ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཁེ་ལས་ལ་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས། རྒྱུན་མཐུད་སྒོས་དངོས་ཕུང་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ཐག་བཅད་ཅིང་། བཟོ་སྐྲུན་ལས་རིགས་ཀྱི་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཐོན་ལས་རིམ་འཕར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆབ་སྲིད་དང་བྱེད་ཐབས་གཏན་འཁེལ་བྱས་ནས་འབྲུ་རིགས་བདེ་འཇགས་དང་དེང་རབས་ཞིང་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། ཞིང་སྨན་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཁེ་ལས་ལས་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་ནི་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་འཆར་གཞི་ལག་བསྟར་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་སྲིད་བསྡུ་དབང་གཏོང་ལག་བསྟར་བྱེད་པའི་ནང་དོན་གཙོ་ཡིན། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ་ཀྲུང་དབྱང་གིས་བདག་གཉེར་ཞབས་ཕྱི་རང་བཞིན་གྱི་གྲོན་དངུལ་བསྡུ་བ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནའང་མིག་སྔར་གྲོན་དངུལ་བསྡུ་བའི་རྣམ་གྲངས་མང་བ་དང་གྲོན་དངུལ་གང་འདོད་དུ་བསྡུ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས་ཁེ་ལས་ཀྱི་ཁུར་བོ་ཇེ་ལྗིད་སོང་ཡོད། གོ་རིམ་རྗེས་མར་སྦས་ཤུགས་སྔོག་འདོན་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགོ་ཁྲིད་དེ་ཁེ་ལས་ལ་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ལམ་ལུགས་རང་བཞིན་དང་ཡུན་རིང་ལ་དོ་དམ་བྱེད་པ། ཕན་འབྲས་དངོས་ཐོབ་པའི་གཙང་བཤེར་བྱེད་ཐབས་སྐོར་ཞིག་གཏན་འཁེལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་སྨན་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།