ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། བདག་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ཏ་པན་མཐོ་རིམ་གྲོས་ཚོགས་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡང་བསྐྱར་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ང་ཚོ་ཐུན་མོང་གིས་ཡིད་འཇོག་བྱེད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་དམ་པོ་བྱེད་པར་རེ་སྒུག་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱི་བྱ་བའི་ཚོགས་ཁག་གིས་འབྲེལ་འདྲིས་དམ་པོ་བྱས་ཏེ། དེང་སྐབས་ཀྱི་འགལ་བ་ཐག་གཅོད་པའི་བྱེད་ཐབས་སྔ་མོ་ནས་བཙལ་དགོས་པ་དང་། འཛམ་གླིང་ཡོངས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོས་གྲོས་མཐུན་བཀོད་པ་དངོས་སུ་མཐོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དཀའ་ཁག་ཁ་ཤས་དང་འཕྲད་པ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མི་མཐུན། ཕྱོགས་གཉིས་ཀྱིས་ང་ཚོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ཀྱི་རྨང་གཞིའི་སྟེང་མཐུན་སྦྱོར་དང་མཉམ་ལས། བརྟན་འཇགས་བཅས་དགོངས་གཞི་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་དཔལ་འབྱོར་ཕུང་བོ་གཉིས་ཡིན་པས། སྣེ་ཁྲིད་ཀྱི་ནུས་པ་མཉམ་དུ་འདོན་དགོས་པ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཏ་པན་མཐོ་རིམ་གྲོས་ཚོགས་སྟེང་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཚོང་རར་ཆོད་སེམས་དང་གསོན་ཤུགས་སྣོན་དགོས། བདག་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ཏ་པན་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཙུང་ཐུང་ཐི་ལང་ཕུའུ་དང་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་འབྲེལ་བའི་གཞི་རྩ་རང་བཞིན་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།