ཚེ་རིང་དོན་གྲུབ་ཀྱིས་གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་ལུགས་ལ་དཔྱད་པ།

ནང་དོན་གནད་བསྡུས།】སྤྱིར་བཏང་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ནི་རྩོམ་མཁན་སོ་སོའི་རང་ཉིད་ཀྱི་བརྩམས་ཆོས་གང་དེའི་ཀྱག་ཀྱོག་གི་བྱུང་རིམ་ཇི་ལྟར་རྒྱ་བསྐྱེད་པའི་མཚོན་ཐབས་ཤིག་ཡིན་ལ། སྒོས་སུ་སྒྲུང་གཏམ་གྱི་རྩོམ་མགོ་ནི་རྩོམ་མཁན་སོ་སོའི་རང་ཉིད་ཀྱི་འདོད་མོས་ལྟར་བཟུང་ཆོག་པ་ཞིག་ཡིན། སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་མཚོན་ན་ཡང་ཁོ་རང་གི་རྩོམ་མགོ་འཛིན་ལུགས་ལ་ཁོའི་ཁྱད་ཆོས་ཅུང་མངོན་གསལ་དོད་པོ་ཡོད་དེ། དཔེར་ན་དམངས་ཁྲོད་ཀྱི་གཏམ་དཔེ་ག་གེ་མོ་ཞིག་ལ་སྦྱར་ནས་རྩོམ་མགོ་འཛིན་པ་དང་། ངག་རྒྱུན་ཞིག་ལ་སྦྱར་ནས་རྩོམ་མགོ་འཛིན་པ་ལྟ་བུ་ནི་ཁོང་གི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་རྩོམ་མགོ་འཛིན་ལུགས་ཀྱི་ཁྱད་ཆོས་ཤིག་དང་དེ་ལ་དགེ་མཚན་ཡང་མི་ཉུང་བ་ཞིག་ཡོད་པར་མཐོང་ནས་དཔྱད་རྩོམ་འདི་བྲིས་པ་དགེའོ། །

【བརྡ་ཆད་གཙོ་བོ། 】སྒྲུང་གཏམ། རྩོམ་མགོ་འཛིན་ལུགས། གསར་རྩོམ།


དང་པོ། ཚེ་རིང་དོན་གྲུབ་ཀྱིས་གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ཀྱི་ཁྱད་ཆོས།

གཅིག གཏམ་དཔེར་སྦྱར་ནས་རྩོམ་མགོ་འཛིན་ལུགས་ཀྱི་ཁྱད་ཆོས།

ཀ 《ཞོ》

“དབྱར་ཁའི་ཞོ་དང་དགུན་ཁའི་ཤ”རྩོམ་མཁན་གྱིས་གཏམ་དཔེ་འདི་ལ་དྲངས་ནས་བརྗོད་དོན་སྲིད་གཞུང་གི་མུག་སྐྱོབ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་རྒན་མོ་ཁེར་འདུག་ཅིག་གི་དཀའ་ཁག་གི་འཚོ་བ་ཞིབ་འབྲི་བརྒྱུད། རྒན་མོས་ཉིན་ཉི་ཤུ་ལྷག་གི་རིང་ལ་བསགས་པའི་འོ་མ་ལས་འབྲི་ཞོ་བ་མ་གང་བསྙལ་ནས་ཨ་ལགས་འབྲོང་ཚང་ལ་ཕུལ་མོད། ཡིན་ཡང་ཨ་ལགས་འབྲོང་ཚང་ནི་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ལས་དམངས་ཀྱི་སྐྱིད་སྡུག་བསམ་མཁན་ཞིག་མ་ཡིན། ཨ་ལགས་འབྲོང་གིས་རྒན་མོས་ཁྱེར་ཡོང་བའི་འབྲི་ཞོ་བ་མ་དང་བཅས་རྫོང་དཔོན་ལ་ཕུལ་རྗེས། “ཞོ་འོ་མ་རེ་དགོས་ན་ཁ་ལོ་པ་མངགས་པས་ཆོག”རྩོམ་མཁན་ནམ་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་སྐད་ཆ་འདི་ནི་ཅི་འདྲའི་ཟུར་ཟ་དང་སྒྱུ་རྩལ་གྱི་ཉམས་ཞུགས་པ་ཞིག་རེད་ཨང་། རེད་དེ་སྲིད་གཞུང་གི་མུག་སྐྱོབ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་རྒན་མོ་ཞིག་ཕར་ཞོག ཁྱིམ་ཚང་ཕྱུག་པོ་ཞིག་ལ་མཚོན་ན་ཡང་དགུན་ཁའི་ཞོ་ནི་ཤིན་ཏུ་དཀོན། ཡིན་ཡང་ཨ་ལགས་འབྲོང་ཚང་གིས་འཛེམ་བག་མེད་པར་ཞོ་བ་མ་དང་བཅས་རྗོང་དཔོན་ལ་བྱིན་པ་ནི་རྒན་མོ་ཞིག་ལ་མཚོན་ན་ཅི་འདྲའི་ཐབས་ཟད་འུ་ཐུགས་ཀྱི་བྱ་བ་ཞིག་རེད་ཨང་། དེ་བས“དགུན་ཁའི་ཞོ་དང་དབྱར་ཁའི་ཤ”གཏམ་དཔེ་འདིས་བརྗོད་བྱའི་ནང་དོན་གྱི་སྣེ་དྲངས་ནས་ཀྱག་ཀྱོག་གི་བྱུང་རིམ་རྒྱ་བསྐྱེད་ཡོད་པར་མ་ཟད། རྩོམ་མགོའི་གཏམ་དཔེ་ཡིས་བརྩམས་ཆོས་སྤྱིའི་བརྗོད་བྱའི་ནང་དོན་བསྟན་ཡོད་ལ། ལྡེ་མིག་གིས་ཟྭ་ཕྱེ་བ་ནང་བཞིན་སྒྲུང་གཏམ་གྱི་སྒྲུང་སྒོ་འབྱེད་པའི་ཁྱད་ཆོས་འདུག

ཁ 《འབུམ་སྐྱབས》

“རང་གི་ངོ་གདོང་བཙོག་ན། མེ་ལོང་འཁྱོག་འདུག་མ་ཟེར།”ཞེས་པའི་གཏམ་དཔེར་བྱུང་རིམ་གཙོ་བོ་འབུམ་སྐྱབས་ཀྱི་བྱ་བྱེད་སྟེང་ན་ཡོད་པས། འབུམ་སྐྱབས་ཀྱི་དགོད་བྲོ་ཞིང་ངུ་སྐྱེན་པའི་བྱ་བྱེད་དག་ནི་སྒྲུང་གཏམ་གྱི་སྤྱིའི་དམིགས་འབེན་གཙོ་བོ་རེད། དེ་བས་སྒྲུང་མགོའི་གཏམ་དཔེ་ཡང་འབུམ་སྐྱབས་ཀྱི་བྱ་བྱེད་སྟེང་ལ་བབས་ཡོད་དེ། དཔེར་ན། འབུམ་སྐྱབས་ནི་ལོ་ན་ཆེ་གྲས་ཀྱི་རྒན་པ་ཞིག་ཡིན་ནའང་། གསོལ་སྟོན་གྱི་སྐབས་སུ་ཁོས་ཐོག་མཐའ་བར་གསུམ་དུ“ང”གཙོ་བྱས་པའི་མི་རྣམས་ལ་ཞབས་ཞུ་སྒྲུབ་པ་དང་། “ང”ཡིས་ཆེད་དུ་འབུམ་སྐྱབས་དང་ཆང་འཐུང་རྩིས་བྱེད་སྐབས། སུ་ཞིག་གིས་ང་ལ་ཆང་མང་པོ་འདྲེན་མི་རུང་ཞེས་བཤད་པར་འབུམ་སྐྱབས་ཀྱི་གཉའ་སྒུར་སྒུར་བྱས་ནས་ཕྱིར་བཀྱེད། ཡང་ཁོ་ནི་ནམ་ཡང་གདོང་འཛུམ་འཛུམ་དང་། མགོ་ལྡེམ་ལྡེམ། གཉའ་སྒུར་སྒུར་བྱས་ཏེ་ང་ལ་ཟས་འདྲེན་ཞིང་ཐ་མག་འཐེན་དུས་མེ་བསྒོ་བ་སོགས་ཀྱི་ལས་ཀ་སྣ་ཚོགས་ལ་ཤིན་ཏུ་མཁས་པ། མི་དང་མི་བར་གྱི་འབྲེལ་བ་དང་ལྷག་པར་མགོ་ཁྲིད་རིམ་པའི་འབྲེལ་བར་རྒྱས་ཆེ་བ། རྗེས་སུ“ང”ལས་གྲྭ་རིམ་གཙོ་བོའི་ལས་གནས་ལོན་པ་དང་། གྲྭ་རིམ་གཙོ་བོ་ལོན་རྗེས་རྫོང་དཔོན་གཞོན་པའི་གྲྭ་རིམ་པ་ལ་དམིགས་ཤིང་། སློབ་ཐོན་ལག་འཁྱེར་དང་ན་ཚོད་རང་འདོད་ལྟར་སྣོག་འབྲི་བྱས་ནས་གོ་གནས་འཕར་རྗེས། “ང”ལ་རྒྱབ་བསྟན་ཏེ་ཡའོ་ཧྲུའུ་ཅུ་ལས་མཐའ་མར“ང”ཡི་ལས་གནས་སྤར་དུས་སྐྱེལ་མ་བྱེད་དུའང་ཡོང་མེད་པ་སོགས་བྱུང་རིམ་ལས་འབུམ་སྐྱབས་ནི་མི་ཅི་འདྲ་ཞིག་ཡིན་པ་བསྟན་ཡོད་པ་མ་ཟད། འབུམ་སྐྱབས་ཀྱི་བྱ་བྱེད་དང་བསྡོངས་ནས་མགོ་ཁྲིད་རིམ་པའི་ཁྲོད་ཀྱི་འབུམ་སྐྱབས་དང་བླ་སྤྲུལ་ཁྲོད་ཀྱི་འབུམ་སྐྱབས་ཀྱི་བྱ་བྱེད་ལ་དགག་པ་དང་ཟུར་ཟ་བྱས་ཡོད་པ་ནི་རྩོམ་མགོའི་གཏམ་དཔེ་ལས་ཡོངས་སུ་མཚོན་ཐུབ་པས་ན། སྒྲུང་མགོར་གཏམ་དཔེ་སྦྱར་ནས་མགོ་འཛིན་ལུགས་འདིའི་རིགས་ལ་རྩོམ་མཁན་གྱི་ཟུར་ཟ་དང་དགག་གཞག་གི་རྣམ་འགྱུར་མངའ་བར་འདོད་དོ། །

ག 《སྣ་གཅུ》

“མགོ་བོར་རེག་ན་སྐྲ་ལོ་སྤར་བ་གང་། རྐང་པར་རེག་ན་སེན་མོ་སྤར་བ་གང་།”རྩོམ་མཁན་གྱིས་གཏམ་དཔེ་འདི་ལ་དྲངས་ནས་ན་གཞོན་གདུགས་དཀར་ཚེ་རིང་གིས་རྒྱན་བཞག་ནས་ཁྱིམ་ཚང་ཡང་ཕུངས་པར་བྱས་པའི་རྒྱན་སྐུགས་ཀྱི་ནག་ཉེས་བརྗོད་པ་ཞིག་ཏུ་ངེས་ནའང་། དེ་ནི་གོང་གི་ནང་དོན་དང་མི་མཚུངས་པར་དགག་བཞག་གི་དོན་གཉེར་གཙོར་བཟུང་མེད་པར་མི་སྣ་གདུགས་དཀར་ཚེ་རིང་གི་སེམས་ཀྱི་འགྱུར་ལྡོག་གི་ཆ་དེ་འབུར་དུ་དོད་ནས་བྲིས་འདུག་པ་སྟེ། དཔེར་ན། རྒྱན་སྐུགས་ནས་ཕམ་པའི་གདུགས་དཀར་ཚེ་རིང་ཕ་ཡུལ་ཕྱོགས་ལ་འགྲོ་དུས་ཁོ་རང་སྤྱི་རྒྱ་སྟོང་གི་ཁུར་པོ་ཞིག་གིས་མནན་པ་ལྟར་གོམ་པ་ཁྱར་ཁྱོར་གྱིས་རྫོང་མཁར་ནས་ཡུལ་ཕྱོགས་སུ་འགྲོ་བ་དང་། “ང་མི་མ་རེད། ང་ཁྱིམ་ལ་འཛུལ་སྲོལ་མེད། ངས་བཟའ་མི་ཚོའི་ངོ་ལ་ཇི་ལྟར་བལྟ། ……ཨ་ཧོ……ངའི་བྱ་འདི……གདུགས་དཀར་ཚེ་རིང་གིས་ཆིག་ལབ་རྒྱག་ཞོར་རང་གི་བྲང་ཁ་བརྡུངས”པའི་ངང་ཚུལ། གདུགས་དཀར་ཚེ་རིང་ནི་རྒྱན་སྐུགས་རྒྱན་འཇོག་མ་ལོབས་སྔོན་ཅི་འདྲའི་མི་ཡ་རབས་སྤྱོད་བཟང་ཡིན་ཚུལ་དང་། རྒྱན་བཞག་པ་ནས་སྡེ་མི་ཡོངས་ཀྱིས་ཁོ་རང་མི་གྲལ་ཕར་ཞོག ཁྱི་གྲལ་ལའང་འཇོག་གིན་མེད་པ། སྡེ་མི་ཡོངས་ཀྱིས་ཡང་ནས་བསྐྱར་དུ་རོགས་སྐྱོར་བྱས། དེང་ཕྱིན་ཆད་རྒྱན་མི་འཇོག་པའི་དམ་བཅའ་བཞག་ན་ཡང་། ཡང་ནས་བསྐྱར་དུ་རྒྱན་འཇོག་པ་ནི་གདུགས་དཀར་ཚེ་རིང་གི་བྱ་བྱེད་སྟེང་ནས་ཀྱག་ཀྱོག་གི་བྱུང་རིམ་རྒྱ་བསྐྱེད་ཡོད་ལ། རྩོམ་མགོའི “མགོ་བོར་རེག་ན་སྐྲ་ལོ་སྤར་བ་གང་། རྐང་པར་རེག་ན་སེན་མོ་སྤར་བ་གང”ཞེས་པའི་གཏམ་དཔེར་སྦྱར་ཡོད་པ་དེ་ནི་མི་སྣའི་གནས་བབ་སྟོན་པར་འོས་ཤིང་འཚམ་ལ། ཚིག་དོན་ཉུང་བསྡུས་ཀྱིས་སྣང་བརྙན་མིག་ངོར་སྟོན་པའི་ཁྱད་ཆོས་མངོན་གསལ་ཡོད་པར་འདོད་དོ། །

གཉིས། ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་ལུགས་ཀྱི་ཁྱད་ཆོས།

ཀ 《མ་ཅཱང》

“འཇར་པན་གྱི་ངག་རྒྱུན་ལྟར་ན་རྡོ་ཐ་བྱ་བའི་གནོད་བྱེད་འདི་དང་པོ་བདུད་འདྲེ་ཞིག་གིས་མི་ཡུལ་དུ་ཁྱེར་ཡོང་ཟེར”རྩོམ་མཁན་གྱིས་ངག་རྒྱུན་འདི་ལ་དྲངས་ནས་སྲིད་གཞུང་གིས་ཕྱིར་འབུད་བྱས་ཟིན་པའི་ལས་བྱེད་པ་ཞིག་གིས་མཱ་ཅང་ཟེར་བའི་རྒྱན་སྐུགས་ཀྱི་ཡོ་བྱད་དེ་ཁྱེར་ཡོང་བ་ནས། དང་ཐོག་སྡེ་བའི་གསར་བུ་ཚོར་མཱ་ཅང་ཇི་ལྟར་རྩེ་ཚུལ་ཁྲིད་པ་དང་རྗེས་སུ་རྒྱན་ཇི་ལྟར་སྐུག་ཚུལ་ཁྲིད། རྩེ་གཞུང་སྡེ་བའི་གསར་བུ་ཚོ་མཱ་ཅང་རྩེ་བར་སྤྲོ་སེམས་འཕེལ་ནས་རྒྱན་སྐུགས་པ་དང་མཐའ་མར་ཆུང་མའང་རྒྱན་ལ་མི་འཇོག་ཀ་མེད་བྱུང་། གནས་ཚུལ་དེ་རྒན་པོ་བསམ་ཤེས་ཚོས་མཐོང་ནས་འདུག་མ་བཟོད་པར་ཨ་ལགས་འབྲོང་ཚང་གི་མདུན་ལ་མཱ་ཅང་ཟེར་བའི་གདོན་འདྲེ་དེ་ཚར་གཅོད་བྱེད་པའི་རིམ་གྲོ་རེ་ཞུ་རུ་སོང་ན་ཡང་། ཨ་ལགས་འབྲོང་ཚང་གཙོས་རིག་མ་འཁོར་དང་བཅས་པས་ཀྱང་མཱ་ཅང་རྩེད་བཞིན་ཡོད་པ་དང་། དེའི་རྗེས་སུ་གོང་རིམ་གྱིས་བཀོད་སྒྲིག་ལྟར་ང་རྩེ་གཞུང་སྡེ་བའི་དུད་ཚང་སྐོར་ཞིག་སྤྲང་པོར་གྱུར་པའི་རྒྱུ་རྐྱེན་རྩད་གཅོད་བྱེད་པར་མངགས་པ་དང་། རྩེ་གཞུང་སྡེ་བར་ག་ས་གང་དུ་བསང་ཁྲི་དང་འདྲ་བའི་ས་ཐེམ་གྲུ་བཞི་དམའ་མོས་བཀང་ཡོད་པ་ནི་ཕྱུགས་རྫི་ཚོ་མཱ་ཅང་རྩེད་ས་ཡིན་པ་ཤེས་པ་དང་། སྤྲང་པོར་གྱུར་པའི་རྒྱུ་རྐྱེན་ཡང་མཱ་ཅང་གི་ནག་ཉེས་ཡིན་པ་ཤེས་ནས་རྩེ་གཞུང་སྡེ་བའི་མཱ་ཅང་གཞུང་བཞེས་བྱས། ཚེ་རིང་དོན་གྲུབ་ནི་སྐད་ཆའི་སྒྱུ་རྩལ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་ནི་རྩོམ་མཁན་ཁོང་གི་བརྩམས་ཆོས་དག་ལས་རྟོགས་ཐུབ་ལ། མཱ་ཅང་ལྟ་བུ་ལ་མཚོན་ན་ཡང་སྒྱུ་རྩལ་གྱི་སྐད་ཆའི་ཕྱུག་པའི་བརྩམས་ཆོས་ཤིག་རེད་འདོད། ཁོས་འབྲོག་པའི་གསར་བུ་ཚོས་མཱ་ཅང་རྩེ་ནས་རྒྱན་སྐུགས་ནས་རང་གཞན་གཉིས་གནོད་པར་བྱེད་པའི་གནས་ཚུལ་སྐྱོ་བོ་དེས་ནག་ཉེས་མཱ་ཅང་གི་སྟེང་བཀལ་ཡོད་པ་དང་། ཤུགས་སུ་འབྲོག་ཕྱོགས་ཀྱི་གསར་བུ་མཱ་ཅང་རྩེད་དགའ་ཅན་ཚོའི་ཐ་ཤུལ་གྱི་བྱ་སྤྱོད་ཐེར་འདོན་དང་། ཨ་ལགས་འབྲོང་ཚང་ནི་ཆོས་ལུགས་ཀྱི་མཚོན་བྱེད་མི་སྣ་ཡིན་ནའང་མཱ་ཅང་ལ་རོལ་ནས་སྡོད་པ།

ལས་བྱེད་པས་རྩེ་གཞུང་སྡེ་བ་ནས་བླངས་པའི་རྒྱུ་ནོར་ཁྱེར་ནས་རྫོང་ཐོག་ཏུ་སོང་ན་ཡང་ཅང་མ་འགོར་བར་སླར་ཡང་གྲང་ལྟོགས་ཀྱིས་མནར་བའི་སྤྲང་པོར་གྱུར་པ་ལྟ་བུ། རྒྱུ་ནོར་གཞུང་བཞེས་བྱེད་སྐབས་རྒན་པོས་བཤད་པའི་ད་ལྟ་ང་ལ་མཱ་ཅང་འདི་མ་གཏོགས་དངོས་པོ་རྩ་ཆེན་ཞིག་མེད། སྙིང་རྗེ་སྒོམས་རོགས། ལྟ་བུ་ལས་རྩོམ་མཁན་ཁོང་གི་ཟུར་ཟ་དང་དགག་གཞག སུན་འབྱིན་གྱི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོང་ལ། ཞོར་དུ་རྩོམ་མཁན་གྱིས་མི་རིགས་ལ་བཅིངས་པའི་ཟོལ་མེད་ཀྱི་ལྷག་བསམ་ཞིག་ཀྱང་མངོན་ཡོང་། བརྩམས་ཆོས་ཀྱིས་ཀློག་པ་པོར་ཡར་བསྐུལ་གྱི་ནུས་པ་ཐོན་དགོས་ན་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་དང་པོར་རྩིས་ཆོག་ཆོག་རེད་བསམ། དེ་བས་ངག་རྒྱུན་སྦྱར་ནས་རྩོམ་མགོ་འཛིན་བཟུང་ཡོད་པས་མཱ་ཅང་ལ་མཚོན་ན་ཟུར་ཟ་དང་དགག་གཞག སུན་འབྱིན་གྱི་བསམ་བློ་མཚོན་པའི་ཁྱད་ཆོས་ཡོད་པར་མ་ཟད། རྩོམ་མཁན་གྱི་ལྷག་བསམ་མཚོན་པའི་ཁྱད་ཆོས་ཤིག་ཀྱང་འདུག་སྙམ་མོ། །

ཁ 《གོང་དཀྲིས》

“བཤད་ཚུལ་ལྟར་ན་གོང་དཀྲིས་ཟེར་བའི་དཔོས་པོ་འདི་དང་ཐོག་ཡོ་རོབ་ཀྱི་ཤིང་རྟའི་ཁ་ལོ་པའི་སྐེ་དཀྲིས་ནས་འགྱུར་ཡོང་བ་རེད་ཟེར་བ་དང་། ཡང་རྒྱུ་ཆ་ལ་ལའི་ནང་དུ་འདི་ནི་དང་ཐོག་ནན་སི་ལ་ཧྥུའི་དམག་མི་སྐོར་ཞིག་གིས་ཧྥ་རན་སི་ལ་སྤེལ་རབས་བཤད……”བརྩམས་ཆོས་འདིའི་ནང་དུ་རྩོམ་མཁན་གྱིས་འབོད་པའི་ཐ་སྙད་དང་པོ་ང་སྦྱར་ནས་རྩོམ་འབྲི་བྱས་ཡོད་པ་དང་། འབོད་པའི་ཐ་སྙད་དང་པོ་སྦྱར་བའི་ང་ནི་ནང་ལོགས་ནས་སློབ་ཆེན་འགྲིམས་ཏེ་ཕྱིར་རང་ཡུལ་གྱི་རྫོང་སྲིད་གཞུང་ལ་ལས་བགོས་བྱས་པ་ཞིག་ཡིན་པ་དང་། ངས་གོང་དཀྲིས་དཀྲིས་ནས་སོང་བ་དང་ཐོག་ལས་ཁུངས་ཀྱི་མགོ་ཁྲིད་གཙོས་དང་ལེན་བྱེད་མ་ཐུབ་པ་དང་། རིག་གནས་གསར་པའི་ཉིན་རེ་ནས་ཉིན་རེར་སུམ་འཛུལ་གྱི་གོ་རིམ་ཁྲོད་ནས་ཀུན་པོས་དང་ལེན་བྱས་པར་མ་ཟད། མགོ་ཁྲིད་དང་བླ་སྤྲུལ་རྣམས་གསུམ་གྱིས་ཀྱང་དེ་རྒྱན་ཞིག་ཏུ་རྩི་བཞིན་ཡོད་པ་དང་། ལོ་བཅུ་ལྷག་གི་རྗེས་སུ་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ང་ལ“ཁྱོད་ཀྱིས་གོང་དཀྲིས་ཤིག་ཀྱང་མི་དཀྲི་བ་འདི་གོང་རིམ་མགོ་ཁྲིད་མིག་ནང་དུ་མ་བཞག་པ་མིན་ནམ། ངོ་མ་བྱ་བཙོག་གི”ཞེས་སྐྱོན་བརྗོད་བྱས་པ་ནི་ཅི་འདྲའི་དགོད་སྤྲོ་བའི་གཏམ་རྒྱུད་ཅིག་རེད་ཨང་། སྒྲུང་ཐུང་འདི་ནི་གོང་གི་མཱ་ཅང་དང་མི་འདྲ་བར་ཟུར་ཟ་དང་དགག་གཞག སུན་འབྱིན་གྱིས་ཁེངས་མི་འདུག་ལ། རྩེད་མཚར་གྱི་རྣམ་པའི་སྒོ་ནས་ཨ་ལགས་འབྲོང་དང་ལས་བྱེད་པ་ལྟ་བུའི་རང་ཚུགས་མེད་པའི་གཤིས་ཀ་ལ་ཟུར་ཟ་བྱེད་པའི་སྒྱུ་རྩལ་གྱི་སྐད་ཆའི་ཟུར་ཙམ་མཐོང་ཐུབ་པ་དང་། གོང་དཀྲིས་ཀྱི་ངག་རྒྱུན་རྩོམ་མགོར་སྦྱར་ནས་མགོ་འཛིན་པ་ཡང་གསལ་བཤད་ཀྱི་ནུས་པ་ཐོན་པའི་ཁྱད་ཆོས་ཤིག་འདུག དངོས་གནས་གོང་དཀྲིས་ནི་ནུབ་ཕྱོགས་ནས་དར་ཡོང་བ་དང་། ལོ་རབས་བརྒྱད་ཅུ་ནས་དགུ་བཅུའི་ནང་བོད་ཀྱི་དམངས་ཁྲོད་དུ་བྱ་དངོས་གསར་པ་གཅིག་རྗེས་གཉིས་མཐུད་ནས་སུམ་འཛུལ་བྱས་ཡོད་པ་དང་། མཐོང་མ་མྱོང་བའི་བྱ་དངོས་གསར་པ་ཞིག་དང་ལེན་བྱེད་པར་ཡང་གོ་རིམ་ཞིག་དགོས་པ་ཆོས་ཉིད་ཡིན། དེའི་རྐྱེན་གྱིས་ངག་རྒྱུན་སྦྱར་ནས་རྩོམ་མགོ་འཛིན་པ་འདི་ལ་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་གྱི་ཁྱད་ཆོས་ཤིག་ཀྱང་འདུག་སྙམ་མོ། །

གཉིས་པ། གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་ལུགས་ཀྱི་དགེ་མཚན།

ཚེ་རིང་དོན་གྲུབ་ཀྱིས་གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པ་དེ་ནི་ཁོང་གི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་འདོད་ལ། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་དག་ལ་དངོས་ཡོད་དགག་གཞག་རིང་ལུགས་ཀྱི་ཤུགས་ཆེ་བར་མཐོང་སྟེ། ། ཁོང་གི་རྩོམ་རིག་བརྩམས་ཆོས་དག་ནི་ཁོང་དང་འབྲེལ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་། ཁོང་གི་བརྩམས་ཆོས་གང་ལ་གཞིགས་ཀྱང་སྤྱི་ཚོགས་ལ་དོ་སྣང་བྱེད་པའམ་སྤྱི་ཚོགས་ལ་དོ་སྣང་བྱེད་དགོས་པའི་འགན་འཁྲིའི་འདུ་ཤེས་ཤིག་རང་བཞིན་གྱིས་མངོན་ཡོང་ལ། འགན་འཁྲི་དེའི་འོག་ནས་བྲིས་པའི་བརྩམས་ཆོས་ལ་ཡང་རྩོམ་མཁན་ཁོང་གི་བསམ་པ་ཡར་བསྐུལ་གྱི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་མངོན་འོངས། དཔེར་ན། གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་བཟུང་ཡོད་པས་སྒྲུང་ཐུང་དག་ལས་གསལ་པོར་མངོན་འོངས། དེའི་ཕྱིར་གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པས་སྒྲུང་ཐུང་འདིའི་རིགས་ལ་དགེ་མཚན་ཡང་མི་ཉུང་བ་ཞིག་ཡོད་པ་གཤམ་གསལ་ལྟར།

གཅིག བརྗོད་སྙིང་སྟོན་པའི་དགེ་མཚན།

རྩོམ་མགོར་གཏམ་དཔེ་དང་ངག་རྒྱུན་སྦྱར་ནས་རྩོམ་མགོ་འཛིན་པ་ལ་རྩོམ་ཧྲིལ་པོའི་བརྗོད་སྙིང་སྟོན་པའི་དགེ་མཚན་ཡོད་པར་འདོད། དཔེར་ན་གཏམ་དཔེ་ལ་དྲངས་པའི་སྒྲུང་ཐུང《ཞོ》ལྟ་བུར་མཚོན་ན། རྒན་མོ་ཁེར་འདུག་ཅིག་གིས་འབྲི་མོ་གཅིག་ལས་ཉིན་ཉི་ཤུ་ལྷག་ལ་གསོག་འཇོག་བྱས་པའི་ཞོ་བླ་མར་ཕུལ་བ་དང་། བླ་མས་སྒེར་ཀྱི་ཁེ་ཕན་ཆེད་དུ་རྫོང་དཔོན་ལ་ཕུལ་བའི་ནང་དོན་ནི་གོང་ནས་བརྗོད་ཟིན་པ་ལྟར་རོ། །རྩོམ་མགོའི“དབྱར་ཁའི་ཞོ་དང་དགུན་ཁའི་ཤ”གཏམ་དཔེ་ཡིས་རྩོམ་ཧྲིལ་པོའི་བརྗོད་སྙིང་བསྟན་ཡོད་པར་མ་ཟད། རྩོམ་པ་པོའི་ཚུལ་མིན་ལུགས་མིན་གྱི་བྱ་སྤྱོད་ལ་སུན་འབྱིན་བྱས་ཡོད་པ་རྩོམ་མགོའི་གཏམ་དཔེ་ཡིས་མཚོན་ཡོད་པར་འདོད། དེའི་ཕྱིར་གཏམ་དཔེ་དྲངས་ནས་རྩོམ་མགོ་འཛིན་པ་དང་། རྩོམ་མགོའི་གཏམ་དཔེ་ཡིས་བརྗོད་སྙིང་སྟོན་པའི་དགེ་མཚན་འདུག་སྙམ་མོ། །

ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པ་ལ་ཡང་བརྗོད་སྙིང་སྟོན་པའི་དགེ་མཚན་ཡོད་དེ། དཔེར་ན《མ་ཅཱང》ལྟ་བུ་ལ་མཚོན་ན། རྩོམ་མགོར“འཇར་པན་གྱི་ངག་རྒྱུན་ལྟར་ན་རྡོ་ཐ་བྱ་བའི་གནོད་བྱེད་འདི་དང་པོ་བདུད་འདྲེ་ཞིག་གིས་མི་ཡུལ་དུ་ཁྱེར་ཡོང་ཟེར།”ཞེས་མ་ཅཱང་ནི་ཀུན་པོ་གནོད་བྱེད་ཀྱི་བདུད་འདྲེ་ཞིག་གིས་མི་ཡུལ་ལ་ཁྱེར་ཡོང་བ་གཞི་བྱས་ནས་འབྲོག་སྡེ་གང་དེའི་མི་རྣམས་ཕྱུག་པོ་ནས་དབུལ་པོར་ཕུངས་བྱེད་ཀྱི་རྒྱུ་རུ་འགྱུར་བྱེད་ཀྱི་ཡོ་བྱད་དུ་ངོས་བཟུང་ནས། དེ་ལ་དགག་པ་དང་སུན་འབྱིན་བྱས་ཡོད་པ་རྩོམ་མགོའི་ངག་རྒྱུན་ལས་མ་ཅཱང་ནི་ཀུན་པོ་གནོད་བྱེད་ཅིག་ཡིན་པར་གསལ་བཤད་བྱས་ཡོད་པ་ལྟ་བུ་ནི་རྩོམ་ཧྲིལ་པོའི་བརྗོད་སྙིང་སྟོན་པའི་དགེ་མཚན་ལྡན་ནོ། །

གཉིས། བྱུང་རིམ་རྒྱ་བསྐྱེད་ཀྱི་ནུས་པ་ཐོན་པའི་དགེ་མཚན།

གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པ་ལ་བྱུང་རིམ་རྒྱ་བསྐྱེད་ཀྱི་ནུས་པ་ཐོན་པའི་དགེ་མཚན་ལྡན། དཔེར་ན་གཏམ་དཔེ་དྲངས་པའི་སྒྲུང་ཐུང《སྣ་གཅུ》ལྟ་བུ་ལ་མཚོན་ན“མགོ་བོར་རེག་ན་སྐྲ་ལོ་སྤར་བ་གང་། རྐང་པར་རེག་ན་སེན་མོ་སྤར་བ་གང་།”རྩོམ་མགོའི་གཏམ་དཔེ་ཡིས་ན་གཞོན་གདུགས་དཀར་ཚེ་རིང་གི་ཡང་ནས་ཡང་དུ་རྒྱན་སྐུགས་པ་དང་ཡང་ནས་ཡང་དུ་རྒྱན་གཅོད་པའི་བྱ་སྤྱོད་དང་མི་སྣའི་སེམས་རྒྱུའི་སྟེང་ནས་བྱུང་རིམ་རྒྱ་བསྐྱེད་ཡོད་པར་མ་ཟད། རྒྱན་སྐུགས་ནས་ཕམ་ཚེ་རྩོམ་མགོའི་གཏམ་དཔེ་ཡིས་མི་སྣའི་སེམས་ཁམས་མཚོན་ཐུབ་པ་དང་། མི་སྣའི་སེམས་རྒྱུའི་འགྱུར་ལྡོག་གིས་བྱུང་རིམ་རྒྱ་བསྐྱེད་ཡོད་པས་གཏམ་དཔེ་དྲངས་ནས་རྩོམ་མགོ་འཛིན་པ་འདིའི་རིགས་ལ་བྱུས་རིམ་རྒྱ་བསྐྱེད་ཀྱི་ནུས་པའམ་དགེ་མཚན་འདུག་སྙམ་མོ། །

ངག་རྒྱུན་སྦྱར་ནས་རྩོམ་མགོ་འཛིན་པ་དཔེར་ན《གོང་དཀྲིས》སུ། “བཤད་ཚུལ་ལྟར་ན་གོང་དཀྲིས་ཟེར་བའི་དངོས་པོ་འདི་དང་ཐོག་ཡོ་རོབ་ཀྱི་ཤིང་རྟའི་ཁ་ལོ་པའི་སྐེ་དཀྲིས་ནས་འགྱུར་ཡོང་བ་རེད་ཟེར་བ་དང་། ཡང་རྒྱུ་ཆ་ལ་ལའི་ནང་དུ་འདི་ནི་དང་ཐོག་ནན་སི་ལ་ཧྥུའི་དམག་མི་སྐོར་ཞིག་གིས་ཧྥ་རན་སི་ལ་སྤེལ་རབས་བཤད……” ངག་རྒྱུན་འདི་ལ་སྦྱར་ནས་གོང་དཀྲིས་ནི་དང་ཐོག་གི་མགོ་ཁུངས་བརྗོད་པ་དང་རྗེས་སུ་བོད་ཁམས་སུ་དར་བ་དང་། དར་བའི་གོ་རིམ་ཁྲོད་དུ་དེ་ནི་མ་རུང་བ་ཞིག་གི་སྒོམ་པ་དང་རྗེས་སུ་ས་ཁྱབ་རྡོ་ཁྱབ་སོང་བ་དང་། གོང་དཀྲིས་དཀྲིས་མེད་ཚེ་མ་རུང་བ་ཞིག་ཏུ་སྒོམ་པའི་འགྱུར་ལྡོག་གི་བྱུང་རིམ་རྒྱ་བསྐྱེད་ཡོད་པས། ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པ་ལ་བྱུང་རིམ་རྒྱ་བསྐྱེད་ཀྱི་དགེ་མཚན་ལྡན་ནོ། །

གསུམ། ཀློག་པ་པོར་ཀློག་འདོད་ཀྱི་སྤྲོ་བ་འཕེལ་བའི་དགེ་མཚན།

གཏམ་དཔེ་དང་ངག་རྒྱུན་གང་རུང་ལ་སྦྱར་ནས་རྩོམ་མགོ་འཛིན་ལུགས་འདིའི་རིགས་ལ་ཀློག་པ་པོར་ཀློག་འདོད་ཀྱི་སྤྲོ་བ་འཕེལ་བའི་དགེ་མཚན་ལྡན་ཏེ། རང་ཉིད་སྐུ་ཞབས་ཚེ་རིང་དོན་གྲུབ་ཀྱི་ཀློག་པ་པོ་ཞིག་ཡིན་པས་ངེས་ཐད་ནས་བརྗོད་ན། གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་བཟུང་བའི་སྒྲུང་གཏམ་གྱི་རིགས་ལྷག་པར་ཀློག་འདོད་ཀྱི་སྤྲོ་བ་འཕེལ་ཡོང་། རྒྱུ་མཚན་ནི་རྩོམ་པ་པོས་གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་བཟུང་བའི་སྒྲུང་ཐུང་ནང་དམངས་ཁྲོད་ཀྱི་རིག་གནས་ལྟ་ཚུལ་དང་རིག་གནས་གོམས་སྲོལ་ཤིན་ཏུ་མང་པོ་ཞིག་སྤྲོས་འདུག་ལ། དེ་ལས་དམངས་ཁྲོད་ཀྱི་མཛེས་དཔྱོད་ཁྱབ་པར་བྱས་ཡོད་པས། དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རྩོམ་མགོའི་གཏམ་རྒྱུད་ངག་རྒྱུན་གྱིས་དམངས་ཁྲོད་རིག་གནས་ཀྱི་གནས་སྟངས་དང་གནས་བབ་དེ་མངོན་ལྐོག་གཉིས་ཆ་ནས་རྩོམ་པ་པོ་ཁོང་རང་གི་སྒྲུང་གཏམ་ནང་མངོན་ཡོད་ཕྱིར། གཏམ་དཔེ་དང་ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་པའི་སྒྲུང་གཏམ་ནི་ཀློག་འདོད་ཀྱི་སྤྲོ་བ་ཞིག་ངང་གིས་འཕེལ་ཡོང་། རྒྱུ་རྐྱེན་དེའི་དབང་གིས་ཀློག་པ་པོར་ཀློག་འདོད་ཀྱི་སྤྲོ་བ་འཕེལ་བའི་དགེ་མཚན་འདུག་ཅེས་བརྗོད་པ་ཡིན་ནོ། །

མཇུག་གི་གཏམ།

སྤྱིར་བཏང་དུ་ཚེ་རིང་དོན་གྲུབ་ལགས་ལ་མཚོན་ན་མི་ཚེ་རིང་མོར་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ནས་རྩོམ་རིག་བརྩམས་ཆོས་ཤིན་ཏུ་མང་བ་དང་། སྒོས་སུ་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ཀྱང་སྣ་མང་རང་བཞིན་དུ་ངེས་མོད། ཁོ་བོས་བསམས་ན་རྩོམ་མཁན་ཁོང་གི་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་ལུགས་ལས་གཏམ་དཔེ་སྦྱར་ནས་རྩོམ་མགོ་འཛིན་ལུགས་དང་། ངག་རྒྱུན་ལ་སྦྱར་ནས་རྩོམ་མགོ་འཛིན་ལུགས་ནི་རྩོམ་མཁན་ཁོང་གི་བརྩམས་ཆོས་མང་པོའི་ཁྲོད་ཁྱད་ཆོས་མངོན་ཅན་དང་། ཁྱད་ཆོས་དེ་ལས་འཕྲོས་པའི་དགེ་མཚན་ལ་བརྗོད་སྙོང་སྟོན་པའི་དགེ་མཚན་དང་། བྱུང་རིམ་རྒྱ་བསྐྱེད་པའི་དགེ་མཚན། ཀློག་པ་པོར་ཀློག་འདོད་ཀྱི་སྤྲོ་བ་འཕེལ་དུ་འཇུག་པའི་དགེ་མཚན་བཅོས་ལྡན་པར་སྙམ་མོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།