རྩིས་འཁོར་ལོ་ཙཱའི་ཐབས་ལམ་སྐོར་ལ་དཔྱད་པ།

དེང་གི་དུས་རབས་ནི་དྲ་རྒྱ་ཅན་དང་ཆ་འཕྲིན་ཅན་གྱིས་ཁ་ལོ་སྒྱུར་བའི་དུས་རབས་ཤིག་ཡིན་པས། ལས་གང་ཞིག་ལ་འཇུག་དགོས་ཚེ། རྩིས་འཁོར་དང་གློག་ཀླད་ནི་མེད་མི་རུང་བའི་ལག་ཆ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ལོ་ཙཱའི་ལས་ཀ་གཉེར་མཁན་ཞིག་ལ་མཚོན་ན། རྩིས་འཁོར་ལོ་ཙཱའི་མ་ལག་ནི་ཅིས་ཀྱང་བཀོལ་སྤྱོད་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་དེས་ཚིག་མཛོད་ཡར་སློག་མར་སློག་བྱེད་མི་དགོས་པས། ལོ་ཙཱ་བའི་དུས་ཚོད་གྲོན་ཆུང་དང་ལས་ཚེགས་ཇེ་ཉུང་དུ་བཟོས་ཡོད། དེ་བས་རྩིས་འཁོར་ལོ་ཙཱ་ནི་དེང་རབས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ངེས་པར་དུ་རྒྱུས་ལོན་དང་ལག་ལེན་བྱེད་དགོས་པ་ཞིག་ཏུ་བསམས།

དང་པོ། རྩིས་འཁོར་ལོ་ཙཱའི་གོ་དོན་དང་བྱེད་ནུས།

ལོ་ཙཱ་ཞེས་པ་ནི“སྐད་ཁོངས་མི་འདྲ་བའི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར། མི་རིགས་དང་མི་རིགས་ཀྱི་བར། མི་དང་མིའི་བར་དུ་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའམ་རིག་གནས་ཀྱི་བརྡ་འཕྲིན་ཕན་ཚུན་ལ་གོ་བར་བྱེད་པའི་བརྡ་དང་ཡི་གེའི་བརྗེ་རེས་བྱེད་པའི་བྱ་བ”[①]ཞིག་ལ་གོ དེང་སྐབས་བརྡ་དང་ཡི་གེའི་བརྗེ་རེས་དེ་རྩིས་འཁོར་གྱིས་ཚབ་བྱེད་པའི་ཕྱོགས་སུ་འགྲོ་བཞིན་མཆིས། ཀུན་གྱིས་དེ་ལ་རྩིས་འཁོར་ལོ་ཙཱ་ཞེས་འབོད། རྩིས་འཁོར་ལོ་ཙཱ་ནི་འགྲོ་བ་མིའི་རིགས་ཀྱི་སྐད་བརྡའི་ལོ་ཙཱ་དེ་ཉིད་རྩིས་འཁོར་རམ་གློག་ཀླད་ཀྱི་གྲངས་རྩིས་ཆོས་ཉིད་ལ་བརྟེན་ཏེ། མ་ཡིག་གི་སྐད་ལས་འགྱུར་ཡིག་གི་སྐད་དུ་གཏོང་བའི་ལོ་ཙཱའི་བརྒྱུད་རིམ་ལ་ཟེར། རྩིས་འཁོར་ལོ་ཙཱས་དུས་ཡུན་ཐུང་ངུ་ཙམ་གྱི་རིང་ལ། རྩིས་འཁོར་གྱི་གཞི་གྲངས་མཛོད་ལས་མ་ཡིག་གི་ཐ་སྙད་བླངས་ཏེ། འགྱུར་ཡིག་གི་སྐད་བརྡའི་སྒྲིག་གཞི་ལྟར་ནང་དོན་བསྒྱུར་ཐུབ། དེས་ལོ་ཙཱ་པ་ལ་མ་ཡིག་དང་སྒྲ་ཐག་ཉེ་བར་ཐ་སྙད་དང་ཚིག་སྦྱོར་མཁོ་སྤྲོད་བྱས་ཡོད་པས། ལོ་ཙཱའི་ལས་ཀ་ཤིན་ཏུ་སྟབས་བདེར་བཟོས་ཡོད། ཐ་སྙད་ཀྱི་ལོ་ཙཱ་ནི་ལོ་ཙཱ་པས་ཤིན་ཏུ་མཐོང་ཆེན་བྱ་དགོས། ཐ་སྙད་ཀྱི་ནང་དོན་ནི་མ་ཡིག་འགྱུར་ཡིག་ཏུ་དཔར་བཏབ་པ་ལྟར་གྱི་ནུས་པ་ཐོན་དགོས། དེ་བས་ལོ་ཙཱའི་ལས་དོན་ལས་དུས་ཚོད་འགོར་འགྱངས་དང་ལས་ཚེགས་དཀའ་ཁག་ཆེ་བའང་ཐ་སྙད་ཀྱི་ལོ་ཙཱ་ཡིན། རྩིས་འཁོར་ལོ་ཙཱ་ལས་རྩིས་འཁོར་གྱི་གཞི་གྲངས་མཛོད་ལ་བརྟེན་ཏེ། གཞུང་ཡིག་དང་རྒྱུན་བཀོད་ཐ་སྙད་ཀྱི་ནང་དོན་འཁྲུལ་བ་མེད་པར་སྟོན་ནུས།

གཉིས་པ། རྩིས་འཁོར་ལོ་ཙཱའི་ལེགས་ཆ།

སྲོལ་རྒྱུན་གྱི་ལོ་ཙཱའི་ཐབས་ལམ་ནི་ལོ་ཙཱ་པས་ཚིག་མཛོད་དང་ཡིག་ཚང་སོགས་ལས་མིང་ཚིག་རེ་རེའི་བརྡ་དོན་ཡང་དང་བསྐྱར་དུ་བཙལ་ཏེ། ཤོག་ཐོག་དང་གློག་ཀླད་དུ་ཕབ་རྗེས། ཚིག་འབྲི་རེ་རེ་ལ་བརྟག་དཔྱད་དང་ཞིབ་བསྡུར་བྱས་ནས་ཡང་ཡང་ཞུ་དག་མཛད་དགོས། དོན་ལ་དེ་ནི་ཡུན་རིང་པོར་དཀའ་སྤྱད་ཆེན་པོ་མྱང་དགོས་པའི་གསར་རྩོམ་རང་བཞིན་གྱི་ལས་ཀ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཚན་རིག་འཕེལ་རྒྱས་ལས་བོད་དུའང་རྩིས་འཁོར་ལོ་ཙཱའི་ལག་རྩལ་བྱུང་བ་དེས། ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་ངལ་རྩོལ་གྱི་ཁུར་ལྕི་བོ་དེ་ཇེ་ཡང་དུ་ཕྱིན་པའི་ཚོར་བ་ཞིག་བྱིན་ཡོད།

སྲོལ་རྒྱུན་གྱི་ལོ་ཙཱའི་ཐབས་ལམ་དང་བསྡུར་ན། རྩིས་འཁོར་ལོ་ཙཱ་ལ་ལེགས་ཆ་མང་དུ་མཆིས་པ་ལས། ཐ་སྙད་ཀྱི་ལོ་ཙཱ་ནི་ཤིན་ཏུ་ཕན་ནུས་ཐོགས་པ་ཞིག་ཡིན། རྩིས་འཁོར་ལོ་ཙཱའི་གཞི་གྲངས་མཛོད་དུ་ཐ་སྙད་མང་པོ་བསྡུས་ཏེ་ཐ་སྙད་ཀྱི་ལོ་ཙཱ་སྟབས་ཇེ་བདེར་བཟོས་ཡོད། ལོ་ཙཱ་པས་ཚིག་མཛོད་ཡར་སློག་མར་སློག་བྱེད་པའི་ངལ་བ་མང་པོ་བརྒྱུད་མི་དགོས་པས། ལོ་ཙཱའི་དུས་ཚོད་གྲོན་ཆུང་བྱས་ཡོད་པར་མ་ཟད། ལས་ཚེགས་ཀྱང་ཉུང་བར་ཕྱིན་ཡོད། གཞན་རྩིས་འཁོར་ལོ་ཙཱ་ལས་ཚིག་སྦྱོར་གྱི་ལོ་ཙཱ་བྱས་པས་ཀྱང་། བོད་རྒྱའི་ལོ་ཙཱ་ལ་ཕན་ནུས་མང་དུ་སྐྱེད་ནུས། རྩིས་འཁོར་ལོ་ཙཱས་མ་ཡིག་དང་འགྱུར་ཡིག་གཉིས་ཚིག་སྦྱོར་ཐུང་ངུ་རང་ཤུགས་ཀྱིས་གཞི་གྲངས་མཛོད་དུ་ཉར་ཐུབ་པས། ལོ་ཙཱ་བྱ་དུས་འཚོལ་བཤེར་མ་ལག་གིས་གཞི་གྲངས་མཛོད་དུ་ཉར་བའི་འབྲེལ་ཡོད་ཚིག་སྦྱོར་རང་ཤུགས་ཀྱིས་ལོ་ཙཱ་བྱེད་ཐུབ།

གསུམ་པ། རྩིས་འཁོར་ལོ་ཙཱའི་ཞན་ཆ།

རྩིས་འཁོར་ལོ་ཙཱས་ཐ་སྙད་དང་ཚིག་སྦྱོར་གྱི་བརྡ་དོན་ཅུང་ཆ་ཚང་བར་ལོ་ཙཱ་བྱ་ཐུབ་པའི་ཕན་ནུས་ལྡན་ཡང་། མ་ཡིག་གི་བརྗོད་དོན་ཡང་དག་པ་དང་འཁྲུལ་བ་མེད་པར་སྟོན་པ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་ཏུ་ལྷུང་ཡོད། མི་རིགས་ཤིག་གི་སྐད་བརྡ་ལ་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་བརྡའི་ཆོས་ཉིད་ཅིག་གྲུབ་ཡོད། སྐད་ཆའི་སྦྱོར་སྟངས་དང་ཡུལ་དུས་སོགས་ཀྱི་ཁྱད་པར་གྱིས་ཐ་སྙད་ཅིག་གི་དོན་སྟོན་ཚུལ་སྣ་ཚོགས་སུ་འགྱུར་བའི་ཆའང་མཆིས། དཔེར་ན། རྒྱ་སྐད་ཀྱི“水分”ཞེས་པ་ནི་སྤྱིར་བཏང་དུ་བརླན་གཤེར་གྱི་དོན་སྟོན་ཡང་། “他说的话里有很大的水分”ཞེས་བརྗོད་པའི་ཚེ། “水分”ཞེས་པ་ནི་ལྷད་རྫུན་གྱི་དོན་སྟོན་པ་ལས་བརླན་བཤེར་དུ་གོ་མི་རུང་བལྟ་བུ་ཡིན། འདིའི་རིགས་ཀྱི་སྐད་བརྡའི་རྙོག་དྲའི་སྣང་ཚུལ་གྱིས་རྩིས་འཁོར་ལོ་ཙཱས་བརྗོད་བྱའི་དོན་གང་ལ་གང་འཚམ་གྱིས་ཐ་སྙད་ཀྱི་ནང་དོན་བཅོས་བསྒྱུར་ཐུབ་པ་ཤིན་ཏུ་དཀོན། དེ་བས《སྒྲ་སྦྱོར་བམ་གཉིས》ལས། “དོན་དང་མི་འགལ་ལ་བོད་ལ་ཡང་གོ་བདེ་བར་གྱིས་ཤིག”ཅེས་པའི་ལོ་ཙཱའི་ཚད་གཞི་དེར་སླེབས་པ་ནི་དེ་བས་ཀྱང་དཀོན་ནོ། །

རྒྱ་བོད་གཉིས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་འཚོ་གནས་ཁོར་ཡུག རིག་གནས་རྒྱབ་ལྗོངས་སོགས་ཐ་དད་དུ་མངོན་པས་ན། མི་རིགས་གཉིས་ཀའི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ལའང་ཁྱད་པར་ཆེ་ཆེར་ཡོད་པ་ཡིན། དཔེར་ན། སྐྱེ་བོ་དེ་ནི་ཝ་མོའི་གཤིས་སུ་འདུག་ཅེས་པ་དེ། “他像个狐狸”ཞེས་བསྒྱུར་ཚེ། བློ་རགས་པའི་བློ་ངོར་ཡང་དག་པར་འདུག་ཀྱང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གོམས་པ་ཡོད་པ་ཞིག་གིས་བཀླགས་ཚེ་ཚིག་སྐྱོན་དུ་ཕྱིན་པ་གསལ་པོར་རྟོགས་ཐུབ། བོད་སྐད་ཀྱི་ཝ་མོ་དང་རྒྱ་སྐད་ཀྱི“狐狸”གཉིས་སེམས་ཅན་གཅིག་གི་མིང་དུ་འབབ་ནའང་། མི་རིགས་གཉིས་ཀའི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བས་ན་བརྗོད་དོན་ཡང་དོ་མཉམ་དུ་ཡོང་ཐུབ་མེད། བོད་སྐད་དུ་ཝ་མོ་ནི་སྡར་མ་དང་རྒྱ་སྐད་དུ་ཝ་མོ་ནི་མི་གཡོ་སྒྱུ་ཅན་ལ་གོ་དགོས། དེ་བས་ཝ་མོ་ཞེས་བརྗོད་ཚེ། བོད་སྐད་ཀློག་པ་པོའི་སྣང་ངོར་སྙིང་ཆུང་སྡར་མའི་སྣང་བརྙན་ཞིག་ངང་གིས་འཆར་ཡོང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལྟར་ནའང་གཡུལ་ལས་ཕམ་པའི་སྐྱེ་བོའི་རྒྱབ་ཏུ་ཝ་པགས་བཏགས་ཏེ། སྡར་མའི་རྟགས་སུ་བཀོད་ནས་དམད་པའི་སྲོལ་ཡོད་པ་ཡིན། དེ་ཡང་ཐུ་བྷོད་རྒྱལ་རབས་དུས་ཀྱི་ཁོད་སོ་དྲུག་ལས། “དཔའ་ལ་སྟག་གིས་མ་བསྟོད་ན། ། དཔའ་ངར་བྱས་པའི་རུ་མ་མེད། ། མཛངས་ལ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་འབྱེད། ། ལེགས་ལ་བྱ་དགས་མ་བསྟོད་ན། ། སླན་ཆད་ལེགས་པ་སུ་ཡིས་བྱེད། ། སྡར་མ་ཝ་ཞུས་མ་དམད་ན། ། དཔའ་དང་སྡར་མའི་ཤན་མི་འབྱེད”[②]ཅེས་གཡུལ་དུ་དཔའ་པོ་ལ་དཔའ་ཚན་དྲུག་གིས་བསྟོད་བསྔགས་དང་། སྡར་མ་ལ་ཝ་པགས་བསྐོན་ཏེ་དམད་པ་བྱེད་པའི་རྒྱལ་ཁྲིམས་ཡོད་པ་ཡིན།

མཇུག་བྱང་།

རྩིས་འཁོར་ལོ་ཙཱའི་གཞི་གྲངས་མཛོད་དུ་ཚིག་སྦྱོར་སྒྲིག་སྟངས་ཅི་རིགས་ནང་འཇུག་བྱས་ཡོད་ཀྱང་། སྐད་བརྡའི་སྦྱོར་བ་ནི་རྙོག་དྲ་དང་སྣ་མང་རང་བཞིན་ཅན་དུ་གནས་པས། ཚིག་སྦྱོར་སྒྲིག་སྟངས་ཅི་འདྲའི་འབོར་ཆེན་ཞིག་བཙུགས་ནའང་། དེས་སྐད་བརྡའི་སྣང་ཚུལ་ཅི་རིགས་ཀྱི་མཐའ་ཆོད་པ་ཤིན་ཏུ་དཀའ། ལོ་ཙཱ་ནི་སྐད་བརྡ་ཕན་ཚུན་བར་གྱི་འབྲེལ་འདྲིས་ཤིག་ཡིན་ཞིང་། དེ་ཡི་འབྲེལ་འདྲིས་བྱེད་མཁན་ནི་མི་ཡིན་པས། འབྲེལ་འདྲིས་ཀྱི་ལས་ཀ་དེའང་མི་ཕན་ཚུན་བར་དུ་བྱུང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན། རྩིས་འཁོར་ལ་མི་གཤིས་དང་བརྩེ་བ་མེད། ཚེ་སྲོག་གི་ཤེས་རྟོགས་དང་སྤྱི་ཚོགས་ཉམས་མྱོང་སོགས་ནི་དེ་བས་ཀྱང་མེད་པས། མི་ལྟར་གཏན་ཚིགས་རིག་པའི་ཐབས་ལམ་ལ་བརྟེན་ཏེ། རེ་ཞུ་དང་ཁ་ཏ་སློབ་གསོ། འཇིགས་སྐུལ་དང་བསྟོད་བསྔགས་སོགས་བྱེད་སྲིད། དེའི་ཕྱིར་རྩིས་འཁོར་ལོ་ཙཱ་དང་མི་བུའི་ལོ་ཙཱ་གཉིས་ངེས་པར་དུ་ཟུང་འབྲེལ་བྱ་དགོས། གཉིས་ཀའི་དགེ་མཚན་དང་ལེགས་ཆ་གཅིག་སྡུད་བྱ་ཐུབ་ཚེ། མི་དང་འཕྲུལ་ཆས་གཉིས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཕུགས་འདུན་དེ་མངོན་འགྱུར་ཡོང་ཐུབ་པར་བསམས།

དཔྱད་གཞིའ་ཡིག་ཆ།

1.འབྲུག་ལྷ་དང་ཟླ་བ་ཚེ་རིང་།.རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན།[M]. པེ་ཅིན:མི་རིགས་དཔེ་སྐྲུན་ཁང་།.1998.

2.དཔའ་བོ་གཙུག་ལག་ཕྲེང་བ།.ཆོས་འབྱུང་མཁས་པའི་དགའ་སྟོན། [M].པེ་ཅིན།:མི་རིགས་དཔེ་སྐྲུན་ཁང་།.1996.

3.李建军 .文化翻译论[M].上海:复旦大学出版社.2010

4.张政 .计算语言学与机器翻译导论[M].上海:复旦大学出版社.2010.

[①]འབྲུག་ལྷ་དང་ཟླ་བ་ཚེ་རིང་།. རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན།[M].པེ་ཅིན།:མི་རིགས་དཔེ་སྐྲུན་ཁང་།.2009:41.

[②]དཔའ་བོ་གཙུག་ལག་ཕྲེང་བ།.ཆོས་འབྱུང་མཁས་པའི་དགའ་སྟོན། [M].པེ་ཅིན།:མི་རིགས་དཔེ་སྐྲུན་ཁང་།.1986:192.

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།