ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ཆེད་མངགས་ཕོ་ཉར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་ཆེད་མངགས་ཕོ་ཉ། ཀྲུང་དབྱང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཧོང་ཕིང་ཅོན་ལ་མཇལ་འཕྲད་གནང་།

ཧོང་ཕིང་ཅོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བསྐུར་བའི་རྟེན་འབྲེལ་ཞུ་ཡིག་བརྒྱུད་སྤྲོད་བྱས། རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པའི་སྐབས་འདིར། བདག་གིས་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་གཉིས་བར་གྱི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་ནས་ཆེད་མངགས་ཕོ་ཉ་ཀྲུང་གོར་འཚམས་འདྲིར་བྱེད་དུ་བཅུག་པ་ཡིན་ལ། ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡང་བསྐྱར་མགོ་ཁྲིད་སྲོག་ཤིང་དུ་བདམས་པར་རྟེན་འབྲེལ་ཞུས་པ་ཡིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས་པར་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད། ཡོ་ནན་གྱི་སྤུན་ཟླར་གྱུར་པའི་ཀྲུང་གོ་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་རླབས་ཆེན་དམིགས་འབེན་ལེགས་འགྲུབ་བྱ་ངེས་ལ། ཀྲུང་གོ་ནི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱས་ཏེ། ས་གནས་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་ཀྱིས་བརྟས་ཡོད། ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བར་བཟུང་བའི་མཐོང་ཆེན་དང་ཡར་སྐུལ་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པས། བདག་གིས་ཁྱེད་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་བརྩོན་ལེན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་གིས་བསྐུར་བའི་རྟེན་འབྲེལ་ཞུ་ཡིག་ལ་བཀའ་དྲིན་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲོང་གིས་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་འགོ་བརྩམས་པ་དང་ང་རང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་པར་རྟེན་འབྲེལ་ཞུ་བའི་ལྷག་བསམ་གྱི་འཕྲིན་ཡིག་བསྐུར་ལ། ད་དུང་ཚོགས་ཆེན་མཇུག་བསྒྲིལ་མ་ཐག་པའི་དུས་འདིར་ཆེད་མངགས་ཕོ་ཉ་མངགས་ནས་ཆེད་དུ་ཀྲུང་གོར་འོང་ནས་རྟེན་འབྲེལ་ཞུས་པ་དེས། ཀྲུང་གོ་དང་ཡོ་ནན་ཏང་ཁག་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་བསྟན་ཡོད་པར་མ་ཟད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་ཆེན་པོ་བྱེད་བཞིན་པའང་མཚོན་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞེའོ་ཞང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་གཉིས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།