ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཆོ་ཀྲི་པུའུ་ཧྲི་སྐུ་གཤེགས་པའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཆོ་ཀྲི་པུའུ་ཧྲི་སྐུ་གཤེགས་པའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་སྔོན་ཆད་ཀྱི་ཙུང་ཐུང་ཆོ་ཀྲི་པུའུ་ཧྲི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོའི་ཁྱིམ་མི་ཡོངས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། སྔོན་ཆད་ཀྱི་ཙུང་ཐུང་ཆོ་ཀྲི་པུའུ་ཧྲི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པ་དང་། ལོ་བཞི་བཅུའི་རིང་ལ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་བདེན་དཔང་བྱས་པར་མ་ཟད་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས། ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན། བདག་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།