《ཇོན་ཁེ་རི་སི་ཐོབ》ཅེས་པ་བཀླགས་པ།

res01_attpic_brief (3).jpg

འཛམ་གླིང་གི་གྲགས་རྩོམ《ཇོན་ཁེ་རི་སི་ཐོབ》ཅེས་པ་ཁོ་བོ2008ལོར་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་ཟླ་གཉིས་སློབ་སྦྱོང་ལ་ཞུགས་དུས་དབྱིས་རིགས་ཀྱི་རྩོམ་པ་པོ་ཞིག་གིས་འོས་སྦྱོར་བྱས་པ་བཞིན་ལྟ་ཀློག་བྱེད་པའི་སྐལ་བཟང་སྨིན། གྲགས་རྩོམ་དེ་བཞིན་རྒྱ་ཡིག་ཏུ་བསྒྱུར་བའི་པར་མ་ཡང་ད་བར་ཁོ་བོས་མཇལ་བ་ཁག་གསུམ་ཙམ་མཆིས། སྒྱུར་རྩོམ་རེ་རེར་རང་རང་གི་སྒྱུར་རྩལ་དང་ཁྱད་ཆོས་ལྡན་པ་སྨོས་ཅི་དགོས་འདིར་སྐབས་སུ་མ་བབ་པས་བཏང་སྙོམས་ལ་བཞག་པར་བྱའོ། རྩོམ་དེས་ཁོ་བོར་བཞག་པའི་བག་ཆགས་ཆེ་ཤོས་ནི་སྒྲུང་གཏམ་དེའི་ནང་གི་མི་སྣ་གཙོ་བོ་ཇོན་ཁེ་རི་སི་ཐོབ་ཀྱི་འཚོ་བ་དང་དཀའ་སྡུག་ལ་ཞུམ་པ་མེད་པའི་བསམ་པའི་སྙིང་སྟོབས་དེ་ཡིན། དེབ་འདི་ལྟ་རིན་ཡོད་པ་ཞིག་ཡིན་པས་གྲོགས་པོ་རྣམ་པར་འོས་སྦྱོར་ཞུས་པ་ཡིན།བདག་གི་གྲོགས་པོ་ལྷག་པ་ཚེ་རིང་གིས་དེབ་འདི་སྒྱུར་རྩིས་གནང་བཞིན་པ་གོ་ཐོས་བྱུང་བས། གང་མགྱོགས་བོད་ཡིག་གི་ཀློག་པ་པོ་ཚོས་འཛམ་གླིང་གི་གྲགས་རྩོམ་འདི་བཞིན་ཀ་ཁ་ག་ངའི་དབྱངས་འགྲོས་དང་འགྲོགས་ནས་གཟིགས་ཐུབ་པའི་འདུན་པ་ཡང་བརྟས་སོ། །

རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།

དེབ་འདིའི་རྩོམ་པ་པོ་རོ་མན་རོ་ལན་ནི1866ལོའི་ཟླ་བ་དང་པོའི་ཚེས29ཉིན་ཧྥ་རན་སིའི་པོ་ཀན་ཏི་ཁུལ་གྱི་ཁེ་ལམ་ཤི་གྲོང་རྡལ་དུ་འཁྲུངས། ཁོང་གི་ཡབ་ཡུམ་ནི་གཞུང་དཔང་པའི་རྗེས་རབས་པ་ཡིན། ཁོང་གི་ཕ་ཚ་བུ་རྒྱུད་ཚང་མ་གནས་འདིར་འཚོ་ཞིང་གནས། དེར་བརྟེན་རོ་མན་རོ་ལན་གྱིས་རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་ཀའོ་ལུ་བ་ཡིན་ཞེས་གསུངས་ཀྱི་ཡོད། རོ་མན་རོ་ལན་ཆུང་དུས་ནས་སྐུ་གཟུགས་ཐང་པོ་དེ་ཙམ་མེད་པས་ཉིན་ལྟར་ཕྱིར་འདོན་རྒྱུ་དེ་ཙམ་མེད།ཁོང་ལས་ལོ་གཉིས་ཀྱིས་ཆུང་བའི་གཅུང་མོ་ཡང་ཁོང་ཉིད་ལོ་ལྔ་ལ་ཕེབས་དུས་གྲོངས་པས། ཡུམ་ལ་སེམས་ནད་ཆེན་པོ་བཟོས་ཡོད་ལ་རོ་མན་རོ་ལན་གྱི་བྱིས་དུས་ཀྱི་འཚོ་བར་སྐྱིད་སྣང་དེ་ཙམ་མེད་པ་བཟོས། ཁོང་གིས་བརྩམས་པའི《ཇོན་ཁེ་རི་སི་ཐོབ》ཅེས་པར1915ལོའི་ནོ་པེར་རྩོམ་རིག་གི་བྱ་དགའ་རེག 1944ལོར་གཤེགས། ཁོང་གི་སྐུ་ཚེ་གང་པོར་ཧྥ་རན་སིའི་སྤྱི་མཐུན་རྒྱལ་ཁབ་གསུམ་བརྒྱུད་མྱོང་། ལོ་བཅུ་ཕྲག་ནང་མ་གཞི་ཧྥ་རན་སིའི་དཔལ་འབྱོར་འཕེལ་ཁ་རྒྱས་ཡོད་ཀྱང་། ཕུ་ཧྥ་དམག་འཁྲུག་དང་ཕེ་རི་སིའི་ཀུང་ཧྲེའི་འོས་ལངས། འཛམ་གླིང་དམག་ཆེན་གཉིས། དེ་བཞིན་འཇར་མན་གྱི་ལའེ་ཧྥུ་སིའི་དོན་རྐྱེན་བཅས་བརྒྱུད་པས་སྤྱི་ཚོགས་གཡོ་འཁྱོམ་དང་བསམ་བློ་ཟང་ཟིང་། མི་སེམས་གཡོ་འགུལ། སྲོལ་བཟང་ཉམས་དམས་བཅས་བྱུང་ནས་མི་སྒེར་རིང་ལུགས་དར་བ་དང་བག་མེད་རྒྱས་སྤྲོས་དར་བཟོ་ཆེན་པོ་ཆགས། རྩོམ་རིག་ཐད་ནད་མེད་འཁུན་སྒྲ་དང་། གསོན་ཉམས་མེད་པའི་མཚོན་རྟགས་རིང་ལུགས་རྗེས་མ་ཞེས་པའི་ཁྱད་རྟགས་མངོན། མི་ཆོས་རིང་ལུགས་ཀྱི་རྩོམ་པ་པོ་དང་བསམ་བློ་མཁས་ཅན་ཡིན་པའི་རོ་མན་རོ་ལན་གྱིས་ཡ་ང་བའི་སྤྱི་ཚོགས་ཀྱི་འཚོ་བར་དམིགས་ནས་སྤྱི་ཚོགས་གནད་དོན་ལ་དོ་ཁུར་དང་ཆབ་སྲིད་འཚོ་བའི་ནང་ཞུགས་ཤིང་། ཁོང་གི་བསམ་བློ་གཏོང་ཕྱོགས་དང་རིན་ཐང་གི་ལྟ་བ་བརྩམས་ཆོས་ཐོག་ནས་མངོན། རོ་མན་རོ་ལན་གྱིས་དོན་ངོ་མའི་སྒྱུ་རྩལ་ལ་བླ་མེད་ཀུན་སྤྱོད་དང་དམག་འཐབ་རང་བཞིན་ལྡན་པས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་མང་ཆེ་བར་སེམས་འགུལ་ཐེབས་ཏེ་ཁོ་ཚོས་ཚུགས་གནས་དེ་བས་མཐོ་བ་དང་མིག་རྒྱང་དེ་བས་རིང་བ་ཡོང་ཐུབ་པའི་ངོས་འཛིན་གནང་།

གསར་རྩོམ་གནང་བའི་རྒྱབ་ལྗོངས།

ཇོན་ཁེ་རི་སི་ཐོབ་ཅེས་པ་ནི་རོ་མན་རོ་ལན་གྱིས་ལོ་ངོ་ཉི་ཤུ་ཙམ་ལ་བྲིས་པའི་སྒྲུང་གཏམ་རིང་གྲས་ཤིག་རེད། 1890ལོ་ནས་སེམས་དབུས་སུ་བཀོད་པ་དང1902ལོའི་ཟླ་བ་གཉིས་པར《ཟླ་ཕྱེད་དུས་དེབ》ཅེས་པའི་ཐོག་སྒྲུང་གཏམ་གྱི་པོད་དང་པོ《སྐྱ་རེངས》ཞེས་པ་སྤེལ་བ་དང1912ལོར་གཞི་ནས་པོད་བཅུ་པ་སྟེ《ཚེ་སྲོག་གསར་པ》ཞེས་པ་སྤེལ་ཡོད། རོ་མན་རོ་ལན་གྱིས《ཇོན་ཁེ་རི་སི་ཐོབ་ཀྱི་གྲོགས་པོ་ཡོངས་ལ་བསྲིངས་པ》ཞེས་པའི་ནང་། ངས་དེབ་འདི་འཆར་འགོད་བྱེད་པའི་རྒྱབ་ལྗོངས་ཆ་ཚང་པོ་ངོ་སྤྲོད་ཞུ་བའི་དུས་ལ་བབས་འདུག ང་ནི་ཡུལ་པོ་ཞིག་ཡིན། ཧྥ་རན་སི་པ་མང་པོ་ཞིག་དང་འདྲ་བར། ང་རང་གི་མི་ཆོས་ལྟ་བ་དང་ཁ་གཏད་དུ་འགྱུར་བའི་སྤྱི་ཚོགས་ནང་སྦུག་སུབ་དོག ངས་རང་དབང་གི་མཁའ་དབུགས་རྔུབ་བཞིན་དུ་ཆ་ཚང་པོ་མེད་པའི་ཤེས་རིག་དང་རྫུ་བག་ཅན་གྱི་ཡོན་ཏན་ཅན་ཟེར་བ་དེ་དག་གིས་རུལ་དུ་བཅུག་པའི་བསམ་བློར་འགོག་རྒོལ་བྱེད་ཀྱི་ཡིན། དེར་བརྟེན་ངར་སྤྱང་གྲུང་འཛོམས་པའི་དཔའ་བོ་ཞིག་མཁོ། ཁོ་པར་བླ་ན་མེད་པའི་སྤྱོད་ལམ་ལྡན་ན་གཞི་ནས་སྐད་ཆ་ཤོད་དབང་ཡོད། སྐད་ཤུགས་ཆེན་པོས་མི་གཞན་དག་སྐད་ཆ་ལ་འཇུག་དགོས། ངས་ངང་རྒྱུད་རིང་པོས་དཔའ་བོ་དེ་འདྲ་ཞིག་གསར་བཞེངས་བྱས་ཡོད་ཅེས་གསུངས། རོ་མན་རོ་ལན་གྱིས་པའེ་ཏོ་ཧྥེན་གྱི་རྟོགས་བརྗོད་ཅེས་པ་བརྩམས་གནང་བས། 《ཇོན་ཁེ་རི་སི་ཐོབ》ཅེས་པ་པའེ་ཏོ་ཧྥེན་གཞིར་བཞག་གསར་བཞེངས་བྱས་པའི་མི་སྣ་ཞིག་ཡིན་པའི་ངོས་འཛིན་གནང་མཁན་ཡང་ཡོད།

མི་སྣ་གཙོ་བོ་ངོ་སྤྲོད་རགས་བསྡུས།

ཁེ་རི་སི་ཐོབ་ནི་འཇར་མན་གྱི་གྲོང་ཁྱེར་ཆུང་ངུ་ཞིག་ཏུ་སྐྱེས་ཤིང་། གྲོང་ཁྱེར་དེ་ཕྱི་རོལ་གྱི་འཇིག་རྟེན་དང་འབྲེལ་འདྲིས་དེ་ཙམ་མེད་པས་ཁོ་པ་སྦུབ་སུབ་དོག་སྟེ་གཟེབ་ལ་བཅུག་པའི་གཅན་གཟན་ལྟར་དུ་གནས། ཁོ་པའི་ངར་ཤུགས་ཀྱི་མེ་ལྕེ་ཡང་རིམ་པས་ཉམས་འགྲོ། ཁོ་པས་བཟོད་མི་ཐུབ་པ་ནི་དེ་སྔའི་རང་དབང་མེད་པའི་གནས་དེ་མིན་པར། གང་སར་ཕུགས་བསམ་རིང་ལུགས་ཀྱི་ཁེངས་པས་ཡིན། མི་ཚང་མ་རང་ཉིད་ཀྱི་རླབས་ཆེའི་སྟོབས་ཤུགས་ཀྱི་སྐྱིད་སྣང་ལ་དབྱིངས་ཚུད་དེ་ཕུགས་བསམ་དང་རྒྱལ་ཁ་ཀུན་ལ་སྒྲོག་པས། འཇར་མན་ལ་འགྱིང་ཉམས་དང་བཅས་པའི་དམག་མི་ལྟ་བུའི་ཉམས་ཤིག་མངོན། སྒྱུ་རྩལ་མཁས་ཅན་གྱི་སྐྱག་རྫུན་འབའ་ཞིག་བཤད་དེ་མི་ཚེའི་དོན་ངོ་མར་འཇུག་ཕོད་ཀྱི་མེད།

ཁེ་རི་སི་ཐོབ་ཀྱིས་འཇར་མན་པའི་རྫུ་བག་གསལ་པོར་མཐོང་ནས་ཕུགས་བསམ་རིང་ལུགས་ལ་ཁོང་ཁྲོ་ཟས་ཤིང་ཁོ་པས་ཚེ་སྲོག་གི་རྒྱུན་ཡོད་ཚད་སྤྱད་དེ་ཉི་མར་བློ་ཁ་ཕྱོགས། ཡིན་ན་ཡང་མི་ཚང་མ་དེ་ལྟར་ཡིན་པས་ཁེ་རི་སི་ཐོབ་གྲང་འདར་བརྒྱབ་ནས་ཧྥ་རན་སིར་བསྐྱོད་པའི་རི་ལིའི་ནང་མཆོངས། ཐོག་མར་ཕེ་རི་སིར་འབྱོར་དུས་ཁེ་རི་སི་ཐོབ་ལ་བཞག་པའི་བག་ཆགས་ཆེ་ཤོས་ནི་ཟང་ཟིང་ཞེས་པ་དེ་ཡིན། འདི་གར་མི་མང་ཆེ་བ་རང་འདོད་ཅན་ལ་དགའ་བས་འཆིང་རྒྱར་འཆིང་འདོད་མེད། ཡིན་ཡང་སྟོབས་ཤུགས་ཆེན་པོ་ཡང་འཆུན་འདོམས་བྱེད་མཁན་མེད་པས་རིམ་བཞིན་ཡལ་འགྲོ། ཧྥ་རན་སི་པའི་ཟང་ཟིང་དང་ལས་ཀྱི་བསྐོས་ཐང་ལ་མགོ་བསྒུར་བ་མཐོང་དུས་འཇར་མན་པའི་བློ་སྟོབས་དང་སྐྱིད་སྣང་རིང་ལུགས་ལ་བརྩི་འཇོག་བྱེད་དགོས་པའི་འདུ་ཤེས་འཆར།

ཁ་ལོ་གཅུན་དཀའ་བའི་གཞོན་པ་དེས་རང་ལྟ་མཆོག་འཛིན་བྱས་ནས་མི་རིགས་ལ་ལྟ་བཤེར་བྱས་ཀྱང་། མི་རིགས་ཚང་མས་ཇོན་ཁེ་རི་སི་ཐོབ་སྡུག་ལ་སྦྱར་བ་དང་ཁོ་པ་རེ་ཐག་ཆད་དུ་བཅུག ཁོ་པས་རིམ་བཞིན་ཁོ་ཚོའི་གདོང་རིས་ངོ་མ་དེ་མཐོང་། ཁོ་པ་ཡུལ་སྐོར་སྤྲོ་འཆམ་མཇུག་སྒྲིལ་སྐབས། ཁོ་པའི་ངོས་ནས་བཤད་ན་མི་རིགས་ཚང་མ་བསམ་བཀོད་ནང་གི་མེས་རྒྱལ་ཙམ་དུ་ཟད། རོལ་དབྱངས་མཁན་ཡིན་པའི་ངོས་ནས་བླ་ན་མེད་པའི་བརྩམས་ཆོས་ཤིག་བརྩམས་ཏེ་མཉམ་དཀྲོལ་རོལ་དབྱངས་དེས་མི་རིགས་ཁག་གི་སྐད་སྒྲའི་ནང་རྣར་གཟན་པའི་དབྱངས་རྟ་མེད་པར་མཐར་ཀུན་ལ་གྲག་རྒྱུའི་བསམ་འདུན་བཅངས།

བརྩམས་ཆོས་རོལ་མྱོང་།

སྒྲུང་གཏམ་གྱི་ཕུན་སུམ་ཚོགས་པའི་བསམ་བློའི་ནང་དོན་ཇོན་ཁེ་རི་སི་ཐོབ་ཆུང་དུས་ནས་མཉམ་དུ་འགྲོགས་ཡོད། དེའི་ནང་རང་དབང་ཚེ་སྲོག་ལ་རེ་འདོད་བྱ་རྒྱུ་དངོས་ཤུགས་བརྒྱུད་གསུམ་ནས་ཁོ་པའི་ཚེ་གང་ལ་ཁྱབ་པ་དང་། གཞི་ཁྱོན་ཡང་མི་སྒེར་ནས་སྤྱི་ཚོགས་ཧྲིལ་པོར་བར་བརྒལ་བྱུང་སྟེ། རིམ་པས་འཐུས་སྒོ་ཇེ་ཚང་དང་རྒྱ་ཇེ་ཆེར་ཕྱིན། རང་དབང་གི་ཚེ་སྲོག་ནི་ཇོན་ཁེ་རི་སི་ཐོབ་ཀྱིས་མི་ཚེའི་རེ་སྙེག་གི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། སྒུལ་ཤུགས་དེ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། རོ་མན་རོ་ལན་གྱིས། ངོ་མཚར་ཆེ་ལ་རྫོགས་མཐའ་མེད་པའི་ཚེ་སྲོག་གི་རྒྱུན་ལས་བྱུང་བ་ཡིན་པའི་ངོས་འཛིན་བྱེད།

ཇོན་ཁེ་རི་སི་ཐོབ་ཅེས་པ་ནི་སྒྲུང་གཏམ་ཙམ་ཞིག་མིན་པར་དེ་ནི་མིའི་རིགས་ཀྱི་རླབས་ཆེའི་སྒྲུང་རབས་ཆེན་པོ་ཞིག་ཡིན། དེས་བསྟོད་པ་འབུལ་བ་དེ་མིའི་རིགས་ཀྱི་དངོས་པོ་ཙམ་མིན་པར་བསམ་བློའི་ཐད་ཀྱི་དཀའ་སྡུག་ཡིན། ཕྱི་འཇིག་རྟེན་ཆམ་ལ་ཕབ་པ་མིན་པར་ནང་སེམས་རྒྱུད་འདུལ་བ་ཞིག་ཡིན། ཇོན་ཁེ་རི་སི་ཐོབ་ཅེས་པ་ནི་གཙོ་དོན་མང་བའི་སྒྲུང་གཏམ་ཞིག་ཡིན་ཞེས་ཀུན་གྱིས་གླེང་། སྒྲུང་གཏམ་དེའི་ཤོག་ལྷེ་དང་པོའི་ཐོག རོ་མན་རོ་ལན་གྱིས་སྒྲུང་གཏམ་འདི་བཞིན་རྒྱལ་ཁབ་ཁག་གི་དཀའ་སྡུག་མྱོང་བ་དང་འབད་འཐབ་བྱས་ནས་རྣམ་པར་རྒྱལ་ངེས་ཡིན་པའི་བླ་སྲོག་ལ་སྐྱེས་སུ་འབུལ་ཞེས་བྲིས་གནང་ཡོད། དེ་ལས་ཚེ་སྲོག་གི་རྒྱུན་ལ་བསྟོད་གླུ་ཕུལ་བ་ནི་བརྩམས་ཆོས་དེའི་ལྟེ་བ་དང་བླ་སྲོག་ལྟ་བུ་ཡིན་པ་གོར་མ་ཆག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།