《ཀྲུང་གོའི་ཕྲུ་གུའི་ཤེས་བྱ་ཀུན་བཏུས་ལས་ཕྲུ་གུ་འཇུག་པའི་སྒོ》ཞེས་པའི་དེབ་ཕྲེང་ལས་འཕྲོས་ཏེ་བྱིས་པའི་ཀློག་དེབ་རྩོམ་སྒྲིག་སྐོར་གླེང་བ།

དང་པོ། དཔེ་ཀློག་གི་དགོས་གལ་རང་བཞིན།

དེ་ཡང་རྒྱབ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་འཕེལ་རྒྱས་ཀྱི་རྨང་གཞི་ནི་སློབ་གསོ་ཡིན་ལ། སློབ་གསོའི་རྟེན་གཞི་ནི་དཔེ་ཀློག་ཡིན། ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་ནར་སོན་བཞིན་པའི་བྱིས་པ་ཚོ་ནི་ང་ཚོའི་མི་རིགས་ཀྱི་མ་འོངས་པའི་བླ་སྲོག་ཡིན་ལ། མི་རིགས་ཀྱི་ངོ་མཚར་འོད་སྟོང་འབར་བའི་རིག་གཞུང་གི་རྒྱུན་འཛིན་པའང་ཡིན། བྱིས་པ་ཚོ་གསོ་སྐྱོང་ཇི་ལྟར་མཛད་པ་དང་སློབ་གསོ་ཇི་ལྟར་སྤེལ་དགོས་པ་ནི་ད་ལྟ་ང་ཚོར་ཕྲད་པའི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་ཏུ་གྱུར་འདུག་ལ། དེའི་ཁྲོད་དུ་སློབ་སྔོན་སློབ་གསོ་དེ་མིག་སྔར་ཀུན་གྱིས་དོ་སྣང་བྱེད་པའི་རིག་ཚན་ཞིག་ཏུ་གྱུར་ཡོད།

བུས་པའི་སློབ་གསོའི་དུས་རིམ་ནི་འགྲོ་བ་མིའི་ཆེས་ཐོག་མའི་སློབ་གསོ་ཡིན་ལ། སློབ་གསོ་གཙོ་ཤོས་ཀྱང་ཡིན། དེས་ན་འདིར་གླེང་བའི་བུས་པའི་སློབ་གསོའི་དུས་རིམ་དེ་གང་ཡིན་ཞེ་ན། ད་ལྟ་ཡོངས་ཁྱབ་ཏུ་མི་ལོ15ཡན་ཆད་ནར་སོན་པའི་དུས་རིམ་ལྟར་ལོ0ནས3བར་ལ་ཕྲུ་གུ་དམར་འབྱར་དང་། ལོ3ནས6བར་ལ་བུས་པ། ལོ6ནས11དང12བར་དུ་བྱིས་པ། ལོ11དང12ནས་ལོ14དང15བར་དུ་ལོ་ཆུང་གཞོན་ནུ་བཅས་སུ་དབྱེ་ཡོད་པས། བུས་པའི་སློབ་གསོའི་དུས་རིམ་ནི་ལོ0ནས6བར་གྱི་སློབ་སྔོན་གྱི་ལོ་རིམ་དེའི་སྐབས་ལ་བརྗོད་ཀྱིན་ཡོད། ལོ་རིམ་དེ་རུ་བུས་པས་ཐོག་དང་པོར་ཕྱི་རོལ་གྱི་འཇིག་རྟེན་དང་ནང་ཡིད་ཀྱི་ཚོར་བ་ངོས་འཛིན་བྱེད་མགོ་རྩོམ་གྱིན་ཡོད་པས། ལུས་ངག་ཡིད་གསུམ་འཚར་ལོངས་འབྱུང་བར་རྨང་གཞི་འདིང་བའི་དུས་སྐབས་གལ་ཆེན་དང་དུས་སྐབས་དམིགས་བསལ་ཅན་ཞིག་ཡིན་ཞིང་། མ་འོངས་པའི་མི་ཡི་ཐུན་མོང་མ་ཡིན་པའི་ནུས་ཤུགས་དང་རང་གཤིས། ཀུན་སྤྱོད་སོགས་སྐབས་འདིར་རིམ་བཞིན་ཆགས་ཀྱིན་ཡོད། དེའི་ཕྱིར་ལོ་རིམ་དེའི་སློབ་གསོ་ལྷག་ཏུ་འགངས་ཆེན་ཞིག་ཏུ་གྱུར་ཡོད། དེས་ན་དགེ་རྒན་ཐོག་མ་ཕ་མ་དང་སློབ་གྲྭ་ཐོག་མ་མ་ཁྱིམ་ཡིན་ཟེར་བ་བཞིན་དུ་བུས་པའི་སློབ་གསོ་དེས་མཐར་གཏུགས་ན་ཁྱིམ་ཚང་གི་སློབ་གསོ་བསྟན་ཡོད། བུས་པའི་དུས་སྐབས་ནི་བྱིས་པའི་བློ་སྒོ་འབྱེད་པའི་དུས་སྐབས་གཙོ་བོ་ཞིག་ཡིན་ཏེ། ཚན་རིག་ཞིབ་འཇུག་པས་མི་ལོ5ཡན་ཆད་ནི་མིའི་བློ་རིག་འཕེལ་རྒྱས་མགྱོགས་ཤོས་ཀྱི་དུས་སྐབས་ཡིན་པ་བདེན་དཔང་བྱས་ཡོད། ཨ་རིའི་སྐྱེ་ཁམས་རིག་པ་བས་བུས་པའི་དུས་སུ་མིའི་ཀླད་པ་འཚར་ལོངས་ཡོང་ཚད་མགྱོགས་ཤོས་ཡིན་པ་དང་། ཀླད་པའི་ལྗིད་ཚད་ཁེ1400ལྡན་པའི་སྐྱེས་བུ་དེ་ལོ4ཡི་དུས་སུ་ཀླད་པའི་ལྗིད་ཚད་ཁེ1000ལ་སླེབས་ཡོད་པ་དང་། ལོ8ཡིན་པའི་དུས་སུ་ཁེ1300ལ་སླེབས་ཡོད་པ་རེད་ཅེས་བརྟག་དཔྱད་བྱས་ཡོད། མདོར་ན། ཁྱིམ་ཚང་གི་སློབ་གསོ་ལས་བྱིས་པའི་བློ་རིག་བསྐྱེད་པའི་ཐབས་ཤེས་ལེགས་ཤོས་ནི་ཕ་མའི་སློབ་སྟོན་འོག་དཔེ་ཀློག་བྱ་རྒྱུ་དེ་རེད། ཕ་མས་ཀྱང་ཕྲུ་གུ་དང་ལྷན་དུ་དཔེ་ཀློག་གི་བྱ་བར་བརྩི་མཐོང་དང་དེ་རྒྱུན་འཁྱོངས་བྱས་ཏེ། དཔེ་ཀློག་གི་གོམས་གཤིས་དེ་ཕྲུ་གུའི་དུས་ནས་ཆགས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེའོ། །

གཉིས་པ། དེབ་ཕྲེང་ངོ་སྤྲོད་མདོར་བསྡུས།

བུས་པའི་ཀློག་དེབ་གདམ་གསེས་བྱེད་སྐབས་བུས་པའི་ལོ་ཚོད་དང་དབང་པོའི་ནུས་ཚད་ལྟར་ཚད་དང་རན་པའི་དཔེ་དེབ་ལ་བལྟ་རུ་འཇུག་དགོས། 《ཀྲུང་གོའི་ཕྲུ་གུའི་ཤེས་བྱ་ཀུན་བཏུས་ལས་ཕྲུ་གུ་འཇུག་པའི་སྒོ》ཞེས་པའི་དེབ་ཕྲེང་ལྟ་བུར་མཚོན་ན་ལོ0ནས6བར་གྱི་སློབ་ལོ་མ་རན་པའི་བུས་པའི་ཀློག་དེབ་ཏུ་ཤིན་ཏུ་འཚམས་པ་རེད། དེ་ཡང་སློབ་གསོ་པུའུ་ཡིས་འགྲེམས་སྤེལ་བྱས་པའི《བྱིས་སྙོར་ཁང་གི་སློབ་གསོའི་མཛུབ་སྟོན་རྩ་གནད(ཚོད་ལྟ)》དང《ལོ3ནས6བར་གྱི་བྱིས་པའི་སློབ་སྦྱོང་དང་འཚར་ལོངས་སྐོར་གྱི་ཕྱོགས་སྟོན》གཞིར་བཞག་སྒོས་རྒྱུན་ལྡན་འཚོ་བའི་ཁྲོད་བུས་པར་ཆ་རྒྱུས་ལྡན་ལ། སྤྲོ་སྣང་ཆེ་བ། རྟོགས་འདོད་པའི་ནང་དོན་ཁག་འདེམ་སྒྲིག་བྱས་པ་ཡིན་ལ། ཚན་རིག་དང་བདེ་ཐང་། སྤྱི་ཚོགས། སྒྱུ་རྩལ། སྐད་བརྡ་བཅས་བྱིས་སྙོར་ཁང་གི་སློབ་གསོའི་ཁྱབ་ཁོངས་ཆེན་པོ་ལྔ་ཁོངས་སུ་འདུས་ཡོད་པ་དང་། ནང་དོན་གྱི་ཐད་ནས་བུས་པའི་ཉིན་རྒྱུན་གྱི་འཚོ་བ་དང་སྦྱར་ནས། ཁོ་ཚོའི་ཤེས་རྟོགས་ཀྱི་གོ་རིམ་དང་ལུས་སེམས་འཕེལ་འགྱུར་གྱི་དགོས་མཁོར་བསྟུན་ནས་ཤེས་བྱ་རིག་གནས་དང་། བྱ་སྤྱོད་དང་གོམས་སྲོལ་སོགས་ཕྱིའི་སྤྱོད་པ། བློ་ཁ་དང་སྤྲོ་སྣང་སོགས་ཡིད་ཀྱི་འགྱུར་བ། དེ་མིན་བདེ་འཇགས་དང་བདེ་ཐང་། རང་བྱུང་དང་ཚན་རིག ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་ཤེས་རང་བཞིན་གྱི་བརྗོད་བྱ་ཁག་གཅིག་ལ་གཅིག་བརྟེན་གྱིས་གཏམ་རྒྱུད་ཀྱི་ངང་ནས་བུས་པའི་བློ་ངོར་བསྟན་ཡོད་པས། བུས་པའི་བློ་རིག་འབྱེད་པ་དང་བློ་རྒྱ་བསྐྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

དེབ་ཕྲེང་དེ་ནི་རང་རྒྱལ་དུ་སྙན་གྲགས་ཆེ་བའི་བུས་པའི་སློབ་གསོའི་སྐོར་གྱི་ཞིབ་འཇུག་པ་དང་བྱིས་སྙོར་ཁང་གི་དགེ་རྒན་མིང་གྲགས་ཅན། བུས་པའི་སློབ་གསོ་སྟེ་སློབ་སྔོན་སློབ་གསོའི་དགེ་རྒན་གྲགས་ཅན། བྱིས་པའི་སེམས་ཁམས་རིག་པ་བ། བྱིས་པའི་ཚན་རིག་ཀློག་དེབ་དང་བྱིས་པའི་རྩོམ་རིག་ཀློག་དེབ་ཀྱི་རྩོམ་པ་པོ། བྱིས་པའི་ཀློག་དེབ་སྐོར་གྱི་རྩོམ་སྒྲིག་པ་གྲགས་ཅན། བྱིས་པའི་ཀློག་དེབ་བར་བཅུག་རི་མོ་བ་གྲགས་ཅན་དང་བཅས་མཉམ་འབྲེལ་གྱིས་ཇུས་འགོད་དང་རྩོམ་སྒྲིག་བྱས་པ་རེད།

དེབ་ཕྲེང་ཡོངས་ལ་ཁྱོན་ཁག་བརྒྱད་ཡོད་དེ། 《རྩི་ཤིང》དང《སྲོག་ཆགས》《ལུས་ཕུང》《བསམ་བག》《བྱིས་པ་ཁང》《འགྲིམ་འགྲུལ》《དུས་ཆེན》《ཀྲུང་གོ》བཅས་ཡིན།

དེབ་ཕྲེང་འདིར་བྱིས་པའི་ཀློག་དེབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་འགའ་ཞིག་ཡོད་པ་ནི།

གཅིག རང་རྒྱལ་གྱི《བྱིས་སྙོར་ཁང་གི་སློབ་གསོའི་རྩ་གནད(ཚོད་ལྟའི་འཆར་འགོད་དེབ)》ལས་བསྟན་པ་སྟེ། བུས་པའི་སློབ་གསོའི་སྐོར་ལ་ནང་དོན་ཁག8འདུ་དགོས་ཏེ། རྒྱུན་ལྡན་གྱི་འཚོ་བ་དང་འཕྲོད་བསྟེན་གྱི་གོམས་གཤིས། ལུས་རྩལ་བྱ་འགུལ། བསམ་བློ་ཀུན་སྤྱོད། སྐད་བརྡ། རྒྱུན་ཤེས། རྩིས་རིག རོལ་དབྱངས། རི་མོ་བཅས་ཚང་དགོས་ལ། སློབ་གསོའི་ནང་དོན་དེ་དག་རྩེད་རིགས་དང་ལུས་པོ་སྦྱོང་བརྡར་གྱི་བྱ་འགུལ། སློབ་ཁྲིད། ལྟ་ཞིབ། ངལ་རྩོལ། རོལ་རྩེད་སོགས་ཀྱི་འཚོ་བ་དང་ལས་འགུལ་ཡོངས་སུ་ཁྱབ་པར་བྱས་ན་ད་གཟོད་བུས་པའི་ལུས་ངག་ཡིད་གསུམ་ཕྱོགས་ཡོངས་ནས་ཚད་ལྡན་ངང་འཚར་ལོངས་ཡོང་ཐུབ་ཅེས་གླེང་ཡོད་པ་ལྟར། དེབ་འདིའི་ནང་དོན་ཡང་ཚན་རིག་དང་བདེ་ཐང་། སྤྱི་ཚོགས། སྒྱུ་རྩལ། སྐད་བརྡ་བཅས་ལྔ་འདུས་ཡོད་པས་ཕྲུ་གུ་སློབ་གསོའི་གཞུང་ལུགས་ཀྱི་ཆོས་ཉིད་དང་མཐུན་པ།

གཉིས། ཁ་བྱང་སྒྲིག་འགོད་ཀྱི་ཐད་ནས་ཐད་ཀར་དུ་ས་བོན། མེ་ཏོག ནགས་ཚལ། ཉ། སྲིན་འབུ། སོ། སྣ། ལག་པ། བྱིས་པ་ཁང་། རླངས་འཁོར། ལྕགས་ལམ། ཀྲུང་གོ། པེ་ཅིན་སོགས་མིང་ཚིག་རྐྱང་རྐྱང་བཀོད་པ་ཁོ་ན་ཙམ་མ་ཡིན་པར། བུས་པའི་སེམས་ཁམས་དང་བསྟུན་ཏེ་སྤྲོ་སྣང་བསྐྱེད་པའི་འདྲི་ཚིག་གླེང་ནས་བློ་འགུག་པ་སྟེ། དཔེར་ན། ཁྱོད་ཀྱིས་རྐང་པ་རྒྱག་ཐུབ་པའི་རྩི་ཤིང་མཐོང་མྱོང་ངམ། ཁྱོད་ཀྱིས་ཀུ་ཤུའི་རྒྱལ་པོ་སུ་ཞིག་བསྐོ་གཞག་བྱ་འདོད་དམ། ས་བོན་གྱིས་ལྗོངས་རྒྱུ་ཇི་ལྟར་བྱེད་ཀྱིན་ཡོད་དམ། ཁྱོད་ཀྱིས་རང་ཉིད་གང་ནས་ཡོང་བ་ཤེས་སམ། མིའི་ལུས་པོས་སྐད་ཆ་བཤད་ཤེས་པས་ཁྱོད་ཀྱིས་ཐོས་བྱུང་ངམ། ཁྱོད་རང་འགྲིམ་འགྲུལ་ཡོ་བྱད་གང་དག་ལ་བསྡད་མྱོང་ངམ། ཁྱོད་ཀྱིས་བལྟས་ན་མ་འོངས་པའི་རླངས་འཁོར་གང་འདྲ་ཞིག་ཡིན། ཁྱོད་རང་འགྲོ་སའི་བྱིས་སྙོར་ཁང་དེ་གང་འདྲ་ཡིན་ནམ། ཁྱོད་ཀྱིས་བྱིས་སྙོར་ཁང་ནས་གད་བདར་གཙང་སྦྲ་བྱས་མྱོང་ངམ། ཁྱོད་ནི་སྙིང་སྟོབས་ཆེ་བའི་བྱིས་པ་ཞིག་ཡིན་ནམ། བྱ་བ་ཅི་ཞིག་གིས་ཁྱོད་རང་ཡིད་སྐྱོ་བར་བྱས་སོང་། ཞེས་དཔེ་དེ་དང་དེ་བཞིན་དུ་བུས་པའི་དགའ་ཕྱོགས་དང་འདོད་ཚུལ། བསམ་བློ་གཏོང་སྟངས་ལ་དམིགས་ནས་བརྗོད་བྱའི་ནང་དོན་རེ་རེ་ཕྲུ་གུའི་སྐད་ཆ་ཤོད་སྟངས་སྤྱད་ནས་ཕན་ཚུན་ཁ་བརྡའི་ཚུལ་དུ་བསྒྲིགས་ཡོད།

གསུམ། དེབ་ཕྲེང་དེའི་ཁྲོད་དུ་ཁྱིམ་བདག་དང་བུ་ཕྲུག་ཕན་ཚུན་བགྲོ་གླེང་སྤེལ་རེས་བྱེད་དགོས་པའི་ལེ་ཚན་ཤིན་ཏུ་མང་། དོན་ཚན་རེ་རེའི་བར་བཅུག་ཏུ། “གཅེས་ཕྲུག་བྱིས་གླུ་ལོངས་ཤིག”ཅེས་བརྗོད་བྱའི་ནང་དོན་དང་འབྲེལ་ཡོད་ཀྱི་བྱིས་གླུ་རེ་སྒྲིག་བཀོད་བྱས་ཡོད། དེ་མིན་ད་དུང“ཨ་མས་བཤད་རོགས”དང“གཅེས་ཕྲུག་གིས་ཤོད་དང”ཞེས་བརྗོད་བྱའི་དོན་ཚན་གྱི་ནང་དོན་ལྟར་བུས་པར་འཕྲད་པའི་དོགས་གཞིའམ་གནད་དོན་ཁ་ཤས་བསམ་གཞིག་འདྲི་གཞི་རུ་དྲངས་ཡོད་པ་སྟེ། དཔེར་ན། 《བསམ་བག》གི་དེབ་ལས། དགའ་བ་བཤད་པའི་སྐབས་སུ། “ཨ་མས་བཤད་རོགས། རང་ཉིད་ནམ་རྒྱུན་དགའ་དགའ་སྤྲོ་སྤྲོ་ཡོང་དགོས་ན་ཇི་ལྟར་བྱེད་དགོས་སམ།”ཞེས་དང་། “གཅེས་ཕྲུག་གིས་ཤོད་དང་། དོན་དག་གང་དང་གང་གིས་ཁྱེད་རང་དགའ་སྤྲོ་སྐྱེ་རུ་འཇུག་གིན་འདུག”ཅེས་པ་ལྟ་བུ་དང་། སྐྲག་སྣང་བརྗོད་པའི་སྐབས་སུ། “ཨ་མས་བཤད་རོགས། མི་རྒན་པ་ཚོ་ཡང་སྐྲག་རྒྱུ་ཡོད་དམ། རྒྱུ་མཚན་ཅི་ཡིན”ཞེས་དང་། “གཅེས་ཕྲུག་གིས་ཤོད་དང་། གལ་ཏེ་ཁྱོད་རང་སྐྲག་བྱུང་ན། སྐྲག་མི་ཡོང་བར་བྱེད་པའི་ཐབས་ཤེས་གང་ཡོད་དམ”ཞེས། དེ་ལྟ་བུས་ཁྱིམ་བདག་དང་ཕྲུ་གུ་ཕན་ཚུན་གྲོས་མོལ་དང་བསམ་བློ་བརྗེ་རེས་བྱ་རྒྱུའི་གོ་སྐབས་གནང་བར་མ་ཟད། ཁ་བརྡ་བྱས་པ་ལས་ཁྱིམ་བདག་དང་བུ་ཕྲུག་གི་འབྲེལ་བ་དམ་ཟབ་ཏུ་འགྲོ་བར་ཕན་བདེ་བསྐྲུན་ཡོད་པ་རེད། ད་དུང“ཁྱིམ་བདག་ལ་ཕུལ་གཏམ”ཞེས་བདེ་ཐང་གི་སྐོར་སོགས་འཚོ་བའི་རྒྱུན་ཤེས་དང་ཕྲུ་གུ་གསོ་སྐྱོང་ཐད་ཀྱི་ཐབས་ལམ་ཁ་ཤས་མཛུབ་སྟོན་གནང་ཡོད། དེ་མིན“གཅེས་ཕྲུག་གིས་ཕྲིས་དང་།” “གཅེས་ཕྲུག་གིས་ཚོལ་དང”ཞེས་ཕྲུ་གུ་རང་གིས་བསམ་བློ་བཏང་ནས་བསྒྲུབ་དགོས་པའི་སྦྱོང་ཚན་ཡང་བཀོད་སྒྲིག་བྱས་ཡོད། དེ་དག་དེབ་ཕྲེང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་རེད།

བཞི། དེབ་ཧྲིལ་པོར་རྩྭ་རྩི་ཤིང་དང་འབུ་སྲིན། གཅན་གཟན་སྲོག་ཆགས་གང་ཡིན་སྐྱེ་དངོས་ཐམས་ཅད་འདྲ་མཉམ་འཆམ་མཐུན་ངང་གནས་པ་དང་། མཐའ་དག་གང་ཟག་ཏུ་རབ་བཏགས་ནས་ཕན་ཚུན་བགྲོ་གླེང་དང་རོགས་རེས་བྱེད་པ་དང་། གྲོགས་སྒྲིག་པ། མཉམ་དུ་འཚོ་སྡོད་བྱས་ཡོད། དཔེར་ན། 《རྩི་ཤིང》གི་དེབ་ལས། མེ་ཏོག་དང་སྔོ་རྩྭ། ར་མ། སྤྱང་ཀི། སྟག་མོ། འབུ་ཨ་ར་ར། སྡོང་པོ། དེ་བྱིངས་ཡུལ་སྐོར་བ་བཅས་ཕན་ཚུན་བགྲོ་གླེང་བྱེད་བཞིན་པ་ལྟ་བུ། སྣང་ཚུལ་དེ་ལས་ཕྲུ་གུ་ཚོར་ང་ཚོའི་རང་བྱུང་ཁམས་ནི་ཁྱིམ་གཞིས་ཆེན་མོ་ཞིག་ཡིན་ལ་ཕན་ཚུན་གཅིག་ལ་གཅིག་རྟེན། ཕན་ཚུན་འདྲ་མཉམ་ཡིན་པ། རང་དགར་མཆོག་དམན་གྱི་དབྱེ་བ་མི་འབྱེད་པ། ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་དུ་གནས་དགོས་པ་སོགས་བསྟན་པ་དང་། ཆུང་ཕྲུ་གུ་དུས་ནས་བྱམས་དང་སྙིང་རྗེའི་བརྩེ་བ་ཡིད་ལ་བག་ཆགས་ཟབ་མོ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། དེ་ནི་བྱིས་པའི་ཀློག་དེབ་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཀྱང་ཡིན།

ལྔ། བརྗོད་བྱའི་ནང་དོན་མང་ཆེ་བ་ཕྲུ་གུ་ཚོར་ཤིན་ཏུ་དགའ་བའི་འགུལ་རིས་ཅན་གྱི་རི་མོ་སྦྱར་ཏེ་གཏམ་རྒྱུད་ཀྱི་ཚུལ་ནས་ཤེས་བྱ་གླེང་གིན་ཡོད། དཔེར་ན《རྩི་ཤིང》གི་དེབ་ལས། སོག་ལེ་ཇི་ལྟར་ཐོན་པ་བརྗོད་པ་ལ། རྩྭ་འཇག་མས་ལུའུ་པན་གྱི་ལག་པ་རྨས་པའི་གཏམ་རྒྱུད་དེ་རི་མོ་སྦྱར་ནས་གསོན་ཉམས་དོད་པོས་བརྗོད་ཡོད། ཡང་ཕྲུ་གུར་མཚོན་ན་དབྱེ་བ་འབྱེད་དཀའ་བའི་གྲོ་དང་འབྲས། སྲན་སེར། མ་རྨོས་ལོ་ཏོག སྲན་དམར། སྲན་སེར། སྲན་ལྗང་། སྲན་ཆུང་ལྟ་བུའང་རེ་རེ་རབ་བཏགས་ཚུལ་གྱི་འགུལ་རིས་རི་མོ་སྦྱར་ནས་རང་ཉིད་ངོ་སྤྲོད་བྱས་ཏེ་ཕྲུ་གུས་ངོས་འཛིན་བྱེད་སླ་བར་བཟོས་ཡོད། དེ་བཞིན་དུ《ལུས་ཕུང》གི་དེབ་ལས། མིག་ཟུང་བརྗོད་པའི་སྐབས་སུ། སྤྲེལ་ཕྲུག་དང་སྦལ་ཆུང་། རེའུ། བྱི་ལ། དྲེད་ཕྲུག ཁྱི་ཕྲུག་བཅས་ཀྱིས་ཤེལ་མིག་གི་བདག་པོ་འཚོལ་བའི་གཏམ་རྒྱུད་ཅིག་བསྒྲིགས་ནས་ཤུགས་བསྟན་དུ་མིག་ལ་བདག་སྐྱོང་བྱ་དགོས་པའི་གལ་ཆེའི་རང་བཞིན་བཤད་ཡོད། ཡང་། ཟས་ཀྱི་སྐོར་བརྗོད་པའི་སྐབས་སུ། སྲོག་ལྡན་དུ་རབ་བཏགས་པའི་སྲན་ཆུང་ཞིག་བྱིས་པའི་ཁ་ནས་ལྟོ་བའི་ནང་དུ་འགྲུལ་སྐྱོད་རྒྱག་པར་ཆ་བཞག་ནས། མིད་པ་དང་ཕོ་བ། རྒྱུ་ནག རྒྱུ་དཀར་བརྒྱུད་ཕྱིར་ཐོན་པ་སྟེ། ཟས་བཟའ་བ་ནས་འཇུ་བའི་བར་གྱི་བརྒྱུད་རིམ་ཡོངས་གསོན་ཉམས་དོད་པོའི་ངང་ནས་མངོན་སུམ་གསལ་རྗེན་དུ་བཏོན་ཡོད་ལ། རི་མོ་མཛེས་ལ་མིག་དབང་གི་སྤྲོ་བའང་མི་ལོག་པ་ཞིག་བཟོས་ཡོད་པ་ལྟ་བུ།

དྲུག མཚོན་རིས་ཐད་ནས་ཕྲུ་གུའི་ཡིད་དབང་འགུག་ཐུབ་པ། དེབ་ཧྲིལ་པོ་ཚོན་མདོག་ཅན་དུ་བཟོས་ཡོད་ལ་རི་མོས་ཤོག་ངོས་ཡོངས་སུ་ཁེབས་པར་བྱས་ཡོད། བར་བཅུག་གི་རི་མོ་རེ་རེར་གསོན་ཉམས་ལྡན་ལ་ཕྲུ་གུའི་སེམས་ཁམས་རིག་པ་དང་མཛེས་དཔྱོད་ལྟ་བ་དང་མཐུན་པ། ཁོ་ཚོའི་མིག་གི་མཐོང་ལམ་དུ་གྱུར་པའི་མཐའ་འཁོར་གྱི་འཚོ་བ་དངོས་དཔེར་བཞག་ནས་བྲིས་ཡོད་པས། བསམ་པའི་བག་ཆགས་ཟབ་ལ་དེབ་འདི་ཐེངས་ག་ཚོད་བཀླགས་ཀྱང་སྤྲོ་བ་ལྡན་པ་ཞིག་བྱས་ཡོད། དེབ་ཡོངས་ཚོན་མདོག་མང་ཡང་ཁྲ་ལྷེམ་ལྷེམ་མིག་འཁྲུལ་ཞིང་ཀླད་པ་འཁྲུག་པ་ཞིག་མ་ཡིན་པར་ཁ་དོག་གི་དྲག་ཞན་གྱི་དབྱེ་བ་ཚད་དང་མཐུན་པ་དང་། ཚོན་གྱི་སྡེབ་སྒྲིག་ལེགས་པས་མིག་གི་དབང་པོར་མི་གནོད་པ་ཞིག་བཟོས་ཡོད།

མདོར་ན། དེབ་ཕྲེང་འདིར་གོང་གི་ཁྱད་ཆོས་དེ་དག་ལས་གཞན་ད་དུང་ཤེས་བྱའི་རྣམ་གྲངས་ཕུན་སུམ་ཚོགས་པ་དང་། ཚན་རིག་རང་བཞིན། སྤྲོ་བསྐྱེད་རང་བཞིན། རྩེད་འཇོའི་རང་བཞིན་ལྡན་པར་མ་ཟད། ཕྲུ་གུའི་རིག་སྒོ་ཕྱེ་ནས་ཤེས་རབ་རྒྱས་པར་བྱེད་པ་དང་། སྒོས་སུ་སློབ་ལོ་མ་རན་པའི་ཕྲུ་གུ་ཚོར་མཚོན་ན་ཡིད་ཀྱི་སེམས་ཤུགས་བསྐྱེད་དེ་རང་ཉིད་དོ་དམ་དང་རང་ཉིད་བདག་སྐྱོང་བྱེད་པར་ཕན་རྐྱེན་བསྐྲུན་ཐུབ་པས། དེབ་ཕྲེང་འདི་ཁྱིམ་ཚང་གི་སློབ་གསོའི་རྨང་གཞིའི་ཀློག་དེབ་ཏུ་བྱ་རུང་ལ། བྱིས་པ་ཁང་གི་འཁྲིད་གཞིའི་ལེགས་དེབ་ཅིག་ཏུ་བཞག་ཆོག་ཆོག་ཡིན་ནོ། །

གསུམ་པ། བྱིས་པའི་ཀློག་དེབ་རྩོམ་སྒྲིག་སྐོར་གྱི་བསམ་གཞིག

ཀྲུང་གོའི་ཕྲུ་གུའི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་ཚོགས་དེ་ལ་ཀྲུང་གོའི་བྱིས་པའི་དཔེ་དེབ་བྱ་དགའ་ཨང་དང་པོ་དང་། དཔེ་སྐྲུན་ལས་རིགས་ཁྲོད་ཆེས་བྲིན་བདེའི་དཔེ་དེབ་ཕུལ་དུ་བྱུང་བ་སོགས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་མང་པོ་ཐོབ་ཅིང་། བྱིས་པའི་ཀློག་དེབ་རྩོམ་སྒྲིག་གི་ཚབ་མཚོན་རང་བཞིན་ལྡན་པའི་ཀློག་དེབ་ཅིག་ཏུ་གྱུར་ཡོད། དེ་བས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱིས་པའི་ཀློག་དེབ་རྩོམ་སྒྲིག་བྱེད་སྐབས་ཀྱང་གོང་གི་དཔེ་ཚོགས་དེའི་རྩོམ་སྒྲིག་གི་ཆོས་ཉིད་དང་གཞུང་ལུགས་དཔྱད་གཞིར་བཟུང་ཆོག་པ་རེད། དེས་ན་ཚུལ་དང་མཐུན་པའི་བྱིས་པའི་ཀློག་དེབ་ཅིག་རྩོམ་སྒྲིག་བྱེད་སྐབས་ངེས་པར་དུ་ཆ་རྐྱེན་གང་དག་འཛོམས་དགོས་ཤེ་ན།

གཅིག ཐོག་མར་བྱིས་པའི་སློབ་གསོ་ལ་ལྷག་བསམ་རྣམ་དག་གིས་འགན་འཁུར་རྒྱུ་དེ་ཤིན་ཏུ་འགངས་ཆེ་བ། དེ་ནས་ཀློག་མཁན་བྱིས་པའི་ལོ་ཚོད་གཏན་འཁེལ་བྱས་ཏེ། ལོ་ཚོད་དེ་གའི་བྱིས་པའི་སེམས་ཁམས་དང་ཡིད་ཀྱི་འཆར་སྣང་། བསམ་པའི་ཁྱད་རྟགས་ལ་བརྟག་དཔྱད་བྱས་རྗེས། སློབ་གསོའི་དགོས་མཁོ་དང་བསྟུན་ནས་ཀློག་དེབ་ཀྱི་ཁ་ཕྱོགས་དང་བརྗོད་བྱ་གཙོ་བོ་གཏན་འཁེལ་བྱེད་དགོས།

གཉིས། བརྗོད་བྱའི་ནང་དོན་རྩོམ་སྒྲིག་བྱེད་སྐབས་ངེས་པར་དུ་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་ཤེས་རྟོགས་ཀྱི་ནུས་ཚད་གཞིར་བཟུང་ནས། ཁོ་ཚོ་དངོས་གནས་ཀྱི་འཚོ་བའི་ཁྱབ་ཁོངས་ནས་ཆ་རྒྱུས་ལྡན་པའི་རྒྱུ་ཆ་འཚོལ་སྡུད་བྱེད་པར་མ་ཟད། བྱིས་པའི་ཡིད་ཀྱི་མྱོང་ཚོར་དང་འབྲེལ་བ་དམ་ཟབ་ཆགས་པར་བྱས་ན་ད་གཟོད་བྱིས་པའི་སྤྲོ་སྣང་བསྐྱེད་ཐུབ་པ་རེད། དེར་མ་ཟད་ཡིད་འཇོག་བྱ་དགོས་པ་ཞིག་ལ། ནང་དོན་གྱི་ཚད་གཞི་དེ་བྱིས་པའི་རིག་སྟོབས་ཀྱི་ནུས་ཚད་ལས་མི་འདའ་བར་བྱ་བ་དང་། ཐོག་མཐའ་བར་གསུམ་དུ་བྱམས་སྙིང་རྗེ་དང་འདྲ་མཉམ། འཆམ་མཐུན། བརྩེ་བ་མངོན་པར་བྱེད་པ། ཤི་གསོན་འཁྲུག་རྩོད་སོགས་ལོག་སྤྱོད་དྲག་ཤུགས་ལྡན་པའི་ནང་དོན་ངེས་པར་དུ་འཛེམ་དགོས་པ་ཞིག་རེད།

གསུམ། བརྡ་སྤྲོད་ཀྱི་ཐད་ནས་ངེས་པར་དུ་བྱིས་པའི་སྐད་ཆ་མཚོན་ཅི་ཐུབ་བྱ་དགོས་ཏེ། ཀློག་བདེ་བ་དང་རྟོགས་སླ་བ། ཚིག་སྦྱོར་སྙན་པའི་ཁྱད་ཆོས་འབུར་དུ་ཐོན་དགོས་པ་དང་། ཤེས་བྱའི་རྣམ་གྲངས་ལྡན་པའི་རྨང་གཞིའི་སྟེང་ཡིག་གྲངས་ཉུང་དགོས་པ་དང་། ཤོག་ངོས་བཅུ་ཕྲག་ལས་མི་འདའ་བར་ཚོད་འཛིན་བྱ་དགོས། དེ་མིན་ཡིག་ནོར་དང་ཚིག་སྐྱོན་གཏན་ནས་མེད་པ་བྱ་དགོས།

བཞི། དེབ་ངོས་ཀྱི་སྒྲིག་བཟོ་དེ་སྒྲིག་རིམ་ཡོད་ལ་སྟབས་བདེ་ཡིན་དགོས་པ་དང་། ཁ་དོག་སྣ་གཅིག་རྐྱང་མ་ཡིན་པར་ཚོན་མདོག་འདྲ་མིན་ལྡན་དགོས་ཤིང་། བར་བཅུག་གི་རི་མོ་དེ་གསོན་ཉམས་ལྡན་དགོས་ལ་བྱིས་པའི་མཛེས་དཔྱོད་དང་འདོད་བློར་བསྟུན་ནས་བློ་ཡིད་འགུག་པ་དང་སྤྲོ་སྣང་བསྐྱེད་ཐུབ་པ་ཞིག་ཡིན་དགོས།

ལྔ། དེ་བྱིངས་ཤོག་བུ་བེད་སྤྱོད་སྐབས་ལུས་ཁམས་བདེ་ཐང་ལ་མི་གནོད་པའི་ལྗང་མདོག་དང་རང་བྱུང་སྤུས་ལེགས་ཀྱི་རྒྱུ་ཆ་བཟང་ཤོས་གདམ་དགོས། དེ་ལྟར་ན་ད་གཟོད་བྱིས་པའི་ཀློག་དེབ་ཚད་ལྡན་ཞིག་རྩོམ་སྒྲིག་བྱ་ཐུབ། ཕུལ་དུ་བྱུང་བའི་ཀློག་དེབ་ཅིག་ཡིན་ན་བྱིས་པའི་མ་འོངས་པའི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་པར་མ་ཟད། བྱིས་པའི་སློབ་གསོ་གོང་དུ་འཕེལ་བར་སྐུལ་འདེད་དང་ནུས་པ་ཆེན་པོ་འདོན་ཐུབ་པ་ཞིག་ཡིན་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།