ཁྲིམས་འཛིན་པུས་ས་ཁུལ་དབར་གྱི་ཧེ་བག་རིམ་པས་ཆུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་ཧེ་བག་མེད་པའི་ཞབས་འདེགས་ཞུ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཁྲིམས་འཛིན་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་གང་མགྱོགས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གསལ་འགྲེལ་བྱས་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བརྒྱབ་ཡོད། ཁྲིམས་འཛིན་པུའུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཅུས་ཀྱི་སྐོར་གཟིགས་པ་ཅང་ཅིན་གྱིས། གོམ་སྟབས་རྗེས་མར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤྱི་འབོར་དང་། སྤུས་ཚད། ལས་ཕྱོད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དར་རྒྱས་མེད་པའི་ས་ཁུལ་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་། ས་ཁུལ་དབར་གྱི་ཧེ་བག་རིམ་པས་ཆུང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དབར་ཧེ་བག་མེད་པའི་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་། ལས་དོན་ས་ཚིགས། ལས་སྒྲུབ་ཁང་། གྲོང་ལྷན་བཅའ་ཁྲིམས་བློ་འདྲི་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་། 12348ཐད་སྦྲེལ་ཁ་པར་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་མང་ཆེ་བར་ཆུ་ཚོད24ཡི་བར་མཚམས་མེད་པའི་ཞབས་འདེཌ་ཞུས་ཡོད། ཉེ་བའི་ལོ་གཅིག་རིང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་དངོས་ཚན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་བཏོད་པའི་ནང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་། ལས་དོན་ས་ཚིགས། ལས་སྒྲུབ་ཁང་བཅས་ཚུད་ཡོད་ཅིང་། རྒྱལ་ཡོངས་སུ་ལས་སྟེགས་ཁྲི4ལྷག་ཙམ་ཟིན་པར་རྫོང་རིམ་པར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས2917དང་ཤང་དང་གྲོང་རྡལ་ཁྲོམ་གཞུང་གི་ལས་དོན་ས་ཚིགས39300ལྷག་ཙམ་ཟིན་ཡོད་པ་རེད།

“ཕྱོགས་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་རུང་། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་མི་ཉུང་བ་ཞིག་ཏུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ད་དུང་དཀའ་ངལ་དང་གནད་དོན་མང་པོ་ཞིག་གནས་ཡོད། དཀའ་ངལ་ཆེ་ཤོས་ནི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཁ་ཐང་བ་དང་། ཤེས་ལྡན་མི་སྣ་མི་འདང་བ། ཆ་འཕྲིན་ཅན་གྱི་སྒྲིག་ཆས་དང་སྒྲིག་བཀོད་མི་འདང་བ། མ་དངུལ་འགན་ལེན་ལ་དཀའ་ངལ་ངེས་ཅན་ཡོད་པ་བཅས་རེད”ཅེས་ཅང་ཅིན་གྱིས་བརྗོད་ཅིང་། ཁོང་གིས་གོམ་སྟབས་རྗེས་མར《བསམ་འཆར》ནང་གི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་དང་གྲོས་བསྡུར་བྱས་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་ཆེན་པོ་བརྒྱབ་པ་བརྒྱུད། ལས་སྟེགས་ཆེན་པོ་གསུམ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤྱི་འབོར་དང་། སྤུས་ཚད། ལས་ཕྱོད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁུལ་དབར་གྱི་ཧེ་བག་རིམ་པས་ཆུང་དུ་གཏོང་བ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་ཧེ་བག་མེད་པའི་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད།

སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་བྱ་ཐབས་གལ་ཆེན་ཞིག་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་ས་ཁུལ་དབུལ་པོ་དང་གཙོ་གནད་མི་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། དོ་སྙོམས་ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་ཐུབ་ཚེ།2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བར་ནུས་པ་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།