སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ།

གངས་ལྗོངས་སྐྱེ་དགུའི་མགོན་སྐྱབས་ཆེན་པོ་སྟེ་རྒྱལ་དབང་ལྔ་བ་རིན་པོ་ཆེས་གཙུག་ལག་གཉིས་ཆར་གྱི་བགྱི་བ་ཐམས་ཅད་རྒྱལ་དབང་རང་ཉིད་དང་ཁྱད་མེད་པར་གསུངས་ཤིང་། རྒྱལ་ཐབས་ཀྱི་ཚངས་པ་ཆེན་པོར་དབང་བསྐུར་བའི་གངས་ལྗོངས་ཀྱི་སའི་ཚངས་པ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་དང་། མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་ན་མཁས་བཙུན་བཟང་བོའི་གདེངས་ཀ་མངོན་པར་བརྗིད་ཅིང་། འཆད་རྩོད་རྩོམ་པའི་འཕྲིན་ལས་ཉི་ཟླའི་འོད་ཀྱིས་ནོར་འཛིན་ཡངས་པོའི་ཁྱོན་ཀུན་རྣམ་པར་ཁྱབ་པ། འཛམ་གླིང་རྒྱན་དྲུག་ལ་ཅོ་འདྲི་བའི་ཆོས་ཀྱི་རྒྱལ་བོ་ཆེན་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་སམ་སྒོ་མང་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་གཉིས་ཀྱི་འབྲེལ་བའི་སྐོར་ལ་སྔ་དེང་གི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ངོས་འཛིན་ཡང་དག་པར་བྱུང་མེད་པར་མ་ཟད། དོན་དངོས་ལས་རིང་དུ་བརྒལ་བའི་བཤད་ཚུལ་ཡང་མི་ཉུང་བ་ཞིག་བྱུང་ཡོད། དེ་ནི་སྐབས་དེའི་རྙོག་འཛིང་ཆེ་བའི་སྲིད་དོན་གྱི་གནས་ཚུལ་དང་། ལྷ་བཟང་ཧན་སྲིད་དབང་ལ་རྔམ་པའི་གཡོ་སྒྱུའི་མཐིལ་ཇི་བཞིན་མ་རྟོགས་པ་ལས་བྱུང་བ་ཡིན་ཏེ། མཁས་པའི་གཙུག་རྒྱན་ཆེན་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡང་ལྷ་བཟང་ཧན་གྱི་བསླུ་བྲིད་དུ་ཚུད་ནས་སྡེ་སྲིད་ཀྱི་སྲིད་དབང་མ་སྐྱོར་བ་དང་། དངོས་ཤུགས་བརྒྱུད་གསུམ་གྱིས་ལྷ་བཟང་ཧན་གྱི་ངོ་སྲུང་རྐྱང་བ་བྱས་ཏེ། སྡེ་སྲིད་སྐུ་བཀྲོངས་པར་ཡང་བཤོལ་འདེབས་མ་མཛད་པར་བཤད་པ་དང་། སྡེ་སྲིད་ཁོང་དགེ་ལུགས་པར་སྡང་བོ་ཡོད་སྟབས་ཁོང་རྣམ་པ་གཉིས་ཐུགས་མི་མཐུན་ཚུལ་སོགས་དངོས་ཡོད་གནས་ཚུལ་ཡ་མཚན་པ་ཅི་རིགས་བྱུང་ཡོད་པ་དེ་དག་སྐབས་དེའི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆར་ཁུངས་བཅོལ་ཏེ་བསལ་བར་བྱ་བ་ལ།

དང་པོ། སྐབས་དེའི་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད།

དུས་རབས་བཅུ་བདུན་པའི་དུས་སྟོད་ལ་བོད་སྤྱི་ཚོགས་ཀྱི་ཆབ་སྲིད་ཆར་རླུང་དྲག་པོ་འཚུབ་པ་ལྟར་གྱུར་ཅིང་། ས་གནས་ཀྱི་སྟོབས་ཤུགས་ཁག་གིས་ཆོས་ལུགས་གྲུབ་མཐའ་མི་གཅིག་པའི་རྣམ་པ་བཟུང་སྟེ་ཕན་ཚུན་འཐབ་རེས་བྱེད་པ་ལས་གཞན། སོག་པོའི་ཚོ་བ་ཁག་གིས་ཀྱང་གྲུབ་མཐའ་མི་འདྲ་བ་སོ་སོ་དང་བསྡེབས་ཏེ་རང་གི་སྟོབས་ཤུགས་བོད་ལ་སིམ་འཛུལ་གང་ཐུབ་བྱས། ༡༦༡༨ལོར་ཀརྨ་བསྟན་སྐྱོང་དབང་བོས་ཕག་གྲུའི་སྲིད་དབང་དངོས་སུ་མགོ་རྟིང་བསློགས་ཏེ་ཀརྨ་པའི་སྲིད་དབང་དངོས་སུ་བཙུགས་ཤིང་། བོད་ཡོངས་ཀྱི་བདག་པོར་གྱུར། གཙང་པ་རྒྱལ་བོར་སྲིད་དབང་ཐོབ་རྗེས་རི་བོ་དགེ་ལྡན་པའི་བསྟན་པ་རྩ་མེད་དུ་གཏོང་ཆེད་བཙན་ཤེད་ཀྱིས་གྲུབ་མཐའ་བསྒྱུར་དུ་བཅུག་པ་དང་། གྲུབ་མཐའ་བསྒྱུར་མི་འདོད་པ་དག་དམར་གསོད་གཏོང་བ་སོགས་བྱས་ཤིང་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱས་མི་ཆོག་པའི་བཀའ་ཕབ། བྱེད་སྟངས་དེས་དགེ་ལུགས་པར་ཕོག་ཐུག་ཆེན་པོ་བྱུང་སྟེ་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་ཀྱིས་༡༦༢༡ལོར་སོག་པོ་ལྷ་བཙུན་བློ་བཟང་བསྟན་འཛིན་ལ་དམག་རོགས་ཡོང་བའི་རེ་བ་ཞུས་ནས་སོག་དམག་མང་པོ་དབུས་སུ་དྲངས་ཏེ་གཙང་པ་རྒྱལ་པོ་ཕམ་ཉེས་སུ་བཏང་།

   སྐབས་དེར་དགེ་ལུགས་པའི་བླ་སྤྲུལ་ཆེ་གྲས་ཁག་འགའ་ཤས་ཀྱིས་བར་འདུམ་བྱས་ནས་གཙང་པ་རྒྱལ་བོས་འཕྲོག་པའི་དགེ་ལུགས་པའི་མཆོད་གཞིས་རྣམས་ཚུར་སྤྲོད་དགོས་པ་དང་། གྲུབ་མཐའ་བསྒྱུར་པའི་དགོན་པ་རྣམས་བསྐྱར་གསོ་བྱེད་པ་སོགས་ཀྱི་ཁས་ལེན་མི་བྱེད་ཐབས་མེད་བཟོས། གཙང་པ་རྒྱལ་བོས་རང་ཉིད་ཕམ་པའི་སྡུག་ནད་མ་ཐེག་པར་སོག་པོའི་ལེན་ཏན་རྒྱལ་བོ་དང་བེ་རི་དོན་ཡོད་རྡོ་རྗེ་གཉིས་ལ་དམག་རོགས་ཞུས་ཏེ་ཡང་བསྐྱར་བོད་ཡོངས་རྫོགས་དབང་དུ་བསྒྱུར་པའིརེ་བ་བཅངས། གནས་ཚུལ་དེ་དབུས་སུ་ཁྱབ་རྗེས་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་དགེ་ལུགས་པའི་དབང་འཛིན་པ་དག་དངངས་སྐྲག་སྐྱེས་ཏེ་ཕོ་ཉ་མངགས་ནས་སོག་པོ་གུ་ཤྲཱི་ཧན་ལ་དམག་རོགས་བཅོལ། གུ་ཤྲཱི་ཧན་གྱིས་ཆ་ཧར་ལེན་ཏན་རྒྱལ་བོའི་བུ་ཨར་ས་ལང་བོད་དུ་བསྐྱོད་པའི་ལམ་བར་ཐུག་འཕྲད་བྱས་ནས་དགེ་ལུགས་པར་གནོད་སྐྱོན་གཏོང་མི་འོས་པ་སོགས་གླེང་མོལ་མང་ཙམ་བྱས་པས་ཁོའི་ལྟ་བ་འགྱུར་ཏེ་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་དགེ་ལུགས་པའི་རྒྱབ་ཕྱོགས་སུ་ལངས་ནས་གཙང་པ་རྒྱལ་བོའི་དམག་དཔུང་ལ་ཕར་རྒོལ་བྱས་ཤིང་། རྒྱལ་དབང་ལྔ་བ་ཆེན་པོར་མཇལ་ཁ་ཞུ་བ་སོགས་བྱས་ཏེ་ཕ་ཡི་བཀའ་མ་བརྩིས་པས། ཆ་ཧར་ལེན་ཏན་རྒྱལ་བོས་མི་མངགས་ནས་ཨར་ས་ལང་ལྐོག་བསད་བཏང་། དེའི་ཕྱི་ལོ་ནས་བཟུང་རིམ་བཞིན་གུ་ཤྲཱི་ཧན་གྱིས་སྟོབས་ཤུགས་རྒྱ་བསྐྱེད་པའི་མགོ་བརྩམས་ཏེ་ཤར་མཚོ་སྔོན་པོའི་འགྲམ་ནས་ནུབ་བོད་ཀྱི་བྱང་ངོས་ཚོ་བ་སུམ་ཅུ་སོ་དགུའི་ཁོངས་སུ་གཏོགས་པའི་བོད་དང་སོག་པོ་མཐའ་དག་དབང་དུ་བསྡུས་ཤིང་སྟོབས་ཤུགས་ཆེན་པོར་གྱུར།

དེ་ནས་གུ་ཤྲཱི་ཧན་གྱིས་བེ་རི་རྒྱལ་བོ་དོན་ཡོད་རྡོ་རྗེར་ཕར་རྒོལ་བྱས་ཏེ་སྲོག་ཐོག་ཏུ་བཏང་ཞིང་དེའི་མངའ་ཁོངས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་མཚོ་སྔོན་དུ་འགྲོ་ཁུལ་གྱིས་གློ་བུར་དུ་གཙང་པ་རྒྱལ་བོར་དམག་དྲངས་ཏེ་གཡོ་ཐབས་ཀྱིས་གཙང་པ་སྡེ་སྲིད་དམར་གསོད་དང་ཁོའི་སྲིད་དབང་རྩ་གཏོར་བཏང་།

གུ་ཤྲཱི་ཧན་གྱིས་གཙང་པ་རྒྱལ་བོའི་སྲིད་དབང་ཡོངས་སུ་འཕྲོགས་རྗེས༡༦༤༢ལོར་རྒྱལ་དབང་ལྔ་བ་ཆེན་པོར་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཕྱག་མཛོད་བསོད་ནམས་རབ་བརྟན་ལ་སྡེ་སྲིད་ཀྱི་གོ་གནས་བསྐོ་བཞག་བྱས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས། སྐབས་དེར་ཡང་གཙང་པ་རྒྱལ་བོའི་རྗེས་སུ་འབྲངས་པ་ཀརྨ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་ཀོང་པོ་ས་ཁུལ་གྱི་དགེ་ལུགས་པའི་དགོན་པ་མེར་བསྲེགས་པ་དང་། གྲྭ་བ་དམར་གསོད་གཏོང་བ་སོགས་བྱས་སྟབས་སྡེ་སྲིད་བསོད་ནམས་རབ་བརྟན་དང་། གུ་ཤྲཱི་ཧན་གྱིས་དམག་དྲངས་ནས་དྲག་མནོན་བྱས་ཤིང་། གཙང་བ་རྒྱལ་བོའི་རྗེས་འབྲངས་ཆེ་ཁག་དམར་གསོད་དང་རྒྱུ་ནོར་གཞུང་བཞེས་བཏང་བར་མ་ཟད། ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་མང་པོ་དགེ་ལུགས་པར་བསྒྱུར་བ་དང་།  ཁ་ཤས་གཏོར་བ་སོགས་བྱས་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་རྒྱ་བསྐྱེད་དང་སྲ་བརྟན་དུ་བཏང་། དེ་ནས་ལོ་གཉིས་ཀྱི་རྗེས་སུ་མན་ཆང་སྲིད་གཞུང་དབུ་བརྙེས་ཤིང་མན་ཆང་གོང་མ་ནི་སྟོབས་འབྱོར་མངའ་ཐང་དང་དྲག་ཤུགས་ཆེ་བ་ཕྱོགས་ཀུན་ཏུ་གྲགས་པས་རྒྱལ་དབང་ལྔ་བ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱིས་གུ་ཤྲཱི་ཧན་ལ་བཀའ་བགྲོས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་དང་དགེ་ལུགས་བསྟན་པ་དར་སྤེལ་དུ་གཏོང་བར་དགོངས་པ་རེད།

 གོ་སྐབས་དེར་བསྟུན་ནས་ཆིང་སྲིད་གཞུང་གིས་ཀྱང་སྲིད་ཀྱི་དགོས་མཁོར་གཞིགས་ཏེ་རྒྱལ་དབང་ལྔ་བ་ཆེན་པོ་དང་པཎ་ཆེན་རིན་པོ་རྒྱལ་ནང་དུ་གདན་འདྲེན་ཞུས་ཤིང་། ༡༦༤༢ལོར་རྒྱལ་དབང་ལྔ་བ་མཆོག་རྒྱལ་ནང་དུ་ཆིབས་ཁ་བསྒྱུར། དེའི་ཕྱི་ལོའི་ལྔ་མཆོད་སྐབས་ཕྱིར་ལྷ་སར་འབྱོར་ཞིང་། རྒྱལ་ནང་དུ་མན་ཆིང་གོང་མས་གསེར་གྱི་འཇའ་ས་དང་ཐམ་ག་སོགས་གནང་བར་མ་ཟད་ཆབ་སྲིད་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བར་བརྟེན། ཁོང་གི་མཚན་སྙན་སྔར་ལས་ཀྱང་ཇེ་ཆེར་གྱུར། དེར་བསྟུན་ནས་ཁོང་གིས་ཀྱང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་དགེ་ལུགས་པའི་བསྟན་པ་དར་སྤེལ་གཏོང་ཆེད། གཙང་པ་རྒྱལ་བོའི་རྗེས་འབྲངས་གཅིག་ཀྱང་མ་ལུས་པར་ཚར་བཅད་པ་དང་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གཏན་ལ་ཕབ་ཅིང་སྲིད་འཛིན་ལས་ཁུངས་འགའ་ཞིག་གསར་དུ་བཙུགས། དགེ་ལུགས་པའི་དགོན་སྡེ་ཁག་ལ་མཆོད་གཞིས་དང་མི་སེར་གནང་བ་དང་། དགོན་སྡེ་འགའ་ཞིག་ལ་ཁྲིམས་མགོ་རང་བཙན་གྱི་དབང་ཆ་ཡང་གནང་། དེའི་ཕྱི་ལོའི་ལོ་མཇུག(༡༦༥༤)ཏུ་གུ་ཤྲཱི་ཧན་ལ་ནད་བྱུང་སྟེ་ལྔ་ལམ་དུ་གྱུར་ཅིང་ཁོའི་བུ་བསྟན་འཛིན་དར་ཡན་གྱིས་ཁོའི་གོ་ས་བཟུང་། དུས་དེར་རྒྱལ་དབང་ལྔ་བ་མཆོག་མཁྱེན་རྒྱ་ཆེ་ལ་ཆབ་སྲིད་ཀྱི་མྱོང་བ་ཆེ་བ་དང་ལྷག་པར་མན་ཆིང་གོང་མ་ཆེན་པོས་ཆབ་སྲིད་ཐད་རྒྱབ་སྐྱོར་དང་དད་གུས་ཚད་མེད་པ་གནང་བ་སོགས་ཁོང་གི་མཚན་སྙན་ཕྱོགས་བཞིར་ཁྱབ་ཡོད་པ་དང་། གུ་ཤྲཱི་ཧན་ཚེ་ཡི་འཕེན་པ་རྫོགས་སྟབས་རྒྱལ་དབང་མཆོག་སྐུ་དབང་ལྷག་པར་ཆེ་བར་གྱུར་ཏེ་སོག་པོས་བོད་དུ་འཛིན་པའི་དམིགས་བསལ་དབང་ཆར་གཡོ་འགུལ་ཆེན་པོ་ཐེབས་པས། བོད་སོག་གི་དབང་སྒྱུར་བར་འགལ་བའི་མྱུ་གུ་འབུས་མགོ་བརྩམས་སོ། །

༡༦༦༨ལོར་གུ་ཤྲཱི་ཧན་གྱི་བུ་བསྟན་འཛིན་དར་ཡན་ཚེ་ཡི་འཕེན་པ་རྫོགས་ཏེ་ཁོའི་གཅུང་བོ་དཱ་ལའི་ཧན་ཁྲིར་བསྐོས། རྒྱལ་དབང་ལྔ་བ་མཆོག་གིས་བོད་ཀྱི་ཆོས་སྲིད་ཀྱི་བདག་པོ་གནང་བའི་རིང་ལའང་སྲིད་དོན་གྱི་འགྱུར་བ་དང་བསྟུན་ནས་སྡེ་སྲིད་བསོད་ནམས་རབ་བརྟན་ནས་ལོ་ངོ་༣༧རིང་ལ་སྡེ་སྲིད་ལྔ་བརྗེ་ལེན་དང་སྐུ་ཚེ་ལ་བར་ཆད་བྱུང་སྟེ། ༡༦༧༩ལོར་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་མཆོག་སྡེ་སྲིད་ཀྱི་ཁྲིར་མངའ་གསོལ། སྟབས་མི་ལེགས་པ་ཞིག་ལ་སངས་རྒྱས་རྒྱ་མཚོ་མཆོག་སྡེ་སྲིད་ཀྱི་ཁྲིར་བཀོད་དེ་ལོ་ངོ་གཉིས་ཀྱི་རྗེས་སུ་༼༡༦༨༢༽ལོར་རྒྱལ་དབང་ལྔ་བ་མཆོག་སྐུ་གཤེགས་ཤིང་། སྐབས་དེ་ནི་སོག་པོའི་དབང་སྒྱུར་པ་དང་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གཉིས་བར་འགལ་བ་ཇེ་ཆེར་འགྲོ་བཞིན་པའི་སྒང་ཡིན།

དེ་ལྟ་བུའི་སྲིད་དོན་རྙོག་འཛིང་ཆེན་པོའི་གནས་ཚུལ་ལ་བརྟེན། སྡེ་བ་སངས་རྒྱས་རྒྱ་མཚོ་མཆོག་གིས་སྡེ་སྲིད་ཀྱི་འགན་བཞེས་པ་དང་། གོང་དུ་བཀོད་ཟིན་པ་ལྟར་དཀའ་ཚེགས་ཆེན་པོས་འཛུགས་སྐྲུན་མཛད་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་མི་ཉམས་ཡུན་གནས་དང་བརྟན་སྲུང་བྱེད་པའི་འགན་ཁོང་གི་ཕྲག་སྟེང་དུ་བབ་ཅིང་། དགའ་ལྡན་ཕོ་བྲང་འཛུགས་པར་བྱས་རྗེས་ཆེ་ཤོས་སོག་པོ་གུ་ཤྲཱི་ཧན་གྱི་བུ་རྒྱུད་དང་དགྲ་ཟླར་གྱུར་ཡོད་པ་མ་ཟད། སོག་པོའི་དབང་སྒྱུར་པའི་བོད་ཀྱི་དམིགས་བསལ་དབང་ཆར་ཐེ་གཏོགས་བྱེད་པ་ལ་ཐད་ཀར་ཚོད་འཛིན་བྱེད་ཐུབ་པའི་རྒྱལ་དབང་ལྔ་བ་མཆོག་སྐུ་མྱ་ངན་ལས་འདས་པ་བཅས་བྱུང་བ་རེད།

སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་མ་འོངས་སྔོན་དཔག་གིས། གལ་ཏེ་རྒྱལ་དབང་ལྔ་བ་མཆོག་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་དངོས་སུ་ཁྱབ་བསྒྲགས་བྱས་ན་རྒྱལ་དབང་ལྔ་བ་དང་ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་ཀྱིས་ནུས་ཤུགས་ཡོད་དགུས་བཙུགས་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཡུན་བརྟན་འོང་མི་སྲིད་པ་དང་། བོད་ཀྱི་སྲིད་དབང་ལ་ཧམ་སེམས་འཆང་པའི་སོག་པོའི་དབང་སྒྱུར་པར་བོད་ཀྱི་སྲིད་དབང་ཡོངས་སུ་འཕྲོག་པའི་གོ་སྐབས་བཟང་བོ་བྱུང་ཡོད་པར་མ་ཟད། དེར་བསྟུན་ནས་ཁོ་ཚོས་སྲིད་དབང་འཕྲོག་ངེས་པ་དང་རང་ཉིད་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་ཡོད་པར་རྟོགས་ཏེ་རྒྱལ་དབང་ལྔ་བ་མཆོག་གི་དགོངས་པ་བཞིན་ལོ་༡༤བར་གསང་རྒྱ་མཛད། ལོ་ངོ་དེ་དག་གི་རིང་ལ་གསང་བའི་སྒོ་ནས་རྒྱལ་དབང་ལྔ་བའི་ཡང་སྲིད་བཙལ་བར་མ་ཟད། ༡༦༡༦ལོར་རྒྱལ་དབང་ལྔ་བ་སྐུ་གཤེགས་པའི་གདུང་མཆོད་དང་ཡང་སྤྲུལ་ཚངས་དབྱངས་རྒྱ་མཚོ་གདན་སར་བཀོད་པའི་དུས་སྟོན་གཉིས་སྟབས་གཅིག་ཏུ་བྱས་ཏེ་སོག་པོས་དབང་སྒྱུར་པར་རྒྱལ་དབང་སྐུ་གཤེགས་པ་དང་ཡང་སྤྲུལ་གསེར་ཁྲིར་མ་བཀོད་པའི་བོད་ཀྱི་སྲིད་དབང་འཕྲོག་པ་དང་ཐེ་གཏོགས་བྱེད་པའི་གོ་སྐབས་མེད་པར་བཟོས། དེའི་ཕྱི་ལོར(༡༦༩༧)དཀོན་མཆོག་དཱ་ལའི་ཧན་ཚེ་ཡི་འཕེན་པ་རྫོགས་ཏེ་ཁོའི་བུ་ལྷ་བཟང་ཧན་ཁྲིར་བསྐོས།

ལྷ་བཟང་ཧན་ནི་ཁོའི་ཕ་མེས་གང་ལས་ཀྱང་སྲིད་དབང་ལ་ཧམ་སེམས་ཆེས་ཆེ་བ་ཞིག་ཡིན་སྟབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ཁོས་བོད་ཀྱི་སྲིད་དབང་ཡོངས་སུ་འཕྲོག་པར་མིག་ནང་གི་གྲ་མར་མཐོང་། ཡིན་ནའང་། སྡེ་སྲིད་མཆོག་ནི་རིག་པའི་གནས་མཐའ་དག་ལ་མཁས་པའི་པཎྚི་ཏ་ཆེན་པོ་ཡིན་པ་མ་ཟད། སྐྱེས་ཐོབ་ཀྱི་ཤེས་རབ་ཀྱང་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ལ་ཆབ་སྲིད་ཀྱི་བྱ་བར་བྱང་ཆུབ་པ་ཞིག་ཡིན་པས་ཁོའི་ཞེ་འདོད་བདེ་བླག་ཏུ་འགྲུབ་མི་ཐུབ་པ་སྨོས་ཅི་དགོས། ལྷག་པར་དུ་སངས་རྒྱས་རྒྱ་མཚོ་མཆོག་གིས་སྡེ་སྲིད་ཀྱི་འགན་བཞེས་ཡོད་པར་མ་ཟད། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཚན་སྟེང་ནས་བོད་ཀྱི་སྲིད་དབང་ཡོངས་སུ་ཁ་ལོ་བསྒྱུར་སྟབས་ལྷ་བཟང་ཧན་བྱ་དཀའི་བྱེད་གཏད་དུ་གྱུར་ཅིང་། ཁོའི་ཞེ་འདོད་འགྲུབ་དགོས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་རྩ་མེད་དུ་གཏོང་དགོས་པ་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཡང་སྡེ་སྲིད་ཀྱིས་གཉོར་སྐྱོང་མཛད་དེ་རྒྱལ་དབང་གི་གསེར་ཁྲིར་བཀོད་པ་ཡིན་པས་ཁོང་ཡང་ཁོའི་བློ་མི་བདེ་བའི་ཁོང་ནད་དུ་གྱུར།

དེར་བརྟེན། ལྷ་བཟང་ཧན་གྱིས་ཁོང་རྣམ་གཉིས་ལ་སྐྱོན་འདོགས་ཀྱི་འཆལ་གཏམ་མང་དུ་བཀྲམ་པ་དང་གཡོ་ཐབས་ཀྱིས་ཁོང་གཉིས་ཁྲི་ལས་འབེབ་རྒྱུའི་འཆར་གཞི་བཀོད་མོད། འོན་ཀྱང་། སངས་རྒྱས་ཆོས་ལུགས་ལ་སྒོ་གསུམ་ཡོངས་སུ་དད་པའི་བོད་སོག་རྒྱལ་ཁམས་དབང་དུ་བསྡུ་དགོས་ན་སངས་རྒྱས་ཆོས་ལུགས་ལ་མི་བརྟེན་ཐབས་མེད་ཡིན་ཕྱིར། ཁོས་ཐོག་མར་སྐབས་དེར་སྙན་གྲགས་ཆེ་བའི་བླ་སྤྲུལ་འགའ་རེའི་སྦྱིན་བདག་བྱེད་དགོས་བྱུང་། དུས་དེར་སྙན་གྲགས་ཆེ་ཤོས་དང་གོ་གནས་མཐོ་ཤོས་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་ཡིན་མོད། ཁོང་དང་སྡེ་སྲིད་ལ་ལྷ་བཟང་ཧན་གྱིས་ཁྭ་ཏ་འུག་པའི་འཁོན་དུ་བལྟས་ཏེ་ཁོའི་དགྲ་བོའི་དྭངས་མར་གྱུར་པས། ཁོང་ཁོའི་བླ་མར་བསྟེན་ཐབས་གཏན་ནས་མེད་པས། ཁོས་དེ་ལས་དྲག་གྲས་གཞན་འགའ་ཞིག་ལ་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་བཙུགས་པ་རེད།

གཉིས་པ། ཆོས་ལུགས་གྲུབ་མཐར་ཁ་གཡར་བའི་སྲིད་དོན།

  བོད་ཀྱི་སྲིད་དབང་ལ་མིག་ཀུན་ནས་གདངས་པའི་ལྷ་བཟང་ཧན་གྱིས་རང་གི་འདོད་དོན་འགྲུབ་ཆེད་ཁབ་སྙུང་གང་འགྲོས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྐྱོན་འཛུགས་བྱས་ཏེ་ཁོང་དགེ་ལུགས་པར་སྡང་པོ་ཡོད་ཚུལ་དང་། རྙིང་མ་དང་ཀརྨ་པར་དད་འདུན་ཆེ་ཚུལ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱལ་མཆོག་ལྔ་བ་ཆེན་པོའི་ཡང་སྲིད་མ་ཡིན་པ་སོགས་འཆལ་གཏམ་མང་དུ་སྤེལ་བར་མ་ཟད། མན་ཆིང་གོང་མར་ཡང་དེ་ལུགས་ཀྱི་ཞུ་ཡིག་ཕུལ། དེ་དག་ཐམས་ཅད་སྲིད་དབང་འཕྲོག་ལེན་བྱེད་ཆེད་སྡེ་སྲིད་ཀྱི་སྟོབ་ཤུགས་ཁ་བྲལ་དུ་གཏོང་ཕྱིར་སྤེལ་བ་ཞེ་གཅིག་ཡིན་ནའང་། སྙད་འདོགས་བྱེད་སའི་གཞི་འཛིན་སའམ་ཁུངས་སྣེ་ཆུང་ངུ་རེ་ཡོད་པ་ཡིན་ཏེ། རྒྱལ་དབང་ལྔ་བ་སྐུ་གཤེགས་རྗེས་ལོ་ངོ་བཅུ་བཞིར་གསང་རྒྱ་མཛད་པ་དང་ཡང་སྲིད་ལྐོག་ཏུ་བཙལ་བ་ལ་བརྟེན་ནས་སྤྲུལ་སྐུ་རྫུན་མ་ཡིན་ཚུལ་གྱི་སྒྲོ་འདོགས་བྱེད་སའི་ ཁུངས་སྣེ་བྱུང་བ་དང་། སྡེ་སྲིད་མཆོག་བོད་རང་གི་སྲིད་ཀྱི་བདག་པོ་ཡིན་པས་གོང་ས་ལྔ་བ་ཆེན་པོའི་ལུགས་སྲོལ་བཞིན་ཆོས་ལུགས་གྲུབ་མཐའ་རིས་མེད་མཛད་པ་ལ་བརྟེན་དགེ་ལུགས་པར་སྡང་བོ་ཡོད་པ་དང་རྙིང་མ་པ་དང་ཀརྨ་པར་དད་འདུན་ཆེ་ཚུལ་གྱི་སྒྲོ་འདོགས་བྱེད་སའི་ཁུངས་སྣེ་བྱུང་། བཤད་ལུགས་དེས་ཤུགས་རྐྱེན་ཐེབས་ཏེ་ལོ་རྒྱུས་དཔེ་དེབ་འགར་དེ་ལྟར་བྲིས་ཡོད་པ་དང་ད་ལྟ་འང་དེ་ལྟར་བཤད་མཁན་ཡོད་འདུག །

དེ་ལྟར་ཡིན་ནའང་། མཁྱེན་རྒྱ་རབ་ཏུ་ཆེ་ཞིང་ཆབ་སྲིད་ཀྱི་མྱོང་བ་ལྷག་པར་ཆེ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུར་མཚོན་ན། རང་ཉིད་ཀྱིས་སྡེ་སྲིད་ཀྱི་འགན་བཞེས་ཡོད་པས་ཐུན་མོང་སྣང་ངོར་གྲུབ་མཐའ་རིས་མེད་གནང་དགོས་པ་གལ་ཆེན་དུ་མཐོང་ཡང་། གྲུབ་མཐའི་ལིང་ཏོག་གིས་བསྒྲིབས་པའི་མིག་ཅན་དག་ལ་དེ་ལྟར་ག་ལ་ཡིན།

སྤྱིར་བཤད་ན། དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་གཡོ་འཕྲོག་བྱེད་པའི་འཐབ་རྩོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ནི་ཆོས་ལུགས་གྲུབ་མཐའི་ཁེ་ཕན་ཁ་ལ་འཁྱེར་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་ཐབས་བྱེད་པ་ཡིན་ཏེ། ལྷ་བཟང་ཧན་གྱིས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་འདི་བཟུང་སྟེ་སྡེ་སྲིད་ལ་མདུང་རྩེར་ཐད་ཀར་གཏད་པ་དང་། གུ་ཤྲཱི་ཧན་གྱིས་བོད་སོག་དབང་དུ་བསྡུ་སྐབས་ཀྱང་བྱེད་ཐབས་འདི་ལག་བསྟར་བྱས་ཡོད་པ་གོར་མ་ཆག་སྟེ། ཁོས་ཀྱང་དགེ་ལུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དོན་ཡང་དེ་ལས་མ་འདས་སྙམ། དུས་དེར་བོད་སོག་གི་མི་དམངས་ཕལ་ཆེ་བས་དགེ་ལུགས་པར་དད་པ་བྱེད་པ་དང་། དགེ་ལུགས་པའི་སྙན་གྲགས་ཉིན་རེ་ལས་ཉིན་རེ་འབར་བཞིན་ཡོད་པ་དང་། བསྟན་པ་ཕྱོགས་བཞིར་འཕེལ་བཞིན་པའི་དུས་ཡིན་སྟབས། དེས་རྒྱབ་སྐྱོར་བྱས་ན་བོད་སོག་གི་འབངས་མི་མང་ཆེ་བས་བརྩི་བཀུར་ཞུ་ངེས་པ་དང་འབངས་མི་མང་ཆེ་བས་བརྩི་བཀུར་བྱས་ན་ཡུལ་ཁམས་དབང་དུ་བསྒྱུར་པར་དཀའ་ངལ་ཆེན་པོ་མེད་པས་ཡིན།

དེའི་ཚུལ་ནི། དེབ་ཐེར་ཀུན་གསལ་མེ་ལོང་ལས། ཆན་ལུང་གོང་མས་བརྩམས་པའི་བླ་མའི་རྣམ་བཤད་ཅེས་པའི་ནང་གསལ་བོར་བཀོད་དོན། ཕྱི་ནང་གི་དགེ་ལུགས་གཙོ་བོ་ནི་མི་འདི་གཉིས་༼ཏཱ་ལའི་དང་པཎ་ཆེན༽ཡིན་གཤིས་མོང་གོལ་སྡེ་ཁག་རྣམས་དབང་དུ་བསྡུ་དགོས་ན་དགེ་ལུགས་པའི་ཆོས་ལུགས་སྤེལ་ནས་དེ་དག་བདེ་གནས་འོང་བ་བྱེད་དགོས་པ་ནི་བྱ་བ་ཆུང་ངུ་ཞིག་མ་ཡིན།

དེར་བརྟེན་དགེ་ལུགས་པའི་ཆོས་ལུགས་ལ་སྲུང་སྐྱོབ་མི་བྱེད་ཐབས་མེད་ཡིན། ཞེས་གསལ་བ་ལྟར། དབང་སྒྱུར་གྲལ་རིམ་གྱིས་ཆོས་དད་མི་དམངས་ལ་ཆོས་ལུགས་བེད་སྤྱད་ནས་དབང་སྒྱུར་བྱེད་པ་ཧ་ཅང་གསལ། དེས་ན་མན་ཆིང་གོང་མས་རྒྱལ་དབང་ལྔ་བ་ཆེན་པོ་རྒྱལ་ནང་དུ་གདན་འདྲེན་ཞུས་ཏེ་བསུ་བ་བློར་མི་ཤོང་བ་མཛད་པ་དང་། གོང་མ་ཆེན་པོ་ཁྲི་ལས་བབས་ཏེ་བསུ་མར་ཕེབས་པ། ཕོ་བྲང་གི་དབུས་སུ་གོང་མའི་ཁྲི་ལས་ཅུང་དམའ་བའི་ཁྲིར་བཞུགས་སུ་བཅུག་པ་སོགས་ཀྱང་སྲིད་ཀྱི་དམིགས་ཡུལ་ལམ་དགོས་མཁོ་འབའ་ཞིག་ཡིན་པ་ལྟ་བུའོ། །

འོ་ན་ལྷ་བཟང་ཧན་དང་ཁོའི་མེས་པོ་གུ་ཤྲཱི་ཧན་སོགས་སོག་པོའི་དབང་སྒྱུར་པ་དེ་དག་ཆོས་ལུགས་ལ་དད་པའི་དྲི་མི་བྲོའམ་ཞེ་ན། དེ་ལྟར་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་མོད། སྒོ་གསུམ་སྲིད་ཀྱི་བྱ་གཞག་ལ་ཀུན་ནས་གཞོལ་བའི་སྲིད་འཛིན་པ་ཞིག་གིས་འཇིག་རྟེན་ཕྱི་མའི་དོན་ལས་ཚེ་འདིའི་ཕུན་ཚོགས་སྲིད་འབྱོར་སྙན་གྲགས་ལ་བརྩོན་པ་ནི་གོང་དུ་དྲངས་པའི་ལུང་དེ་དང་སྔོན་གྱི་ལོ་རྒྱུས་དོན་དངོས་མང་པོས་ར་སྤྲོད་བྱས་ཟིན་པ་ཡིན།

གཞན་ཡང་། ལྷ་བཟང་ཧན་གྱིས་པཎ་ཆེན་སྐུ་ཕྲེང་ལྔ་བ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་རྣམ་གཉིས་བླ་མར་བརྟེན་དོན་ཡང་གོང་སྨྲས་སྲིད་ཀྱི་དམིགས་ཡུལ་ལས་མ་འདས་པ་ཡིན། དེ་ཡིན་པའི་གཏན་ཚིགས་ནི། ལྷ་བཟང་ཧན་གྱི་ཕ་མེས་ཀྱིས་རྒྱལ་དབང་ལྔ་བ་རིན་པོ་ཆེ་བླ་མར་བཀུར་པ་ཡིན་ཡང་ཁོས་ཁོང་གི་ཡང་སྲིད་བླ་མར་མི་བཀུར་བ་ཅི་ཞིག་ཡོད། ཞིབ་ཏུ་བརྟགས་ན་ལྷ་བཟང་ཧན་ལའང་ཁག་ནི་མི་འདུག་སྟེ། རྒྱལ་དབང་ལྔ་བ་རིན་པོ་ཆེའི་ཡང་སྲིད་ཚངས་དབྱངས་རྒྱ་མཚོ་མཆོག་སྡེ་སྲིད་ཀྱིས་གཉོར་སྐྱོང་བྱས་ནས་གདན་སར་བཀོད་པ་དང་། ཡོངས་འཛིན་གྱི་འགན་བཞེས་ཏེ་ཁོང་གི་མཚན་སྟེང་ནས་བོད་ཀྱི་སྲིད་དབང་ཁ་ལོ་བསྒྱུར་པ་ཡིན་པས་སྲིད་དོན་གྱི་འགྱུར་བ་དང་བསྟུན་ནས་དད་པ་མི་བསྒྱུར་ཐབས་མེད་བྱུང་བ་ལོས་ཡིན། འོན་ཀྱང་བོད་སོག་དབང་དུ་བསྒྱུར་བསམ་ན་སངས་རྒྱས་ཆོས་ལུགས་ལ་བརྟེན་དགོས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་ལས་དགེ་ལུགས་པ་དར་ཁྱབ་ཆེ་བ། དགེ་ལུགས་པའི་བླ་སྤྲུལ་ལམ་མཁས་པའི་ཁྲོད་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལས་གཞན། པཎ་ཆེན་རིན་པོ་ཆེ་དང་སྒོ་མང་མཁན་པོ་ངག་དབང་བརྩོན་འགྲུས་རྣམ་གཉིས་སྙན་གྲགས་ཆེ་བ་དེ་ཁོས་རྟོགས་ཡོད་པ་རེད། དེའི་ཕྱིར་ལྷ་བཟང་ཧན་གྱིས་དགེ་ལུགས་པ་ཁོའི་རྒྱབ་དཔུང་དུ་འགུག་ཆེད་ཕྱི་ཚུལ་གྱིས་དགེ་ལྡན་བསྟན་པར་དད་པ་ཆེ་ཁུལ་བྱས་ནས་པཎ་ཆེན་རིན་པོ་ཆེ་དང་སྒོ་མང་བླ་མ་ངག་དབང་བརྩོན་འགྲུས་རྣམ་གཉིས་ཀྱི་སྦྱིན་བདག་བྱས། དེས་དགེ་ལུགས་བསྟན་པའི་སྦྱིན་བདག་གི་ཚུལ་གྱིས་སྡེ་སྲིད་དགེ་ལུགས་པར་སྡང་བོ་ཡོད་པར་ཁ་གཡོར་ས་བཙལ་ཏེ། དགེ་ལྡན་བསྟན་པ་སྤེལ་བའི་དར་ཆ་བསྒྲེངས་ཤིང་གོ་སྐབས་དེར་བསྟུན་ནས་སྡེ་སྲིད་ཀྱི་སྲིད་དབང་དངོས་སུ་འཕྲོག་མགོ་བརྩམས།

སྐབས་འགར་ཁོ་དགེ་ལུགས་པར་དད་ཚུལ་གྱི་གཡོ་སྒྱུའི་ཁུག་མ་རལ་ལ་ཁད་པ་འང་བྱུང་འདུག་སྟེ། ཀུན་མཁྱེན་རྣམ་ཐར་སྐལ་བཟང་འཇུག་ངོགས་ཞེས་པ་དང་རྣམ་ཐར་བཙན་པོ་མ་ཞེས་གྲགས་པ་གཉིས་ལས་ལྷ་བཟང་གིས་ཀུན་མཁྱེན་རིན་པོ་ཆེར་སེ་ར་སྨད་པ་འདིས་སྔ་སོར་ང་ལ་ཡག་པོ་མ་བྱས་པས་ལས་སྣེ་རྣམས་བསད་ནས་གྲྭ་ཚང་གཏོར་རྒྱུ་ཡིན་ཟེར་བ་ལ། སྒོ་མང་བླ་མས་ཁྱོད་དགེ་ལུགས་ཀྱི་སྦྱིན་བདག་བྱས་ནས་དགེ་ལུགས་ཀྱི་གྲྭ་ཚང་ཆེན་པོ་ཞིག་གཏོར་སྲོལ་ཡོད་དམ་གསུངས་ནས་ངོ་ཆེན་མཛད་པས་བཀའ་བཞིན་བསྒྲུབས་ཤིང་ལས་སྣེ་རྣམས་སྲོག་ཆད་ལས་གྲོལ་ཞེས་འབྱུང་བ་དེས་ལྷ་བཟང་ཧན་དགེ་ལུགས་པར་སྙིང་ནས་དད་པ་ཡོད་མེད་དོན་གྱིས་མཚོན་ཡོད།

༡༧༠༣ལོའི་སྨོན་ལམ་ཆེན་མོའི་སྐབས་སུ་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཞབས་འབྲིང་འགའ་ཞིག་དམར་གསོད་བཏང་ནས་ཆེད་དུ་གླགས་བཙལ་ཏེ་དམག་འཁྲུག་བསླངས་ཤིང་། དེར་སེ་འབྲས་དགེ་གསུམ་གྱི་འཐུས་མི་དང་སྒོ་མང་བླ་མས་འདུམ་འགྲིག་མཛད་དོན་དུ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་ལས་འབབ་རྒྱུ་དང་ཁོང་གི་སྲས་ངག་དབང་རིན་ཆེན་གྱིས་སྡེ་སྲིད་ཀྱི་འགན་འཛིན་རྒྱུ་སོགས་གཏན་འཁེལ་མཛད་པས་རེ་ཞིག་བར་འདུམ་ལ་བརྩི་བཀུར་ཞུ་ཚུལ་བྱས་ཀྱང་། ༡༧༠༥ལོར་ཁོས་སླར་ཡང་དམག་འཁྲུག་བསླངས་སྟབས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་སྒོ་མང་བླ་མ་ངག་དབང་བརྩོན་འགྲུས། ལ་མོ་ཆོས་རྗེ། སེ་འབྲས་དགེ་གསུམ་གྱི་འཐུས་མི་བཅས་ཀྱིས་སླར་ཡང་བར་འདུམ་མཛད་ཅིང་། སྡེ་སྲིད་ཟུར་བ་སངས་རྒྱས་རྒྱ་མཚོ་ལྷ་སར་བཞུགས་མི་ཆོག་པར་གོང་དཀར་གཞིས་ཐོག་ཏུ་ཕེབས་རྒྱུ་དང་། ལྷ་བཟང་ཧན་རང་ཡུལ་དུ་ཕྱིར་ལོག་རྒྱུ་གཏན་འབེབ་བྱས་ཏེ་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་མནའ་ཐོ་བཙུགས །

གཡོ་ཅན་ལྷ་བཟང་ཧན་གྱིས་རང་ཡུལ་དུ་ཕྱིར་ལོག་ཁུལ་གྱིས་ནག་ཆུར་བསླེབས་རྗེས་དམག་དཔུང་བསྐྱར་བསྒྲིགས་ཐོག་ལམ་ཁག་གཉིས་ནས་དམག་དྲངས་སྟབས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྟོད་ལུང་སྣང་རྩེར་ལྷ་བཟང་གི་བཙུན་མོ་ཚེ་རིང་བཀྲ་ཤིས་ཡོད་སར་ཕེབས་ནས་ཁོ་མོ་བརྒྱུད་ལྷ་བཟང་ཧན་ལ་ངོ་ཆེན་འོང་བའི་རེ་བ་བཅངས་ཀྱང་། བསམ་ཡུལ་ལས་འདས་པར་ལམ་སང་བསྡམ་བཀྱིག་བྱས་ཏེ་སྐུ་བཀྲོངས་སོ། །

སྡེ་སྲིད་སྟོད་ལུང་སྣང་རྩེར་ཕེབས་པའི་གནས་ཚུལ་སྒོ་མང་བླ་མས་གསན་འཕྲལ་ཁོང་གི་ཚེ་སྲོག་ལ་ཉེན་ཁ་མེད་དམ་དགོངས་ནས་ཁོང་དང་སེ་འབྲས་དགེ་གསུམ་གྱི་མི་སྣ་རྣམས་ངོ་ཆེན་དུ་ཕེབས། ཡིན་ནའང་ཁོང་ཚོ་མ་འབྱོར་གོང་སྡེ་སྲིད་སྐུ་བཀྲོངས་ཟིན་པ་རེད །

དེ་ལྟ་ནའང་ཁ་ཤས་ཤིག་གིས་སྒོ་མང་བླ་མ་དང་སྡེ་སྲིད་རྣམ་གཉིས་ཐུགས་མི་མཐུན་པ་ཡིན་པས་སྒོ་མང་བླ་མས་སྡེ་སྲིད་སྐུ་བཀྲོངས་པར་ཞུ་ངོ་མ་བྱས་པ་དང་། ཁོང་གིས་ཞུ་ངོ་བྱས་ཡོད་ཚེ་སྡེ་སྲིད་བཀྲོངས་མི་སྲིད་པ་ཡིན་པ་སོགས་སྨྲས་ཏེ་སྡེ་སྲིད་བཀྲོངས་པའི་ཞྭ་མོ་སྒོ་མང་བླ་མའི་མགོར་བསྐོན་པ་ནི་སྐབས་དེའི་ཆོས་ལུགས་ཁ་ལ་ཁྱེར་བའི་སྲིད་དབང་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་མཁན་ཚོའི་བྱ་སྤྱོད་ཀྱི་མཐིལ་མ་རྟོགས་པ་དང་། སྐབས་དེའི་ལོ་རྒྱུས་དོན་དངོས་ལ་གསལ་ཆ་མེད་པའི་དན་རྟགས་ཏེ། སྡེ་སྲིད་བཀྲོངས་ཏེ་ཁོའི་སྲིད་དབང་འཕྲོག་རྒྱུ་ནི་ལྷ་བཟང་ཧན་གྱི་མཐར་ཐུག་གི་དམིགས་ཡུལ་ཡིན་པའི་ཕྱིར་རོ ། །

ཡང་ཁ་ཅིག་གིས་སྒོ་མང་བླ་མ་སྡེ་སྲིད་སྐུ་མ་བཀྲོངས་པའི་སྔོན་ལ་འབྱོར་ཡོད་ན་སྡེ་སྲིད་བཀྲོངས་མི་སྲིད་ཟེར་ཡང་ཕྲན་གྱིས་བསམ་ན་དེ་ལྟར་འོང་མི་སྲིད་སྙམ། རྒྱུ་མཚན་ནི། སེ་འབྲས་དགེ་གསུམ་གྱི་འཐུས་མི་བཅས་ཀྱིས་ཁོའི་རྩ་བའི་བླ་མ་རྒྱལ་མཆོག་ལྔ་བ་ཆེན་མོའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་མནའ་བཅད་ཐོ་བཙུགས་པའང་ཅི་མི་སྙམ་པར་ཁ་དན་ཚིག་ལ་མི་གནས་ན་དེ་ལྟར་འོང་ག་ལ་སྲིད། སྡེ་སྲིད་བཀྲོངས་པ་ནི་བརྒྱ་བཤད་སྟོང་ལ་བསྒྱུར་ཀྱང་ཡོས་ལ་འོང་རྒྱུ་རྩམ་པ་སྟེ། སུས་ཀྱང་ལྡོག་ཐབས་མེད་པའི་ལྷ་བཟང་གི་ཞེ་འདོད་དུ་ངེས། ཡིད་ཕངས་པ་ཞིག་ལ་སྒོ་མང་བླ་མ་སྡེ་སྲིད་མ་བཀྲོངས་པའི་སྔོན་ལ་འབྱོར་ཡོད་ཚེ་ལྷ་བཟང་ཧན་གྱིས་ཁོང་གི་ཞལ་གསུང་བརྩི་མིན་དང་ཁོ་བོད་ཀྱི་སྲིད་དབང་ལ་རྔམས་པའི་གདོང་རིས་གསལ་རྗེན་དུ་ཐོན་པར་གདོན་མི་ཟ་ནའང་། དེ་ལྟར་མ་བྱུང་བ་སྔོན་ལས་བཙན་པོའི་ངོ་སྐལ་དུ་ངེས །

སྡེ་སྲིད་བཀྲོངས་པའི་ཕྱི་ལོར་ལྷ་བཟང་ཧན་གྱིས་སྔར་ཁོས་སྤེལ་བའི་འཆལ་གཏམ་དེ་དག་གཞི་འཛིན་སར་བྱས་ཏེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་ལས་ཕབ་ཅིང་རྒྱལ་ནང་དུ་གདན་འདྲེན་བྱས་ནས་ལྷ་བཟང་ཧན་རང་གི་བཀའ་ལྟར་པཎ་ཆེན་རིན་པོ་ཆེ་དང་ཆོས་སྐྱོང་ཁག་སོ་སོ་ལ་བརྟག་པ་བྱས་ནས་ངོས་བཟུང་བའི་ཁམས་ནས་འཁྲུངས་པའི་ཕྲུ་གུ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་མིང་བཏགས་ཏེ་གསེར་ཁྲིར་མངའ་གསོལ། ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོངས་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་གསེར་ཁྲིར་བཀོད་རྗེས་བོད་ཀྱི་སྲིད་དབང་ཡོངས་སུ་འཛིན་ཐུབ་པར་རློམ་ནའང་། བྱེད་སྟངས་དེ་དག་གིས་གོང་མོ་སྐམ་དུ་བཟུང་ནས་ཕ་གཞིས་རྒྱབ་ཏུ་བསྐྱུར་པ་སྟེ། ཡུད་ཙམ་ལ་ཁོར་བོད་ཀྱི་སྲིད་དབང་འཛིན་པའི་གོ་སྐབས་བྱུང་ནའང་། བོད་འབངས་ཀུན་གྱིས་ཁོའི་གཡོ་སྒྱུའི་མཐིལ་གསལ་བོར་རྟོགས་ཏེ་ཁོས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་པར་འཁོན་འཛིན་ཆེན་པོ་བཅངས་པ་དང་། ཇུན་གར་པ་བོད་དུ་འཛུལ་སྐབས་ཁོར་རྒྱབ་སྐྱོར་བྱེད་མཁན་མེད་པ་ཆགས་ཏེ་ཁོ་རང་གཡུལ་ཕམ་པའི་རྒྱུ་རྐྱེན་དུ་གྱུར། དེ་ལྟར་ལྷ་བཟང་ཧན་གྱིས་བོད་ཀྱི་སྲིད་དབང་ཡོངས་སུ་འཕྲོག་ཆེད་གཡོ་ཇུས་རབས་དང་རིམ་པར་སྤེལ་ཏེ་འཆལ་གཏམ་གང་མང་དུ་བཀྲམ་པ་མ་ཟད། ཁོའི་རྒྱབ་དཔུང་དུ་དགེ་ལུགས་པ་འགུག་ཆེད་ཕྱི་ཚུལ་གྱིས་པཎ་ཆེན་སྐུ་ཕྲེང་ལྔ་བ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཀྱི་སྦྱིན་བདག་བྱས་སོ། །

གསུམ་པ། དུས་ཟིང་ནང་གི་དམ་པ་གཉིས་ཀྱི་མཉེས་གཤིན།

གོང་སྨྲས་ལྟར། ཁ་གཏད་དུ་གྱུར་པའི་སྟོབས་ཤུགས་ཕྱོགས་གཉིས་ཀྱིས་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་དེ་ལྟ་བུའི་ནང་དུ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ལྷ་བཟང་ཧན་གྱི་དགྲ་བོའི་དྭངས་མ་ཡིན་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་ཁོའི་ཕྱི་ཚུལ་གྱི་བླ་མ་ཡིན། རང་ཅག་གིས་སྲོལ་རྒྱུན་ལྟ་བས་བལྟས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་རྣམ་གཉིས་ཁ་གཏད་དུ་གྱུར་པའི་སྟོབས་ཤུགས་ཆེན་པོ་གཉིས་ཀྱི་མཚོན་བྱེད་མི་སྣ་ཆེ་ཁག་ཡིན་སྟབས་ཐུགས་མི་མཐུན་པར་མཐོང་སྲིད་ནའང་། དམ་པ་གཉིས་ནི་བདག་གཞན་མཉམ་བརྗེ་གནང་ཞིང་འཕགས་པའི་ལུང་གིས་བསྔགས་པའི་སངས་རྒྱས་བྱང་སེམས་མིའི་རྣམ་པར་བྱོན་པ་ཡིན་ཕྱིན། ཧ་ཅང་ཐུགས་མཐུན་དམ་གཙང་ཡིན་པ་མ་ཟད། མཛའ་བརྩེ་ཤིན་ཏུ་ཟབ་མོ་ཡོད།

ལྷག་པར་དུ། རང་ཅག་གི་རྒྱལ་བ་ཤཱཀྱ་ཐུབ་པའི་ཆོས་ཀྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་བརླན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་འབྲེལ་བར་གདེང་འཇོག་བྱེད་སྐབས། འཇིག་རྟེན་ཡོངས་གྲགས་ཀྱི་མིའི་འབྲེལ་བའི་ལྟ་ཚུལ་དང་སྲིད་ཕྱོགས་ཀྱི་མི་སྣའི་ཉེ་དགའ་ཕྱོགས་ཞེན་གྱི་འབྲེལ་བ་ལྟར་བལྟ་མི་རུང་།

འོ་ན་ཁོང་རྣམ་པ་གཉིས་ཀྱི་འབྲེལ་བ་ཅི་འདྲ་ཡིན་ནམ་ཞེ་ན། ཐོག་མར་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་ནས་གླེང་བར་བྱ་སྟེ། ཁོང་ནི་སྐུ་ཚེ་གང་བོར་སྲིད་འབྱོར་རྩྭ་ལྟར་དོར་ནས་གྱོ་མོའི་སྣོད་ཐོགས་པའི་ཆས་སུ་ཞུགས་ཏེ་གཞན་ཕན་གྱི་སྙིང་རྗེས་ཐུགས་རྒྱུད་གཏམས་ཤིང་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བདག་གིར་བཞེས་པའི་དགེ་སློང་དམ་པ་ཞིག་ཡིན་ཏེ། རང་རྣམ་ཚིགས་བཅད་མ་ལས།

 ཆོས་སྒོར་ཞུགས་དང་བཤེས་གཉེན་བསྟེན་ཚུལ་དང་། །

མང་དུ་ཐོས་དང་བསམ་པའི་སྒྲོ་འདོགས་བཅད། །

སྒོམ་ལ་སྙིང་རུས་གཞན་ལ་ཕན་སེམས་དང་། །

ཐུབ་བསྟན་རྒྱས་འདོད་བདག་གི་རྣམ་ཐར་ཡིན། །

 ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་གྱུར་ཅིང་ལྷ་བཟང་ཧན་གྱི་གཡོ་སྒྱུའི་རྒྱར་ཚུད་དེ་མིའི་དབང་བོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་བསམ་སྦྱོར་ངན་པས་གནོད་འཚེ་བྱེད་པ་ལྟ་ཅི། ད་དུང་སངས་རྒྱས་རྒྱ་མཚོ་མཆོག་གིས་བོད་ཀྱི་ཆབ་འབངས་རྣམས་ཀྱི་དོན་དུ་བྱ་བ་ཇི་སྙེད་སྒྲུབ་པར་དགའ་ཞེན་དང་དད་གུས་ཚད་མེད་གནང་གི་ཡོད། ཀུན་མཁྱེན་བླ་མའི་གསུང་རྩོམ་ལས་འཕྲིན་ཡིག་གི་རྣམ་བཞག་བློ་གསལ་མགུལ་རྒྱན་སིནྡྷུ་ཝཱ་རའི་ཕྲེང་མཛེས་ཞེས་པ་ལས། གནམ་སའི་དབང་ཕྱུག་སའི་ཚངས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འདི་ཉིད་སོགས་ཀྱིས་ཀྱང་ཡིག་མགོ་ཤིན་ཏུ་ཆེ་བའི་སྤྲིངས་ཡིག་འཐོབ་ཅེས་གསུངས་ཡོད་པ་དེས་ཀུན་མཁྱེན་བླ་མས་སྡེ་སྲིད་ལ་ཇི་ལྟར་གཟིགས་པ་མཚོན།

ཡང་སྡེ་སྲིད་མཆོག་གིས་སྐུལ་མ་མཛད་པ་བཞིན་བརྩམས་པའི་རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་བསྐལ་བཟང་འཇུག་ངོགས་ཞེས་པ་དེའི་དབུའི་ཚིགས་བཅད་དུའང་།

མི་དབང་གནས་ལྔ་གཟིགས་པའི་ཀུན་མཁྱེན་གྱིས། །

རྒྱ་གཞུང་འཐད་ལྡན་གཞིར་ཞོག་བཀའ་སྩལ་བཞིན། །

ཉི་མ་བྱེ་བའི་འོད་ཅན་ལུང་རིགས་བརྒྱས། །

མདོ་དང་སྡེ་བདུན་དགོངས་དོན་དེ་དང་དེའང་། །

ཆེས་གསལ་སྟོང་ཁུན་ཟ་འོག་རི་མོ་ལྟར། །

ཕྱོགས་གླང་གྲགས་པ་ཕེབས་བཞིན་ངས་འདིར་འཆད། །

ཅེས་གསུངས་པ་དེས་ཀུན་མཁྱེན་བླ་མ་སྡེ་སྲིད་ལ་ཐུགས་མཉེས་པོ་ཡོད་པར་མ་ཟད། ཕན་ཚུན་མཛའ་འབྲེལ་ཤིན་ཏུ་ཟབ་པའང་མཚོན་ཐུབ་བོ། །

གཞན་ཡང་། གལ་ཏེ་ཁོང་གཉིས་ཐུགས་མི་མཐུན་པ་བདེན་ཚེ་སྡེ་སྲིད་ཀྱིས་གསུང་རྩོམ་གནང་བར་སྐུལ་མ་མཛད་མི་སྲིད་པ་དང་། སྐུལ་མ་མཛད་པར་ཆ་བཞག་ནའང་ཀུན་མཁྱེན་བླ་མས་ཇི་བཞིན་རྩོམ་མིན་ཁ་ཚོན་གཅོད་དཀའ་ཞིང་། གལ་ཏེ་བརྩམས་པའི་དབང་དུ་བཏང་ནའང་། མི་དབང་གནས་ལྔ་གཟིགས་པའི་ཀུན་མཁྱེན་གྱིས། །རྒྱ་གཞུང་འཐད་ལྡན་གཞིར་ཞོག་བཀའ་སྩལ་བཞིན། །ཞེས་པའི་གསུང་ཚིག་འདི་འདྲ་འབྱུང་མི་སྲིད་སྙམ་མོ། །

ཡང་ཀུན་མཁྱེན་གསུང་འབུམ་ཁྲོད་ཀྱི། ལམ་རིམ་ཆེ་ཆུང་གི་དྲིས་ལན་ནོར་བུའི་ཕྲེང་བ་སྡེབ་ཉེར་བཞི་ཅན་ཞིག་བཞུགས་པ་དེ་ན། བྱང་ཕྱོགས་ཆོས་བཞིན་སྐྱོང་བའི་སྙིགས་དུས་ཀྱི་སྲོང་བཙན་མི་རྗེའི་རྣམ་ཐར་ལྷུར་ལེན་པས་ལམ་རིམ་ཆེན་མོའི་ཚིག་འགའ་དྲིས་པ་ཞེས་སྡེ་སྲིད་མཆོག་གི་མཛད་འཕྲིན་བཙན་པོ་ཁྲི་སྲོང་བཙན་དང་མཚུངས་པར་དད་གུས་ཆེན་པོས་བསྔགས་བརྗོད་བྱུང་ཡོད་ཅིང་། མཇུག་རྩོམ་དུ་། བདེ་ལེགས་ཕུན་ཕུམ་ཚོགས་པ་དང་། །ཆོས་རྒྱལ་བསམ་དོན་ཀུན་འགྲུབ་ཤོག །ཅེས་སྡེ་སྲིད་མཆོག་གིས་བོད་ཀྱི་ཆབ་འབངས་རྣམས་ཀྱི་ཆེད་དུ་བྱ་བ་ཇི་སྙེད་བསྒྲུབས་ཡོད་པ་དེ་དག་ལ་རྗེས་སུ་ཡི་རངས་མཛད་པ་དང་འབྲེལ་ཁོང་གིས་བོད་ཀྱི་དོན་དུ་བཀོད་པའི་འཆར་གཞིའམ་བསམ་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཐུགས་སྨོན་མཛད་པ་སྟེ། ཀུན་མཁྱེན་བླ་མ་སྡེ་སྲིད་ཀྱི་མཛད་འཕྲིན་ལ་དགའ་ཞེན་ཚད་མེད་ཡོད་པ་མ་ཟད། ད་དུང་ཁོང་གི་བཞེད་དོན་མཐའ་དག་གེགས་མེད་དུ་འགྲུབ་པའི་རེ་བ་བཅངས་ཡོད་པའང་ཤེས་ཐུབ།

   གོང་གསལ་འདི་ནི་སུས་ཀྱང་བསླད་སྐྱོན་མ་བཏང་བ་ཀུན་མཁྱེན་བླ་མའི་གསུང་རྩོམ་དྲི་མ་མེད་པ་འབའ་ཞིག་ཡིན་པས་། ལྷ་བཟང་ཧན་གྱི་གཡོ་གཏམ་རྣ་བ་ལ་འཇགས་པ་དག་ཀྱང་འདིས་བསལ་ཐུབ་ངེས་ཡིན་ཏེ། ཀུན་མཁྱེན་བླ་མ་རང་ཉིད་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་འདི་ལྟར་གདེང་འཇོག་བྱས་ཡོད་པ་བཞིན་དུ་དེ་ལས་གཞན་པའི་བཤད་ཚུལ་དག་ནི་དོན་དངོས་དང་མི་མཐུན་པར་གསལ་ལོ།།

  འཇམ་དབྱངས་བཞད་པའི་རྣམ་ཐར་སྐལ་བཟང་འཇུག་ངོགས་ཞེས་པ་ལས། སྡེ་སྲིད་འདི་ཆོས་སྲིད་ཡོངས་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་། ཐ་སྙད་རིག་པའི་གནས་མཐའ་དག་ལ་འབད་པས་སྦྱངས་ཏེ་བརྩམས་ཆོས་ཀྱང་མང་དུ་སྣང་། སྲིད་སྐྱོང་གི་གཡེང་བ་ཆེན་པོའི་ཁུར་གྱིས་མནན་བཞིན་དུ་ཐ་སྙད་ཀྱི་བསྟན་བཅོས་དེ་ཙམ་ཚེགས་ལ་མ་འཛེམ་པར་སྤེལ་ཐུབ་པ་ནི་རྗེས་སུ་ཡི་རངས་པའི་གནས་སོ། །ཞེས་འབྱུང་བ་བཞིན་ཀུན་མཁྱེན་བླ་མ་ཁོང་གི་རྗེས་འཇུག་དག་གིས་སྡེ་སྲིད་མཆོག་ལ་ཇི་ལྟར་གཟིགས་པའི་ཚུལ་དོན་དངོས་ནི་འདི་ལྟར་ཡིན་ལ། འདི་དག་ཀུན་མཁྱེན་བླ་མས་སྡེ་སྲིད་ལ་ཁ་གསག་གམ་ངོ་བསྟོད་དུ་སྨྲས་པ་མ་ཡིན་པར་དོན་ལ་གནས་པའི་བསྔགས་བརྗོད་དང་ཇི་ལྟར་གཟིགས་པའི་ཚུལ་ཡང་དག་ཡིན།

  འོ་ན་སྡེ་སྲིད་མཆོག་གིས་ཀུན་མཁྱེན་རིན་པོ་ཆེར་གཟིགས་སྟངས་ཅི་འདྲ་ཡིན་ནམ་ཞེ་ན། སྐབས་ཤིག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནད་ཀྱི་དོགས་པ་བཞི་ཕྱོགས་སོ་སོ་བཀྲམ་པ་ལ་རྗེ་འདིས་ལན་གཞན་ཀུན་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཕུལ་བར་སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ཞེས་མཚན་གཞན་གངས་ཅན་མཁས་པ་སུ་ལའང་མ་གྲགས་པའི་མཚན་དེ་ཕུལ། དེས་སྒོ་མང་བླ་མའི་མཁས་བཙུན་དམ་པའི་རྣམ་ཐར་གྱིས་སྡེ་སྲིད་ཀྱི་ཐུགས་ཡིད་འཕྲོག་ཡོད་པ་ཤེས་ཐུབ་པར་མ་ཟད། སྐབས་དེའི་མཁས་པ་གང་ལས་ཀྱང་ཐུགས་ཞེན་ཟབ་མོ་ཡོད་པར་ཤེས་ཏེ། ཀུན་མཁྱེན་བླ་མ་ལས་གཞན་སུ་ལའང་དེ་ལྟ་བུའི་མཚན་དང་བསྔགས་བརྗོད་མ་བྱས་པའི་ཕྱིར་རོ། །དེར་མ་ཟད་ཀུན་མཁྱེན་ཞེས་པའང་སྡེ་སྲིད་ཀྱི་བཀའ་བཀོད་ཀྱི་མངའ་འོག་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་གནང་བའི་མཚན་ཡིན་ཏེ།

བརྡ་སྤྲོད་རྟོག་གེ་གཞན་དག་ཚར་གཅོད་ཆོས། །

རྗེས་འཛིན་བཟོ་གསོ་ཚིག་ཕྲེང་མཛེས་བྱེད་རྒྱན། །

རང་ཉིད་ཀུན་ཤེས་ནང་དོན་རིག་པ་སོགས། །

ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ་བ་འདེབས། །

ཞེས་སོ། །སྡེ་སྲིད་མཆོག་གིས་ཀྱང་ཀུན་མཁྱེན་བླ་མའི་མཁས་བཙུན་དམ་པའི་རྣམ་ཐར་ལ་འདི་ལྟར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་མཛད་ཡོད་བཞིན་དུ་ཁོང་རྣམ་པ་གཉིས་ཐུགས་མི་མཐུན་པར་སྨྲ་བ་ནི་དོན་མེད་བབ་ཅོལ་དུ་ཤེས་པར་བྱའོ། །

ལྷག་པར་དུ། སྒོ་མང་གྲྭ་ཚང་གིས་གཞུང་ལ་ཞུས་པ་ལྟར་སྡེ་སྲིད་ཀྱིས་ཀུན་མཁྱེན་རིན་པོ་ཆེ་བཀྲ་ཤིས་སྒོ་མང་གི་ཁྲིར་བཀོད་པ་དང་། ཀུན་མཁྱེན་བླ་མས་ཇི་བཞིན་མི་འོང་བའི་དགོངས་པ་ཞུས་ཀྱང་། སྡེ་སྲིད་ཀྱིས་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསུང་ལ་ཁ་གཡར་ཏེ་དགོངས་འཁྲོལ་མ་བྱུང་བ་ཡང་དགེ་ལྡན་བསྟན་པའི་ཞབས་འདེགས་དང་། ཀུན་མཁྱེན་རིན་པོ་ཆེར་གཟིགས་སྟངས་ཤིན་ཏུ་མཐོན་པོ་ཡོད་པས་ཡིན་པ་གསལ་ལོ། །

ཡང་སྐབས་ཤིག་ཀུན་མཁྱེན་རིན་པོ་ཆེས་ལེགས་བཤད་དབང་གི་རྒྱལ་བོ་གྲུབ་མཐའ་ཆེན་མོ་ཞེས་སུ་གྲགས་པ་བརྩམས་ཏེ་རྒྱལ་དབང་དྲུག་པ་རིན་པོ་ཆེར་གཟིགས་འབུལ་ཞུས་པར། སྡེ་སྲིད་མཆོག་གིས་ཀྱང་ཞིབ་གཟིགས་མཛད་དེ་སྟག་ཚང་ལོ་ཙཱ་བས་འཇམ་མགོན་ཙོང་ཁ་པར་དགག་པའི་འགལ་ཁུར་བཅོ་བརྒྱད་བཏང་བ་ལ་ཉིད་ནས་ལན་བུན་འཕར་གྱི་ཚུལ་དུ་འགལ་ཁུར་ཉེར་བདུན་བཏང་བ་རང་བསྟན་གྱི་ཞབས་འདེགས་ཡིན་པའི་བསྔགས་བརྗོད་མཛད་པ་སོགས་ཐུགས་མཐུན་དམ་གཙང་གི་ནང་ཉམས་འབའ་ཞིག་ལས་ཐུགས་མི་མཐུན་པའི་རྣམ་པ་ཡེ་ནས་མི་མངའ་བ་ཧ་ཅང་གསལ།

ཁྱད་པར་དུ། ཁོང་རྣམ་པ་གཉིས་ཀྱིས་རྟག་ཏུ་ཕན་ཚུན་ལ་ཕུན་ཚོགས་ལེགས་བཤད་ཀྱི་རྩེ་དགའ་དང་མཛའ་གཅུགས་ཀྱི་ཕྱག་ཡིག་གནང་བ་ཡིན་ཏེ། སྡེ་སྲིད་ཀྱིས་བསྡུས་གྲྭ་བའི་ཚད་དུ་འཇོག་པའི་རྭ་བ་སྟོད་པའི་མཁས་རློམ་འགའ་ཞིག་ལ་བསྡུས་ཚན་ཉེར་ལྔའི་གྲངས་འདྲེན་དགོས་བྱས་པར་དེ་དག་གིས་འདྲེན་རྒྱུ་མ་རྙེད་པ་སྡེ་སྲིད་ཀྱིས་ཀུན་མཁྱེན་རིན་པོ་ཆེར་ཞུས་པས་ལན་དུ་བསྡུས་གྲྭའི་རྩ་ཚིག་དང་བཅས་བརྩམས་ཏེ་ཕུལ་བ་དང་། སྒྲའི་དཀའ་གནད་བཞི་དྲི་བར་བཀོད་དེ་ཕྱོགས་ཀུན་ཏུ་བཀྲམས་པ་ལ་ཀུན་མཁྱེན་རིན་པོ་ཆེས་ལན་ཕུལ་བ་དང་། སྡེ་སྲིད་ཀྱིས་སྐུལ་མ་མཛད་པ་བཞིན་རྣམ་འགྲེལ་གྱི་མཐའ་དཔྱོད་མཛད་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསླབ་པ་ཕུལ་བ་ལ་སྡེ་སྲིད་མཆོག་གིས་ཐུགས་ཚགས་གནང་སྟེ་ཀུན་མཁྱེན་རིན་པོ་ཆེར་ཕྱག་ཡིག་ཏུ། སྐུ་ཞབས་ཀྱི་མཛད་པ་ལ་མི་མང་གིས་ལོག་ལྟ་བྱེད་ཀྱིན་འདུག་པས་ཁྱེད་ནི་དེང་དུས་ཀྱི་བསྟན་པའི་སྲོག་ཤིང་ཡིན་གཤིས་གསུང་ཆོས་ཀྱི་ཞར་ལ་དམིགས་བསལ་གྱི་ཞལ་བཀོད་གནང་དགོས་གསུངས་པ་བཞིན་དབྱར་གྱི་གླིང་བསྲེའི་སྐབས་དེ་ལུགས་གཏན་ཚིགས་དང་བཅས་གཏམ་ཚོགས་གནང་བ་སྟེ། ཞེས་ཀུན་མཁྱེན་རྣམ་ཐར་བཙན་པོ་མ་དང་། སྐལ་བཟང་འཇུག་ངོགས་གཉིས་སུ་གསལ་བ་དེ་དག་གིས་ཀྱང་ཁོང་རྣམ་གཉིས་ནི་ཐུགས་རྩིས་དང་ནང་ཉམས་ཤིན་ཏུ་ཆེ་ཞིང་མཛའ་འབྲེལ་མཆོག་ཏུ་ཟབ་པ་ཤེས་ཐུབ་བོ། །

གཞན་ཡང་། ལྷ་བཟང་ཧན་གྱིས་སྲིད་དབང་ལ་ཧམ་སེམས་བཅངས་ཏེ་ཆེད་དུ་སྡེ་སྲིད་དང་འཁྲུག་རྩོད་ཐེངས་གཉིས་བསླངས་པར་ཀུན་མཁྱེན་རིན་པོ་ཆེས་ཁ་ཞེ་གཉིས་མེད་ཀྱིས་བར་འདུམ་བྱས་ནས་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་མནའ་བསྐྱལ་དུ་བཅུག་པ་དང་། སྡེ་སྲིད་འུ་ཐུག་ནས་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཡོད་སར་ཕེབས་པ་ཀུན་མཁྱེན་བླ་མས་ཤེས་རྗེས་སྡེ་སྲིད་བཀྲོངས་དོགས་ཀྱིས་ངོ་ཆེན་དུ་ཕེབས་སྐབས། གཞན་ཐམས་ཅད་ཟམ་པ་བསྐོར་ན་ཡང་། ཀུན་མཁྱེན་བླ་མས་འགོར་འགྲོ་བར་དགོངས་ཏེ། ཐད་འདི་ནས་སྟོད་ལུང་ཆུ་རྒལ་འགྲོ་གསུངས་པས། ཕྱག་གཡོག་ཚོས་ཆུ་ཆེ་པས་ཁྱེར་འགྲོ་ཞུས་ཀྱང་མ་གསན་པར་ཆུ་བརྒལ་ནས་ཚེ་རིང་བཀྲ་ཤིས་རྩར་སླེབས། སྡེ་བ་གང་དུ་ཡོད། ངར་ཐུག་དགོས་གསུངས་པས་སྡེ་བ་མེད་ཟེར། རྗེ་འདིས་དེ་འདྲ་མ་ཟེར། ང་དེ་རིང་ཅིས་ཀྱང་ཐུག་དགོས་ཞེས་བཀའ་བཀྱོན་མཛད་པས། སྡེ་བ་ཁོ་རང་གིས་ཁོ་རང་བསད་ནས་མེད་ཟེར། རྗེ་འདིས་མི་བདེན་འགྲོ་ང་ལ་ཐུག་གི་ཆུག་གསུངས་པས་བསད་ཚར། ཁྱེད་བཞུགས་ནས་གསོལ་ཚིགས་བཞེས་ནས་ཕྱིར་ཕེབས་ཞུས་པས། རྗེ་རང་ཐུགས་རྒྱལ་བཞེངས་ནས། ཁྱོད་ཚོ་ལས་མ་རབས་པ་མི་འདུག །སྡེ་སྲིད་བཀྲོངས་རྒྱུ་ཡིན་ན་ང་ལ་ཐོས་བཅུག་ན་ཅི་ཡིན་གསུངས་ནས་མ་དགྱེས་པ་མཛད། གསོལ་ཚིགས་ཀྱང་མི་ཟ་གསུངས་ནས་ཕེབས་འོང་། དེ་ཉིན་ཐུགས་དམ་ཡང་རྒྱུན་ལྡན་ཆག་མེད་མཛད་པ་ཕལ་ཆེར་ལུས་སོང་། ཐུགས་དཔེ་མེད་འཁྲུགས་ནས་འདོན་མ་ཐུབ་བཅས་བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་བཙན་པོ་མའི་ཤོག་གྲངས p༨༥རུ་གསལ་བ་སོགས་ལ་བརྟགས་ནའང་ཁོང་རྣམ་པ་གཉིས་ནི་ཕན་ཚུན་ལ་མཛའ་གཅུགས་དང་། ཡིད་ཆེས། བརྩི་བཀུར་ལྡན་པ་གསལ་ལོ། །དེ་ལས་གཞན་པའི་བཤད་ཚུལ་དག་ནི་ལོ་རྒྱུས་ཀྱི་ཁུངས་ལུང་བྲལ་བའི་ཕྱོགས་ལྷུང་གི་སྨྲ་བ་ཁོ་ན་ཡིན་མོད། དེ་ལྟ་ནའང་། བཤད་ཚུལ་དེ་དག་ཀྱང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན་པར་ལོ་རྒྱུས་ཀྱི་དོན་རྐྱེན་དང་སྲིད་དོན་གྱི་དགོས་མཁོས་བཟོས་པའི་འབྲས་བུ་ཐུན་མིན་ཞིག་ཡིན་པར་ཁོ་བོས་སེམས་སོ། །

བཞི་བ། ལོ་རྒྱུས་ཀྱི་བསླབ་བྱ།

སྒོ་གསུམ་ཆོས་ལ་རྣམ་པར་གཞོལ་བའི་སྔོན་བྱོན་ལོ་རྒྱུས་སྨྲ་བ་རྣམས་ལ་མཚོན་ན། འཇིག་རྟེན་སྲིད་ཀྱི་ངན་གཡོར་ཀུན་ནས་གོམས་པའི་ལྷ་བཟང་ཧན་གྱི་གྲི་སོ་རྣོན་པོའི་སྦྲང་རྩིས་རང་ལྕེ་དྲུངས་ནས་གཅོད་པའང་ཅི་མི་སྙམ་པར་རང་བསྟན་དྲི་མ་མེད་པའི་ཞབས་འདེགས་པར་རློམ་ནའང་། རང་འདོད་ཁོ་ནས་སྙིང་གང་ཞིང་གཞན་གྱི་བདེ་ཚོར་ལ་ཉུང་མ་རྡོག་པས་བརྫི་བའི་རྩིས་ཀྱང་མི་གཏོང་བའི་ལྷ་བཟང་ཧན་ནི་བཞད་གད་རི་མོ་འདྲི་བའི་ཚུལ་གྱིས། ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་སྙིང་ནས་རྙིང་མ་པ་དང་ཀརྨ་པར་དད་འདུན་ཆེ་ཞིང་དགེ་ལུགས་པར་སྡང་བོ་ཡོད་པ་དང་། རྒྱལ་དབང་ལྔ་བ་སྐུ་གཤེགས་པ་ལོ་མང་པོར་གསང་རྒྱ་མཛད་པ་ལ་ཡང་ཞེ་འདོད་ངན་པ་ཡོད་ཚུལ། སོག་པོ་ཇུན་གར་བར་ངན་འབྲེལ་གྱིས་མན་ཆིང་གོང་མར་ངོ་རྒོལ་བྱེད་རྩིས་ཡོད་པ་དང་། ལྷ་བཟང་ཁོའི་ཕ་ལ་དུག་བཏང་སྟེ་བསད་ཚུལ། ཁོས་གདན་སར་བཀོད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱལ་དབང་ལྔ་བ་ཆེན་པོའི་ཡང་སྤྲུལ་རྫུན་མ་ཡིན་ཚུལ་སོགས་སྡེ་སྲིད་མཆོག་གི་ཐུགས་ཟུར་ལ་ཡང་དྲན་མི་སྲིད་པའི་ཉེས་མིང་མི་བདེན་རྫུན་སྒྲིག་བརྗོད་ལས་འདས་པ་གང་མང་ཞིག་བྱས་ཡོད་པ་ནི། ཇི་སྐད་དུ། ལེགས་བཤད་རིན་པོ་ཆེའི་གཏེར་ལས། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །གཙང་མའི་ངོས་ལ་འབད་དེ་འཕྱིད། །ཅེས་གསུངས་པ་མ་སྒྲིག་རང་འགྲིག་ཏུ་ཕྱུང་བའོ། །

དེ་སྔ་ལྷ་བཟང་ཧན་གྱིས་སྤེལ་བའི་འཆལ་གཏམ་གྱིས་མིག་བསྒྲིབས་པ་འགའ་ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གི་མཛད་འཕྲིན་སྐོར་ལ་ལོག་བཤད་ཀྱི་འདམ་དོང་དུ་ཚུད་དེ་བླུན་པོ་གྲགས་པའི་རྗེས་སུ་འབྲངས་པ་ནི། ས་སྐྱ་པཎྚི་ཏས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་པ་ལྟར་སྡེ་སྲིད་མཆོག་ལ་མི་འོས་པའི་སྒྲོ་སྐུར་དང་འཆལ་གཏམ་མ་དག་རྒྱུན་འབྱམས་སུ་འགྲོ་བའི་མུར། དེ་དང་འབྲེལ་ནས་དམ་པ་ཁོང་ཉིད་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་རྣམ་གཉིས་ཀྱི་འབྲེལ་བའི་སྐོར་ལའང་འོས་མིན་གྱི་བཤད་ལུགས་ཅི་རིགས་ཤིག་བྱུང་བ་ནི། སྲིད་དོན་ལ་གཅན་གཟན་བཞིན་སེམས་རྩ་གནག་པའི་ལྷ་བཟང་ཧན་གྱི་གཡོ་སྒྱུའི་ངན་འབྲས་ལས་གཞན་ཅི།

དེ་ལྟ་ནའང་། གཡའ་ཡིས་མ་གོས་པའི་གསེར་ཉིད་ནི་བསྲེག་བཅད་བརྡར་ཡང་གསེར་གྱི་ངོ་བོ་ཉིད་མི་འགྱུར་བ་བཞིན། བཅུ་ཕྲག་རིག་པའི་གནས་སྤྱི་དང་། ཡང་སྒོས་སྨན་རྩིས་བསྟན་པ་ཡར་རྒྱས་གཏོང་བར་མཛད་རྗེས་བླ་ན་འཕགས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་དང་། མཐའ་དབུས་ཀྱི་རིགས་པ་སྨྲ་བ་དག་གི་ཐོས་བསམ་གྱི་གཞི་པུ་ཏི་ལྔ་གའི་མཐའ་དཔྱོད་ཀྱི་ཡིག་ཆ་སྔོན་མེད་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་མཛད་པས་ཡིག་ཆ་གཞན་ཕལ་ཆེར་ངལ་བསོ་བར་བྱས་པ་སྒོ་མང་ཡིག་ཆ་མཛད་པ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་རྣམ་གཉིས་ཀྱི་བསྟན་འགྲོར་སྨན་པའི་མཛད་འཕྲིན་དང་། ཕན་ཚུན་ལ་མཛའ་གཅུགས་དང་། ཡིད་ཆེས། བརྩི་བཀུར་ལྡན་པའི་བྱ་སྤྱོད་ནི་ཇི་སྲིད་བར་འོད་སྟོང་འཕྲོ་ངེས་ཡིན་པ་མ་ཟད། སུས་ཀྱང་བསུབ་ཐབས་མེད་པ་གཞོམ་གཞིག་བྲལ་བའི་རྡོ་རྗེའི་བྲག་རི་ཡིན། འོན་ཀྱང་། སྐྱེས་མཆོག་དམ་པ་རྣམས་ཀྱི་མཛད་འཕྲིན་ནི་ནམ་ཡང་ཉམས་པ་མེད་པ་དང་། རྟེན་འབྱུང་གི་ནུས་མཐུ་ནི་བསམ་ལས་འདས་པར་བསྒོམས་ནས་སྡོད་ཆོག་ཆོག་ཅིག་ཡུས་ཆེ་བ་ནི་གཏན་ནས་མིན། ལོ་རྒྱུས་རྒན་པོས་གནང་བའི་བསླབ་བྱ་དང་། དུས་རབས་རྒྱལ་མོས་བྱིན་པའི་ཉམས་མྱོང་གཉིས་ལ་བརྟེན་ནས། དེང་ཕྱིན་ལྷ་བཟང་ཧན་ལྟ་བུ་ཉ་བས་ཟས་ཀྱིས་ཁ་བྲིད་ནས་ཉ་རྣམས་གསོད་པའི་ཟློས་གར་དེ་དང་དེ་ལྟ་བུ་དང་། མིའི་དབང་བོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མཁས་པའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྟ་བུའི་སྐྱེས་མཆོག་དམ་པ་རྣམས་ཀྱི་མཛད་འཕྲིན་དང་འབྲེལ་བར་ངོས་འཛིན་ཡང་དག་པར་བྱེད་རྒྱུ་གལ་ཆེའོ་སྙམ།

ཟུར་ལྟའི་དཔྱད་གཞི།

༡《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་སྐལ་བཟང་འཇུག་ངོགས》འཇིགས་མེད་དབང་བོས་བརྩམས།

༢《ཀུན་མཁྱེན་རྣམ་ཐར་ཀེ་ཏ་ཀའི་ཕྲེང་མཛེས་སམ་རྣམ་ཐར་བཙན་པོ་མ》བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས།

༣《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས།

༤《དེབ་ཐེར་ཀུན་གསལ་མེ་ལོང》ཕུན་ཚོགས་ཚེ་རིང་གིས་བརྩམས།

༥《ཀུན་མཁྱེན་གསུང་འབུམ》འཇམ་དབྱངས་བཞད་པས་བརྩམས།

༦《བོད་ཀྱི་སྲིད་དོན་རྒྱལ་རབས》ཞྭ་སྒབ་པས་བརྩམས།

༧《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་གླེང་བ》དུང་དཀར་རིན་པོ་ཆེས་བརྩམས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།