ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཕྱི་རྒྱལ་གྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་པའི་ཨུ་ཡོན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཕྱི་རྒྱལ་གྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་པའི་ཨུ་ཡོན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཤེས་ལྡན་མི་སྣ་ནི་གསར་སྐྲུན་གྱི་གཞི་རྩ་ཡིན་པ་དང་གསར་སྐྲུན་གྱི་སྲོག་ཤིང་རྒྱུ་རྐྱེན་ཡང་ཡིན། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ན་གཙོ་བོ་སློབ་གསོར་བརྟེན་དགོས། སློབ་གསོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་པ་ལས་ཟུར་ལྟ་མཁན་དང་ངོ་རྒོལ་ཕྱོགས་ཁག་སྐྱེད་སྲིང་བྱེད་པ་མིན། དེང་སྐབས་ཀྲུང་གོས་འཛམ་གླིང་གི་རྩེ་གྲའི་སློབ་ཆེན་དང་རྩེ་གྲའི་བསླབ་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཏན་འཁེལ་བྱས་ཏེ། མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་ཀྱི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་ཨུ་ཡོན་རྣམས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་དོ་དམ་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་མཛད་པར་མ་ཟད། ཨུ་ཡོན་རྣམས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་གང་མང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་ལས་གང་མང་བྱེད་པ། འཛམ་གླིང་ཡོངས་ལ་ཀྲུང་གོ་ཁྱོན་ཡོངས་ནས་མཚམས་སྦྱོར་གང་མང་བྱས་ནས། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པའི་རེ་བ་བཏོན།

མཇལ་འཕྲད་ཀྱི་སྔོན་ལ། ཞི་ཅིན་ཕིང་གིས་ཨུ་ཡོན་རྣམས་ལ་ཕྱག་འཇུ་གནང་བར་མ་ཟད་མཉམ་པར་བླངས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།