཐོན་ནས་ཧོ་ནན་ཞིང་ཆེན་སན་མན་ཞ་གྲོང་ཁྱེར་དུ་ཧོ་ནན་ནུས་རྒྱུ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དབྱི་མ་ཆི་རྫས་འགྱུར་བཟོ་གྲྭར“7.19”ཡི་འབར་གས་ལས་འཛོལ་ཆེན་པོ་ཐོན་པ་དང་། མི15རྐྱེན་ལམ་དུ་ཤོར་ཡོད།

འགན་ཁུར་བ་དེས་ས་ཁུལ་དེ་ག་དང་ལས་རིགས་དེ་གའི་བདེ་འཇགས་ཉེན་ཁར་དབྱེ་ཞིབ་བརྡར་གཅོད་གཏིང་ཟབ་བྱེད་དགོས་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་གནད་དོན་དག་ཐེར་བྱེད་ནན་དུ་གཏོང་བ། སྐོང་འདྲི་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཧ་ཅང་ཚབས་ཆེ་བའི་ལས་འཛོལ་མི་ཐོན་པ་བྱེད་དགོས་པ་དང་། དྲོད་ཚད་མཐོ་བའི་དུས་ཚིགས་སུ་ལས་འཛོལ་ཐོན་མང་བ་དང་ཐོན་སླ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མ་ལག་རང་བཞིན་གྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་གསེད་བཀྲོལ་བྱེད་དགོས་པ། རྡོ་སོལ་དང་ཝ་སི་དང་ཆུའི་གནོད་འཚེ་སོགས་བཅོས་སྒྲིག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཟོ་ལས་དང་ཚོང་དོན་ལས་རིགས་ཀྱིས་ཚད་ཡོད་ཀྱི་བར་མཐོངས་སུ་ལས་དོན་སྒྲུབ་པར་སྐྱོབ་ཐབས་འོས་འཚམ་མ་བྱུང་བའི་ལས་འཛོལ་ཐོན་རྒྱུ་འགོག་ཟོན་ནན་ཏན་བྱེད་དགོས་པ། དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་ཕྱིར་སྐྱོད་གཅིག་སྡུད་ཀྱི་གནས་ཚུལ་ལ་དམིགས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགྲུལ་སྐྱེལ་རླངས་འཁོར་དང་དེ་བཞིན་ཡུལ་སྐོར་བའི་བོགས་གཏོང་རླངས་འཁོར། མགྲོན་ཁང་དང་གསོལ་མགྲོན་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། གྲུ་ཁ་དང་སྒྲོལ་གྲུ་སོགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།