《ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་སྙན་ངག་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།

a9d428347cd69064edb455ca1d822f0c.jpg

ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་སྙན་ངག་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས། བོད་ཀྱི་སྙན་ངག་པ་ཆེན་པོ་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་རྒྱ་ནག་ཏུ་བཞུགས་དུས་ཀྱི་ཞབས་འབྲིང་གཙོ་བོའི་གྲས་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་སྐུ་གཞོན་སོགས་ཀྱི་འགན་ཡང་བཞེས་མྱོང་བ་རེད།

སྙན་ངག་ཕྱོགས་བསྒྲིགས་འདིའི་ནང་དུ་ཐོག་མར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནས་མཛད་པའི་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ལོ་རྒྱུས་སྐོར་གྱི་ངག་བརྗོད་ཟིན་ཐོ་དེ་བཀོད་ཡོད་ཅིང་། དེ་ནས་གཞུང་དངོས་ཏེ། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་ལྗགས་རྩོམ《རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྟོགས་པ་བརྗོད་པ་སྙན་ངག་རིན་པོ་ཆེའི་བསྟན་བཅོས་ཨུཏྤལ་ལའི་རྣ་རྒྱན》ཞེས་བྱ་བ་འདབ་ཕྲེང་བཅུ་གཉིས་ཀྱི་བདག་ཉིད་ཅན་དང《སྐྱ་སེང་བུ་ལྔའི་བྱུང་བ་བརྗོད་པ་བློ་ལྡན་ཡིད་དབང་འདྲེན་བྱེད་རྨད་བྱུང་འཕྲུལ་གྱི་ཤིང་རྟ》《དགེ་སྦྱོང་གཞོན་ནུ་དང་ནགས་ལྷ་སྒེག་མོའི་འབེལ་གཏམ་མཁས་པ་བཞད་པའི་སྒྲ་དབྱངས》ཞེས་པ་གསུམ་རིམ་པ་བཞིན་བཀོད་ཡོད། མཇུག་ཏུ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་བརྩམས་པའི《ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་དང་ཁོང་གི་རྩོམ་རིག་སྐོར་གླེང་བ》ཞེས་པ་བཀོད་ཡོད་དོ། །

618a3cacf61de4b0e521583b9f1d46dc.jpg

ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ནི་རབ་བྱུང་བཅོ་ལྔ་པའི་ཆུ་གླང(སྤྱི་ལོ1913)ལོར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་ལྷ་རྩེ་རྫོང་ཁོངས་སུ་སྐུ་འཁྲུངས།   ཆུང་དུས་ནས་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་ཡི་གེ་འབྲི་ཀློག་སོགས་སྦྱངས། རྗེས་སུ་ལྷ་ས་སེ་རའི་ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ལྔ་དང་རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་ནས་མཁས་པའི་ཡང་རྩེར་སོན།   སྤྱིར་སྐུ་ཚེ་གང་བོར་ཐོས་བསམ་སློབ་གཉེར་ལ་གཞོལ་འདོད་ཆེ་ཞིང་ཆོས་སྲིད་ཀྱི་གོ་མིང་སྙེག་པའི་རེ་འདོད་མེད་ཀྱང་། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་རྒྱ་ནག་ཏུ་བཞུགས་རིང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཁོང་པཎ་ཆེན་གྱི་ཞབས་འབྲིང་དུ་གཏོང་བའི་བཀའ་འབྱོར་བས་མི་ཕེབས་ཀ་མེད་བྱུང་ལ། སྔ་ཕྱིར་སྐུ་གང་ཉིད་ཀྱི་མཚན་ཞབས་དང་ནང་སྒང་གི་ཛ་སག་དང་།  མགྲོན་གཉེར།  དྲུང་ཡིག་ཆེན་མོ་སོགས་མཛད་མྱོང་བ་རེད། རྗེས་སུ་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་སྐྱེ་དགུ་མདོ་ནས་སྐུ་གཤེགས་རྗེས་པཎ་ཆེན་མཆོག་གི་ཞལ་ཆེམས་བཞིན་རིན་པོ་ཆེའི་ཡང་སྤྲུལ་བཙལ་བ་དང་། ཐུགས་ཐག་གཅོད་པ། ཁྲིར་གསོལ་བ་སོགས་ཕྱོགས་གང་ཅིའི་ཐད་མཛད་རྗེས་མི་དམན་པ་བཞག་ཡོད་པ་རེད། 1951ལོའི་རྗེས་ནས་བཟུང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་སྐུ་གཞོན་དང་དྲང་ཆེ་སྐུ་གཞོན། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་སྐུ་གཞོན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་ཨུ་ཡོན་སོགས་སྲིད་ཕྱོགས་ཀྱི་གོ་གནས་གལ་ཆེན་ཡང་བཞེས་ཡོད་པ་རེད། མཐར་དགུང་ལོ་རེ་བཞི་བ་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ(སྤྱི་ལོ1977)ལོར་སྙུང་གཞིར་རྐྱེན་བྱས་ནས་སྐུ་གཤེགས་སོ།  །

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།