《གདོན་འདྲེའི་མིང་མཛོད》

res13_attpic_brief.jpg

དེ་ཡང《གདོན་འདྲེའི་མིང་མཛོད》ཅེས་པའི་དཔེ་དེབ་ནི་ངས་སྤྱི་ལོ1998ལོར་བཀླགས་པ་ཡིན།དཔེ་དེབ་དེ་ལག་ཏུ་མ་སོན་གོང་ལ།ངས་རྒྱ་ཡིག་གི་དུས་དེབ་ཁ་ཤས་ལས་འབྲེལ་ཡོད་ཀྱི་མཚམས་སྦྱོར་རྩོམ་ཡིག་དང་དཔྱད་བརྗོད་དང་དཔེ་དེབ་འདི་ལས་དྲངས་པའི་མིང་བརྡའི་འགྲེལ་སྟངས་མཚར་པོ་སོགས་མཐོང་མྱོང་བ་དང་།དེ་ནི་ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག་རེད་སྙམ་ནས་དཔེ་འཚོང་ཁང་དུ་འགྲོ་ཐེངས་རེར《གདོན་འདྲེའི་མིང་མཛོད》བཙལ་བ་ཡིན།

དཔེ་དེབ་དེ་རྩོམ་མཁན་ཨ་མེ་རི་ཁའི་རྩོམ་པ་པོ་ཨམ་པེ་རོ་སེ-པིར་ཟེ་ཞུ་བ་ཁོང་ནི་སྤྱི་ལོ1842ལོར་ཨོ་ཧི་ཨོ་མངའ་སྡེ་རུ་འཁྲུངས་པ་དང་།ཆུང་ངུའི་དུས་ནས་འཚོ་བ་དབུལ་ཞིང་ཕོངས་ལ།བུ་བུ་མོ་དགུ་ཡིས་མཐའ་ནས་བསྐོར་བའི་ཕ་མ་གཉིས་ཀ་མཁྲེགས་འཛིན་ཆེ་བ་དང་བྱིས་པར་མནར་གཅོད་གཏོང་བར་གོམས་པས།དེ་ལྟ་བུའི་ཁྱིམ་ཚང་ཞིག་ཏུ་ནར་སོན་པའི་ཁོང་གི་སེམས་ཀྱི་རྨ་ཁ་ནི་ནམ་ཡང་སོས་ཐབས་མ་བྱུང་ཟེར།

རྩོམ་པ་པོ་ཁོང་ནི་རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་གྱུར་པ་དང་།ཕྱིས་སུ་དམག་དོན་སློབ་གྲྭ་ཞིག་ཏུ་ལོ་གཅིག་རིང་སློབ་གཉེར་ལ་བརྩོན་པ་བྱས་ཤིང་།དེར་མཐུད་ནས་ཨ་མེ་རི་ཁའི་ལྷོ་བྱང་གཡུལ་འཁྲུག་ལ་ཞུགས་ཤིང་།ཁོང་གིས་ཡ་ང་བའི་ཁྲག་ཕྱུང་དོན་རྐྱེན་གང་མང་མིག་གིས་མཐོང་བས།མི་རྟག་འཆི་བ་ནི་གྲིབ་ནག་བཞིན་དུ་ཁོང་གི་འཚོ་བ་དང་གསར་རྩོམ་གྱི་ཁྲོད་དུ་འཐིབས་ཡོད་པ་རེད་ཅེས་དཔྱད་ཡིག་ལས་ང་ཡིས་མཐོང་།རྩོམ་པ་པོ་ཁོང་ཉིད་དམག་ཁོངས་ལས་ཕྱིར་ལོག་རྗེས་གསར་འགོད་པའི་ལས་ཀ་གཉེར་བ་དང་གསར་རྩོམ་གྱི་ལས་ལ་ཞུགས།ཚོང་ལས་སྤྱི་ཚོགས་ཀྱི་གུ་དོག་ཅིང་ཚུལ་འཆོས་དང་གཡོ་ཟོལ་དང་དྲག་ཤུལ་གྱིས་ཁེངས་པའི་ཁོར་ཡུག་དེ་ལ་ཁོང་རང་གཏན་ནས་མ་ལོབས་པས།མུན་ནག་དང་འདྲ་བའི་དངོས་ཡོད་སྤྱི་ཚོགས་ཀྱི་སྣང་ཚུལ་སྐྱུག་བྲོ་པོ་དག་ལ་འཕྱ་སྨོད་དང་སུན་འབྱིན་བྱས་ཤིང་།ཁོང་གིས་སྔ་གཞུག་ཏུ《གདོན་འདྲེའི་ལུང་ཁུག》ཅེས་པ་དང《མགོ་བོ་སྟོང་བའི་ནང་གི་སྡོམ་རྒྱ》ཞེས་པ་དང《གདོན་འདྲེའི་དགའ་ཚོར》ཞེས་པ་ལ་སོགས་པའི་སྒྲུང་ཐུང་སྐོར་ཞིག་བརྩམས་པ་དང་།སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་དང་སྙན་རྩོམ་གྱི་དེབ་འགའ་པར་དུ་བསྐྲུན་པ་རེད།

ཁོང་གི་བརྩམས་ཆོས་ཁྲོད་ཀྱི་རྩེད་དགོད་དང་སྡིགས་མོ་དང་འཕྱ་སྨོད་དང་ཟུར་ཟའི་ཚིག་གི་ཤུགས་ལས་ཐུན་མོང་མ་ཡིན་པའི་སྤྱང་གྲུང་དང་ངེས་ཤེས་དེ་རྙེད་ཐུབ་པས་ན།རིང་པོ་མ་སོང་བར་ཁོང་ཉིད་དབྱིན་ཡིག་གི་རྩོམ་རིག་ཁྱབ་ཁོངས་སུ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཅིང་།ཨ་མེ་རི་ཁའི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གོ་གནས་མཐོན་པོ་ཟིན་ཡོད་པ་རེད།

ཨམ་པེ་རོ་སེ-པིར་ཟེ་ཡི་མཚན་སྙན་ཆེ་ཆེར་རྒྱས་པར་བྱས་པའི་བརྩམས་ཆོས་ནི་སྒྲུང་གཏམ་དང་སྙན་ངག་མ་ཡིན་པར་ཁོ་བོས་ད་ལྟ་ངོ་སྤྲོད་བྱེད་འདོད་པའི་དཔེ་དེབ་སྟེ《གདོན་འདྲེའི་མིང་མཛོད》ཅེས་པ་དེ་རེད།འཛམ་གླིང་ཡུལ་གྲུ་སོ་སོའི་མིང་མཛོད་དང་ཚིག་མཛོད་གང་ཡིན་ཡང་།མཆན་འགྲེལ་ནི་ཧ་ཅང་གཟབ་ནན་དང་ཁུངས་ལུང་ལྡན་པ་ཞིག་ཡིན་མོད།ཨམ་པེ་རོ་སེ-པིར་ཟེ་ཡིས་བརྩམས་པའི《གདོན་འདྲེའི་མིང་མཛོད》ནི་དེ་ལས་ལྡོག་སྟེ་ཐོག་མཐའ་བར་གསུམ་དུ་དགོད་བྲོ་བའི་འཕྱ་སྨོད་དང་ཟུར་ཟའི་ཚིག་གིས་གྲུབ་པ་རེད།ཁོང་གིས་བྲིས་པའི་མིང་རེ་རེའི་དོན་གྱི་འགྲེལ་བ་ནི་ནད་ཀྱི་རྩ་བ་གཅོད་བྱེད་གཤགས་གྲིའུ་ཞིག་དང་ཡོངས་སུ་མཚུངས་ཏེ།མི་གཤིས་ཀྱི་ཞན་ཆ་ལ་འཕྱ་སྨོད་དང་།མིའི་རིགས་ཀྱི་རྨོངས་བློ་ལ་ཟུར་ཟ་དང་།ཤེས་རིག་གི་ཚུལ་འཆོས་ལ་སྐྱོན་བརྗོད།མདོར་ན་སྤྱི་ཚོགས་ཁྲོད་ཀྱི་བཟང་པོར་རློམ་པའི་སྲོལ་ངན་དེའི་སྐོར་མཚང་འབྱིན་དང་བདེན་པར་འཛིན་པའི་རྫུན་ཐམས་ཅད་ཐེར་འདོན་བྱས་ཡོད་པས།སྐབས་དེར་ཁོང་ཉིད་ནི་སྐྱེ་བོ་མང་པོའི་མིག་གི་ཚེར་མ་ལྟ་བུར་གྱུར་ཏེ།དམོད་མོ་བཏང་བ་དང་ཐན་ལྟས་སུ་བརྩིས་པ་རེད་ཅེས་གྲགས།ཁོང་གི་མིང་མཛོད་དེ་ལས་མིང་འགའི་འགྲེལ་སྟངས་དཔེ་རུ་དྲངས་ན།

མི—སྲོག་ཆགས་ཀྱི་རིགས་ཤིག་སྟེ།དེའི་ལས་འགན་གཙོ་བོ་ནི་རིགས་མཐུན་གཞན་དག་ཚར་གཅོད་བྱེད་པ་དེ་རེད།

ཕྱི་འབྲེལ—རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ་རྫུན་སྨྲ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྒྱུ་རྩལ།

གོམས་སྲོལ—རང་དབང་ཡོད་པའི་མི་ཡི་ལྕགས་སྒྲོག

ཡུལ་འཁྱར་པ—ཕྱི་རྒྱལ་དུ་རང་གི་མེས་རྒྱལ་ལ་ཞབས་ཞུ་སྒྲུབ་ཀྱིན་ཡོད་ནའང་གཞུང་ཚབ་པ་མིན་པའི་མི་དེ་ལ་ཟེར།

ཕྲག་དོག—ནུས་མེད་ཐབས་རྡུགས་ཀྱི་འགྲན་རྩོད་ཅིག

བག་གསར—རང་གི་མདུན་ལམ་བཟང་པོ་རྒྱབ་ཏུ་དོར་བའི་བུད་མེད་ལ་ཟེར།

གྲོགས་སྒྲིག་པ—དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་གསར་དུ་ངོ་ཤེས་པའོ། །

གྲུབ་འབྲས—བརྩོན་འགྲུས་ཀྱི་རྒྱུན་ཆད་ཅིང་སུན་སྣང་གི་མགོ་ཚུགས་པ།

སློབ་གླིང—དེང་རབས་ཀྱི་སློབ་གྲྭ་ཞིག་སྟེ།འཁྲིད་བྱ་ནི་རྐང་གྲུག་ཁོ་ན་ཡིན།

བརྩི་བཀུར་མཁན—རང་ལ་འཐོབ་པར་འདོད་པ་ཡོད་ཚད་ད་དུང་མ་འཐོབ་པའི་རྗེས་འབྲངས་པ་དག་ལ་གོ

ཞེས་པ་ལྟ་བུའོ། །དཔེ་དེབ་འདི་མཱོ་ཡཱ་ཕིང་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་རྗེས་ནང་ལོགས་ཀྱི་རིག་གནས་པའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སེམས་སུའང་བག་ཆགས་ཟབ་མོ་བཞག་ཡོད་པ་སྐབས་དེའི་དུས་དེབ་དང་རྩོམ་ཡིག་སྣ་ཚོགས་ལས་ཤེས་ཐུབ།སྐྱོན་གསལ་མེ་ལོང་དང་གཉིས་སུ་མ་མཆིས་པའི་དཔེ་དེབ་འདི་ལས།ང་ཚོས་རྩོམ་པ་པོ་ཨམ་པེ་རོ་སེ-པིར་ཟེ་ལགས་ཀྱི་མི་ཚེ་དང་འཚོ་བའི་ཁྲོད་ནས་ཐོབ་པའི་ཤེས་རབ་དང་།ངན་པའི་ཚོགས་དང་རྫུན་མའི་རིགས་ཀྱི་ཁ་གཏད་དུ་ལངས་ཕོད་པའི་སྤོབས་པ།རང་ཚུགས་ཐུབ་པའི་བསམ་སྤྱོད།གཞན་དང་མི་མཚུངས་པའི་མིག་རྒྱང་དང་མཐོང་སྣང་།བྱ་དངོས་ལ་དབྱེ་ཞིབ་བྱེད་སྟངས་མཚར་པོ་དེ་ལ་སོགས་པའི་ཁྱད་ཆོས་དང་ཡོན་ཏན་ལ་རྗེས་སུ་ཡི་རང་དང་གོང་བཀུར་བྱ་འོས་པ་དང་།རང་རེའི་རིག་གནས་མཐའ་དཔྱོད་དང་རྩོམ་རིག་ལ་དགའ་པོ་ཡོད་མཁན་དག་གིས་ཁོང་གི་བརྩམས་ཆོས་འདི་ལ་ཟུར་ལྟ་ཙམ་བྱེད་ཐུབ་ནའང་བློ་སྐྱེད་མི་དམན་པ་འབྱུང་སྲིད་སྙམ་མོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།