ལག་མཐིལ་གྱི་ཁ་བ་རྡོག་གཅིག

1

ཟློས་གར་ཁང་དུ་ལན་རེར་མི་ཚོགས་ཀྱི་ཧབ་ཆ་ལྷང་ངེར་གྲགས་འོང་ལ། ལན་རེར་ལྷིང་འཇགས་སེར་གྱུར་འགྲོ།ལྷ་སྐྱིད་ཀྱིས་མཛེས་སྤྲས་སྟེགས་བུ་རུ་གདོང་ལ་སྐག་རྩི་འབྱུག་ཙམ་བྱས།སྐབས་ཤིག་ལ།ཟློས་གར་རོལ་དབྱངས་དེ་མཇུག་བསྒྲིལ་སོང་།དེ་དང་བསྟུན་ནས་སྟེགས་བུའི་མདུན་ཕྱོགས་ནས་ཐལ་མོ་རྡེབ་སྒྲ་དང་མི་ཚོགས་ཀྱི་འུར་སྒྲ་ཟིང་ལོང་ངེར་མཚམས་ཀྱང་ཆད་དཀའ་སོང་།འཁྲབ་ཁྲིད་པས་ལྷ་སྐྱིད་སོགས་ཀྱིས་འཁྲབ་སྟོན་སྟ་གོན་བྱས་ཟིན་པ་མཐོང་བ་ན་སྟེགས་ཡོལ་འཐེན་མཁན་ལ་ལག་བརྡ་ཞིག་བརྒྱབ་པ་དང་། དེ་མ་ཐག་ཡོལ་བ་ཕྱོགས་གཉིས་སུ་འཁྱིལ་འཁོར་བྱས་ཏེ་ཕྱེ་བྱུང་། གླིང་བུ་འབུད་པའི་སྒྲ་ཞིག་གྲགས་འོངས་པ་དང་། ལྷ་སྐྱིད་གར་གྱི་སྟངས་སྟབས་དང་འགྲོགས་ནས་ལྟད་མོ་པ་དག་གི་མཐོང་ལམ་དུ་མངོན།དེ་རུ་མོ་ཁོ་ན་གློག་འོད་དཀར་སེང་ངེ་ཞིག་གིས་སྤྲས་ཡོད་པ་མ་གཏོགས། གཞན་དག་ཡོད་ཚད་ནག་མོག་གེར་ལུས་འདུག གློག་འོད་དེའི་འོག་ཏུ། མོ་ནི་དཀར་ཞིང་གཙང་ལ་ཉམས་ཀྱིས་ཕྱུག་པ་ཞིག་རེད་ཨང་། རོལ་དབྱངས་དེ་ལྟར་ལྷོད་ཅིང་འཇགས་ལ། ལྟད་མོ་པ་དག་ཀྱང་ཁ་ཁུ་སིམ་མེར་མོར་ཧད་དེ་ལུས་འདུག སྐབས་དེར་དགོད་སྒྲ་དང་ཐལ་སྒྲ་མི་འདུག འུར་སྒྲ་དེ་བས་ཀྱང་མི་འདུག

མོས་འཁྲབ་པའི་གར་དེའི་མིང་ལ《ཁྲུང་ཁྲུང་དཀར་མོ》ཟེར། དེ་ནི་ཕེ་རི་སིའི་ཞབས་བྲོ་ཁྲུང་ཁྲུང་མཚེའུ་ཞེས་པའི་ཚན་པ་དེར་དཔེ་བྱས་ཏེ་བོད་ཡུལ་གྱི་ཁྲུང་ཁྲུང་གཉིས་ཀྱི་བརྩེ་དུང་དང་ལས་དབང་བརྗོད་གཞིར་བྱས་པའི་གར་ཞིག་རེད།

གར་གྱི་མཐོ་རླབས་སུ་སླེབས་པ་དང་བསྟུན་ནས་གར་སྟེགས་ཀྱི་གློག་འོད་ཧྲིལ་པོ་ཡུགས་གཅིག་ཏུ་བསྒྲོན། མི་ཚོགས་སྔར་བཞིན་ལྷ་སྐྱིད་ཀྱི་ལྷན་སྐྱེས་ཀྱི་སྐྱེས་གཟུགས་དང་མཉེན་ཞིང་ལྡེམ་པའི་གར་གྱི་ཉམས་དེས་བཀུག ལྷག་པར་དུ་སྐྱེས་པ་དེ་དག་གི་ནག་རིལ་གྱི་མིག་ཟུང་ལྷ་སྐྱིད་ཀྱི་གདོང་དང་འབུར་དུ་ཐོན་པའི་བྲང་། འཇམ་མཉེན་གྱི་ལག་ཟུང་། གོམ་ཁའི་འདེགས་འཇོག་ལ་གཡེང་འདུག

འཁྲབ་སྟོན་མཇུག་རྫོགས་རྗེས། ལྷ་སྐྱིད་རང་གི་མཛེས་སྤྲས་སྟེགས་བུར་སོང་། རྒྱབ་ཕྱོགས་ནས་མི་ཚོགས་ཀྱི་འུར་སྒྲ་དང་ཐལ་སྒྲ་སྐབས་ཤིག་ལ་རྒྱུན་མ་ཆད། ད་དུང་ཟློས་གར་ཚོགས་པའི་འཁྲབ་སྟོན་ལེ་ཚན་འགའ་ཡོད་པས། ལྷ་སྐྱིད་རང་མལ་དུ་མ་ལོག་པར་གར་ཁང་གི་ཐོག་རྩེག་གཉིས་པའི་སྐུ་མགྲོན་བཞུགས་གནས་དེར་འབོལ་ཁྲིར་ཙོག་ནས་བསྡད། དེ་རུ་ལུས་རྒྱགས་ཤིང་ལྟོ་ལྡིར་ལ་ནུབ་ལྭ་གྱོན་མཁན་འགས་ཆང་ཕོར་གཏུག་ཞོར་སྐད་ཆ་ལྡབ་ལྡིབ་ཅིག་ལབ་ཀྱིན་མཆིས། དེར་ད་དུང་ལས་གྲོགས་འགའ་ཡང་ཡོད་པས། ཁོ་ཚོས་ལྷ་སྐྱིད་ཡོང་བ་མཐོང་འཕྲལ་ཡར་ལངས་ཏེ་མོར་རྟེན་འབྲེལ་ཞུས། “ལྟོས་དང་། ལྷ་སའི་ཁྲུང་ཁྲུང་སླེབས་བྱུང་།”གཟུགས་པོ་ཅུང་རྒྱགས་པའི་སྤྱི་གཉེར་པས་དེ་ལྟར་བོས་པ་ན། གམ་གྱི་གར་པ་གཞན་དག་ཀྱང་མྱུར་མོར་ཡར་ལངས་ཏེ་མོར་འཛུམ་ཙམ་བྱས།

ལྷ་སྐྱིད་ནི་ཟློས་གར་ཁང་འདིའི་བོད་མོ་གཅིག་པུ་ཡིན།

ཟླ་བདུན་གྱི་སྔ་རོལ་ཏུ། ལྷ་སྐྱིད་ནི་ལྷ་སའི་ནོར་བུ་གླིང་གར་ལྷ་མོ་འཁྲབ་པའི་གར་མ་ཞིག་ཡིན། ཟླ་བདུན་པའི་ལྷ་སའི་ནོར་བུ་གླིང་ག་ནི་མི་ཚོགས་ཀྱི་འཚང་ཁ་རྒོད་པའི་དུས་ཤིག་ཡིན་ངེས། ཞོ་སྟོན་བསུ་བའི་ཡུལ་མི་དང་ཕྱི་ཡུལ་ནས་ཕེབས་པའི་ཡུལ་སྐོར་པ་མང་པོ་ལྷན་དུ་འདུས་ཏེ་གླིང་གའི་ལྷ་མོའི་ཟློས་གར་ལ་རོལ། གླིང་གའི་ཉེ་འཁོར་དུ་ཁྱིམ་མི་དག་གིས་བསིལ་གདུགས་དང་རས་གུར་ཕུབ་སྟེ་ཁྲ་ལམ་ལམ་བྱེད་དུས། ནང་ལོགས་ནས་ལྷ་སར་མཇལ་སྐོར་དུ་ཡོང་བའི་ཟློས་གར་ཁང་གི་སྤྱི་གཉེར་པ་ཞིག་ལྷ་མོ་འཁྲབ་པའི་ཚེ་རིང་དང་ལྷ་སྐྱིད་གཉིས་ཀྱི་འཁྲབ་སྟོན་གྱིས་ཡིད་དབང་བཀུག སྤྱི་གཉེར་པས་གདོང་གི་མིག་ཤེལ་གོང་དུ་འདེད་ཙམ་བྱས་ཏེ་ཁོ་གཉིས་ཀྱིས་འཁྲབ་ཚར་བར་བསྒུགས། ཁོ་གཉིས་རྩེ་བཞིན་དགོད་བཞིན་དུ་བསིལ་གདུགས་འོག་ནས་ཐོན་འོང་བ་མཐོང་འཕྲལ། སྤྱི་གཉེར་པས་འཛུམ་དང་བཅས་གམ་དུ་བཅར་ནས།

“དངོས་གནས་གར་ཡག་པོ་འཁྲབ་སོང་།”

“ཐུགས་རྗེ་ཆེ།”ཚེ་རིང་གིས་མགོ་ལྕོག་ལྡེམ་ཙམ་བྱས།

“རང་གཉིས་ག་ནས་ཡིན་ནམ།”

“ངེད་གཉིས་ས་འདིའི་ཡིན་ལགས།”

“འོ་རེད།ང་ཧྲང་ཧའེ་ཟློས་གར་ཁང་ནས་ཡིན། རང་གཉིས་ནང་ལོགས་སུ་ཕྱིན་ན། མདུན་ལམ་རྒྱ་ཆེན་པོ་ཡོད་རྐྱང་རེད།”

“དེ་རུ་ངེད་གཉིས་ཀྱིས་ལྷ་མོ་འཁྲབ་ཆོག་གམ།”ལྷ་སྐྱིད་ཀྱིས་པྲ་ཆལ་གྱི་ཉམས་ཤིག་གིས་ཚེ་རིང་ལ་བལྟས་ཏེ་དེ་ལྟར་དྲིས།

“ལོས་ཆོག ལོས་ཆོག རང་གཉིས་གང་ལ་མཁས་ན་དེ་འཁྲབ་ཆོག ཟློས་གར་ཁང་ཡང་འདི་ལས་ཆེ་ལ་ལྟད་མོ་པ་ཁྲི་སྟོང་གིས་ཁེངས་ཡོད། ད་རུང་གླ་ཕོགས་འདི་ལས་མཐོ་ཁོ་ཐག་ཡིན་ལགས།”ཁོས་གཟབ་ནན་གྱི་ཉམས་ཤིག་བསྟན།

“ཡོ་ཡོ།”ཚེ་རིང་གིས་ཅུང་སུན་པའི་ཉམས་ཤིག་བསྟན་ཏེ་ལྷ་སྐྱིད་ཁྲིད་ནས་གུར་གཞན་ཞིག་ཏུ་འཛུལ།

ཟླ་བདུན་གྱི་གོང་དུ། ལྷ་སྐྱིད་དང་ཚེ་རིང་གཉིས་ཀྱིས《ཁྲུང་ཁྲུང་དཀར་མོ》ཞེས་པའི་གར་གྱི་ཚན་པ་ཞིག་བཟོས་ཤིང་དེ་ལ་སྦྱོང་བ་བྱས། ཉིན་དེ་གཟའ་མཇུག་ཅིག་ལ་ཁེལ་སྟབས། ཚེ་རིང་གིས་ལྷ་སྐྱིད་ཁྲིད་དེ་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་ཞིང་ཁ་ཞིག་ལ་འཆམ་འཆམ་དུ་སོང་། ལམ་དུ་ཁྲུང་ཁྲུང་གི་ཕྲུ་གུ་གཉིས་འགྲོ་བཞིན་པ་མཐོང་བ་ན། ལྷ་སྐྱིད་མཚར་སྣང་གིས་དེ་གཉིས་ཀྱི་རྗེས་དེད་ནས་སོང་། གློ་བུར་དུ། ཁྲུང་ཁྲུང་གིས་གཤོག་གཉིས་བསྐུམས་ཤིང་ཕྲ་ཞིང་རིང་བའི་སྐེ་མདུན་དུ་བསྲིངས་ནས་ལྷ་སྐྱིད་བདས། ལྷ་སྐྱིད་ཀྱིས་ཨག་སྐད་ཅིག་བརྒྱབ་སྟེ་ཚེ་རིང་ལ་འཐམས། ཚེ་རིང་གིས་ཐང་ནས་རྡེའུ་ཞིག་བཏུས་ཤིང་རྒྱག་པར་རྩོམ་ཚེ། ཁྲུང་ཁྲུང་གཞན་ཞིག་འཕུར་འོངས་ནས་ཁོ་གཉིས་ཀྱི་ཀླད་ནས་ལྡིང་སྐོར་རྒྱག་ཅིང་སྐད་བརྒྱབ། ལྷ་སྐྱིད་ཀྱིས་ཚེ་རིང་གི་ལག་ནས་རྡེའུ་ཐང་དུ་གཡུགས་ཤིང་ལག་པར་འཇུས་ཏེ་ཕྱིར་རང་ཁྱིམ་དུ་བྲོས།

སྐབས་དེར། ཁོ་གཉིས་ནི་ལྷ་མོ་ཚོགས་པའི་ཨ་འགྲིག་ཆ་འགྲིག་གི་གཞོན་ཆུང་ཕོ་མོ་གཉིས་ཡིན།

2

མོས་དེ་ལྟར་ཡིད་དུ་ཕ་ཡུལ་དང་ཕ་ཡུལ་གྱི་སྙིང་ཉེ་བའི་མི་དེ་ཤར། ཕ་ཡུལ་དང་ཁ་ཐག་རིང་བའི་གྲོང་ཁྱེར་འདིར་ཁ་བ་ཞིག་ལྷོད་ཀྱིས་བབས་པས། མོས་གློ་བུར་དུ་ཁོག་འདར་ཞིག་བརྒྱབ་ཅིང་གྲང་སྣང་ཕྲན་བུ་ཞིག་སྐྱེས། འུར་ཟིང་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་འདིར་མོའི་གམ་དུ་བརྩེ་བའི་མི་དེ་མི་འདུག་པར་ཁེར་ཧྲེང་དུ་ལུས་ཡོད་པ་ཚོར་རྗེས་སླར་ཡང་གྲང་འདར་ཞིག་བརྒྱབ། མོས་ཁ་བའི་ཁྲོད་དུ་ལག་པ་བསྲིངས་ཏེ་ཁ་བ་རྡོག་རེ་ལག་མཐིལ་དུ་འབབ་ཏུ་བཅུག ལག་མཐིལ་དུ་བབས་པའི་ཁ་བ་རྡོག་རེ་ནི་ཕྲན་ཙམ་གྱིས་ཞུ་འགྲོ་བས། མོས་རང་ཉིད་ནི་ལག་མཐིལ་དུ་བབས་པའི་ཁ་བ་ལྟར་ས་མཐའི་གྲོང་འདི་ནས་གཅིག་པུར་ཞུ་མི་འགྲོ་ཨང་བསམས་ཏེ་དངངས་འདར་ཞིག་ཀྱང་བརྒྱབ། མོ་རང་ལམ་དུ་ཆས་ཁར། ཇོ་ཚེ་རིང་ལགས་ཀྱིས་ཁོམ་སྐབས་བྱུང་ཚེ་མོར་བལྟ་རུ་ཡོང་བའི་གཏམ་སྨྲས་ཡོད་པ་མོས་གཏན་ནས་བརྗེད་མེད། མོར་ཅི་ཡིན་ཆ་མེད་ཀྱི་འཚིག་པ་ཞིག་ཟ་འོངས། ཇོ་ཚེ་རིང་དང་ལྷན་དུ་འགྲོགས་པའི་ལོ་ཟླ་དེ་དག་ཏུ་མོར་མཐོ་སྒང་གི་ས་བབ་དེ་འདྲ་ཞིག་ཏུ་བབས་པའི་ཁ་བར་ཡང་གྲང་ངར་ལྡན་པ་བློ་ངོགས་ན་མི་འདུག གང་ལྟར་མོ་ས་མཐའི་གྲོང་འདིར་བབས་པའི་ཁ་བ་རྡོག་གཅིག་ཏུ་འགྱུར་མི་འདོད།

མོ་ལྷ་སའི་གྲོང་གི་ཞིང་ཁ་ཞིག་ཏུ་བབས་པའི་ཁྲུང་ཁྲུང་དཀར་མོ་ཞིག་ཡིན་སྣང་སྐྱེས། ཡིན་ཡང་ཡིན་ཏེ། མི་ཚོགས་ཀྱི་མིག་ལམ་དུ་མོ་ནི་ཐག་རིང་གི་ཉི་འོད་གྲོང་ཁྱེར་ནས་ཕེབས་པའི་མི་ཡུལ་གྱི་ཁྲུང་ཁྲུང་ཞིག་ཡིན།

ཁྱིམ་དུ་ལོག་རྗེས། ཁྲུས་རྫིང་དུ་ཆུ་བཏང་ཞིང་ལྭ་བ་བརྗེས། མལ་ཁྲིའི་གམ་གྱི་མེ་ལོང་དེའི་མདུན་དུ་འགྲེང་སྐབས།མོའི་མིག་ལམ་དུ་མགུལ་གྱི་གཡུ་ཆུང་དྲུག་དཀར་དེ་མངོན་བྱུང་། མོས་དེ་ལ་རེག་ཙམ་བྱས་ཤིང་ཇོ་ཚེ་རིང་གི་སྙིང་དུ་སྡུག་པའི་གདོང་དེ་སླར་ཡང་དྲན་ཡོང་། གཡུ་ཆུང་དྲུག་དཀར་དེ་ཇོ་ཚེ་རིང་གིས་གནང་བ་རེད།

3

ཚེ་རིང་དང་ཁོ་གཉིས་ནི་ལོ་གསུམ་གྱི་སྔོན་ནས་ངོ་ཤེས་པ་ཡིན། དེ་དུས། ལྷ་སྐྱིད་ལྷ་མོའི་ཚོགས་པར་གསར་དུ་ཞུགས་མ་ཐག་ཡིན་པས། མོར་མཚོན་ན། ཚེ་རིང་ནི་འཁྲབ་རྩལ་དང་ཉམས་མྱོང་གང་གི་ཐད་ནས་ཀྱང་རང་ལས་རྒན་པ་ཡིན། མོ་དེ་རུ་སླེབས་པ་ནས་བཟུང་། མོ་ཚེ་རིང་དང་འགྲོགས་ཏེ་ནངས་མོ་ནས་དགོང་དྲོའི་བར་དུ་ལྷ་མོའི་གར་ལ་སྦྱོང་བ་བྱས་ཤིང་གར་གཞས་བསླབས། དེ་དུས། ལྷ་སྐྱིད་ཀྱིས་ཚེ་རིང་ལ་ཇོ་ལགས་སུ་འབོད་པས། ཁོའི་གྲོགས་པོ་དག་གིས་ཀུ་རེའི་ཚུལ་གྱིས་ཚེ་རིང་ལ་སྙད་བརྐོ་སྲིད་དེ། ཁོ་ཚོས་རྩེད་མཚར་གྱིས“ལྷ་མོའི་ཇོ་ལགས”ཟེར་ཞིང“ཡིད་འོང་ལྷ་མོའི་ཁྲོད་ལ། ། ལས་ཀྱི་ལན་བུ་བསླེས་ཚེ། ། སེམས་ཁྲལ་དེ་ལ་མ་གནང་། ། ཨ་ཇོ་ཚེ་རིང་བསམ་འགྲུབ། ། མེ་ཏོག་བསྣམས་ནས་སླེབས་འོང་། །”ཞེས་ཀྱང་བླངས་ཡོང་། ཚེ་རིང་ཁ་སྐྱེངས་ནས་རང་ཉིད་ལ་དག་སེལ་ཡང་ཡང་ཞུས་མོད། འོན་ཀྱང་། ལྷ་སྐྱིད་ཀྱིས་གཞན་དག་གིས་ཚེ་རིང་ལ་དེ་ལྟར་སྙད་བརྐོ་བ་མ་རིག་ཁུལ་བྱེད་ཀྱང་སེམས་སུ་དེ་ལྟར་མ་ཡིན་པར། ཚེ་རིང་གི་མདོག་དམར་པོར་ལུས་པའི་གདོང་ལ་ལྟ་ཞོར་ཁོང་འཛུམ་ཡང་ཡང་ལངས། དེ་བས་མོས་སྔར་ལས་ཀྱང་ཁོ་ལ་ཇོ་ལགས་ཟེར་ཞིང་མི་མང་འདུ་སར་ཡང་དེ་ལྟར་འབོད།

ཚེ་རིང་གི་ལྟ་སྐྱོང་འོག་ཏུ། མོ་གར་རེ་རེའི་འཁྲབ་སྟངས་དང་གཞས་རེ་རེའི་གཏོང་ཚུལ་ལ་བྱང་ཆུབ། ལོ་ངོ་གཅིག་ཙམ་སོང་མཐར། མོ་ཨ་ཅེ་ལྷ་མོའི་གཙོ་འཁྲབ་པར་གྱུར། ཡིན་ཡང་། ལྷ་སྐྱིད་ཀྱིས་ཚེ་རིང་ལ་ཇོ་ལགས་འབོད་པ་ལན་ཅིག་ལའང་ལྷག་མ་མྱོང་། དེ་ལྟར་བོས་ཚེ། མོའི་སེམས་སུ་དྲོད་འཇམ་གྱི་ཚོར་བ་ཞིག་ངང་གིས་བསྐྱིལ་འོངས་ཏེ། དེ་ནི་སྲ་མཁྲེགས་དང་བརྟན་བརླིང་། ངང་རིང་ཞིག་ཡིན་སྣང་སྟེར། ལྷ་སྐྱིད་ཀྱིས་ནམ་ཞིག་གི་ཚེ། མོ་ཡང་གློག་བརྙན་ལས་མཐོང་བ་བཞིན་ཚེ་རིང་གི་བྲང་ཁར་མགོ་བོ་གླན་ཐུབ་པར་རེ་སྒུག་ཡང་ཡང་བྱས། ཡང་ན་ལམ་ཁར་བཞད་པའི་མེ་ཏོག་གིས་བསླེས་པའི་དབུ་རྒྱན་ཞིག་མོར་ལག་རྟགས་སུ་བྱིན་ཡང་ཆོག

4

ལྷ་སྐྱིད་ཀྱིས་ཁྲུས་གཞོང་གི་མཐའ་རུ་ཡོད་པའི་ཞེང་ཆེ་བའི་ལག་ཕྱིས་དེས་ལུས་སྐེད་བཏུམས་རྗེས། འཕྲིན་ཕྲན་ལས་ཚེ་རིང་ལ“གཉིད་སྐྱིད”ཅེས་བྲིས་ནས་བསྐུར།

ཟླ་བདུན་གྱི་སྔོན་དུ། སྤྱི་གཉེར་པ་དེར་འཕྲད་རྗེས། ཚོགས་གཙོས་ཀྱང་ཁོ་གཉིས་བོས་ཏེ་ནང་ལོགས་སུ་ཕྱིན་ན་རང་གི་མདུན་ལམ་གྱི་ལམ་ཁ་ཡངས་པ་དང་། ནང་ལོགས་ཀྱི་ཆ་རྐྱེན་དང་ཁོར་ཡུག་སོགས་བཟང་རབས་བཤད། མཐར་ལྷ་སྐྱིད་གཅིག་པུ་འགྲོ་བའི་གྲོས་དན་བྱས། དགོང་མོ་དེར། ཚེ་རིང་དང་མོ་གཉིས་ལམ་དུ་འགྲོགས་ནས་ཁྱིམ་ལ་ལོག སྐབས་དེར། ཚེ་རིང་གིས་སྐད་ཆ་ཅི་ཡང་ལབ་མ་སོང་བས། ལྷ་སྐྱིད་ཀྱང་ཚེ་རིང་གི་རྗེས་སུ་འབྲངས་ནས་ཕྱིར་རང་ཁྱིམ་དུ་ལོག་པ་ལས་ཅི་ཡང་མ་སྨྲས།

ཚེ་རིང་ལ་ཚེ་འདིར་ཨ་ཕྱི་གཅིག་པུ་ལས་གཉེན་ཉེ་མེད་དེ། ཨ་ཕྱིས་ཚེ་རིང་ལོ་གཅིག་གི་སྟེང་ནས་གསོས་ཏེ་བསྐྱངས་འོངས་པ་རེད། ཚེ་རིང་གི་ཨ་ཕྱི་ཡང་སྔོན་ལྷ་མོ་ཚོགས་པའི་མིང་དུ་གྲགས་པའི་གར་མཁན་ཞིག་ཡིན། འོན་ཀྱང་། ལས་དབང་གི་བཀོད་པར་སུ་ཡིས་ཅོ་འདྲི་ཕོད་དམ། ཡང་ན་སུ་ཞིག་གིས་ཁ་ལོ་བསྒྱུར་ནུས་སམ། སྟབས་ཉེས་པ་ཞིག་ལ། ཚེ་རིང་གི་ཕ་མ་གཉིས་ཨ་ཕྱིས་ཞོ་སྟོན་ལ་མཉམ་དུ་རོལ་བར་བོས་པའི་ལམ་དུ་འཁོར་བགེགས་བྱུང་སྟེ་རྐྱེན་ལམ་དུ་ཤོར། ཡིན་ན་ཡང་། ཚེ་རིང་དོན་རྐྱེན་དེ་ལས་འཆི་བདག་གི་ཁ་རུ་མ་ཤོར། དེ་ནས་བཟུང་སྟེ།ཚེ་རིང་ཕ་མ་དང་གཏན་དུ་ཁ་བྲལ་སོང་ལ། ཨ་ཕྱི་ཡང་ལྷ་མོའི་ཚོགས་པ་དང་གཏན་དུ་ཁ་བྲལ། ཕྱིས་ཀྱི་ལོ་དང་ཟླ་བ་དེ་དག་ལ། མོས་མི་ཚེའི་སྐྱ་ཡ་ཞིག་གཏན་ནས་མ་བཙལ། མོར་སྙིང་གཏམ་སྒྲོག་མཁན་དང་བརྩེ་བ་གླེང་མཁན་མང་དུ་བྱུང་ཡང་། མོ་དེ་དག་ལ་སེམས་རྨང་ནས་ཤི་སོང་བ་འདྲ། དེ་བས་མོས་ཚེ་རིང་རང་གི་བུ་བཞིན་དུ་བསྙོར་ནས་ནར་སོན། ཚེ་རིང་ཡང་ཨ་ཕྱི་ལ་གཅེས་ཤིང་བྱམས་པས། ཨ་ཕྱིའི་ཚེ་གཅིག་གི་སེམས་ཐོགས་ས་དང་ལུས་རྟེན་སར་གྱུར། ལྷ་སྐྱིད་ལྷ་མོའི་ཚོགས་པར་ཞུགས་པ་ནས་ཉིན་འགའ་རེའི་ནང་དུ་སིལ་ཏོག་འགའ་ཁྱེར་ནས་ཨ་ཕྱི་ལ་བལྟ་རུ་ཡོང་། ཡུལ་ལ་ལོག་ཁར། མོས་ཨ་ཕྱིའི་རྐང་བ་འཁྲུད་ཅིང་ཚེ་རིང་ལ་ལེ་བདའ་བྱེད་ཞོར་ཨ་ཕྱིའི་གཟུགས་པོ་ལེགས་པོར་བཀྲུས་མེད་པ་སོགས་ཡང་ཡང་གླེང་། ཨ་ཕྱི་མོར་འཕྲད་པ་ནས་བློ་ལ་བབས། གལ་ཏེ་རང་ལ་འདི་ལྟ་བུའི་མནའ་མ་ཞིག་ཡོད་ན། དེ་ནི་བསོད་ནམས་རེད་སྙམ། དེ་བས་མོས་ལྷ་སྐྱིད་ལ་ཐེངས་དུ་མར་ཁྱོད་ལ་མཛའ་བོ་ཡོད་དམ་ཞེས་དྲིས་མྱོང་། ཡིན་ན་ཡང་། དྲི་བར་མོས་འཛུམ་ཙམ་བྱས་ཏེ་མགོ་བོ་བསྒུར་བ་ལས་ལན་མ་བྱིན།

ཚེ་རིང་གིས་རང་གི་ཨ་ཕྱི་ཁེར་ཧྲེང་དུ་བསྐྱུར་ནས་རྒྱང་རིང་གི་ས་མཐའ་ཞིག་ལ་འགྲོ་འདོད་ལར་ནས་མེད། ཨ་ཕྱིའི་འཚོ་བའི་ཕྱི་ནང་ལ་ཁོ་མ་གཏོགས་ཞེ་ཐོགས་ས་མི་འདུག་པས། འདི་ལྟར་གཅིག་པུར་བསྐྱུར་བར་སེམས་ཀྱིས་ཅི་ལ་ལོངས། ཡིན་ན་ཡང་། ལྷ་སྐྱིད་དེ་ལྟར་རང་དང་རྒྱང་དུ་གྱེས་འགྲོ། རྒྱང་རིང་གི་གྲོང་ཁྱེར་གང་ཞིག་གི་གྲུ་ཟུར་ནས། ཁོ་ནི་ས་ལ་ཟགས་པའི་ལོ་མ་བཞིན་ནམ་ཞིག་མོས་བརྗེད་སྲིད་དམ། དེ་ལྟར་ན། མི་རྟག་ཅེས་པ་ཡང་དཀའ་ཐུབ་པ་ཙམ་གྱིས་མ་གཏོགས་སྒོམ་ཐུབ་པ་ཞིག་ཀྱང་ཡིན་མ་ངེས་ཏེ། མ་ཤི་གསོན་བྲལ་གྱི་གོ་རིམ་འདི་ཡང་མི་རྟག་སྒོམ་པའི་རིམ་པ་ཞིག་ཅི་ལ་མིན། ལྷག་དོན། ཁོ་མོ་ནམ་ཞིག་ཕྱིར་ལོག་པར་ཡང་གསལ་ཆ་ཅི་ཡང་མེད། ཡིན་ན་ཡང་། མོ་མེད་པའི་དུས་ཚོད་དེ་དག་ལ། མི་ཞིག་གིས་གདོང་གཏོད་དགོས་པའི་དཀའ་ངལ་མཐའ་དག་ལས། མོར་སྒུག་པ་ལས་ཐུ་བའི་སྡུག་བསྔལ་ཞིག་མེད་པ་ཁོའི་སེམས་སུ་ཁྲིགས་ཁྲིགས་ཡིན།

5

ལམ་ལ་ཆས་ཉིན། ལྷ་སྐྱིད་ཀྱིས་མེ་འཁོར་འབབ་ཚིགས་སུ་ཡུན་རིང་ལ་བསྒུགས་མོད། ཚེ་རིང་ཡོང་རྒྱུ་མ་བྱུང་། མེ་འཁོར་སྐྱོད་མགོ་རྩོམ་པར་སྐར་མ་འགའ་མ་གཏོགས་མེད་སྐབས། ཚེ་རིང་དབུགས་ཧལ་ཧལ་གྱིས་བརྒྱུགས་ནས་འོངས།

“དགོངས་དག ང་ཨ་ཕྱི་ཇོ་ཁང་ལ་སྐྱེལ་བར་ཕྱིན་པས།”ཚེ་རིང་གིས་ནོངས་འགྱོད་དང་བློ་ཕམ་པའི་ཉམས་ཤིག་བསྟན་ནས་ལྷ་སྐྱིད་ཀྱི་གདོང་ལ་ཅེར། ཚུགས་ཀ་དེར་བལྟས་ནས་ལྷ་སྐྱིད་དགོད་བྲོ་ལ་ངུ་འདོད་ཅིག་ཀྱང་སྐྱེས།

ཚེ་རིང་གིས་སླར་ཡང་ལག་གི་འགྱིག་ཁུག་དཀར་པོ་དེ་ལྷ་སྐྱིད་ལ་གཏད་ནས།“འདི་ཨ་ཕྱིས་ཁྱོད་ལ་བསྐུར་བ་རེད། མོ་རྐང་ལག་མི་བདེ་བས་སྐྱེལ་མར་ཡོང་ཐུབ་མ་སོང་། དགོངས་འགལ་མེད་པར་མཁྱེན་ཟེར།འདི་ཤ་སྐམ་དང་ཕྱུར་བ་རེད།”

ཚེ་རིང་གིས་མཐའ་སྐོར་དུ་རགས་ལྟ་ཞིག་བྱས་པ་དང་ལྷ་སྐྱིད་ཁྲིད་ནས་གམ་གྱི་མི་ཉུང་ས་ཞིག་ཏུ་སོང་། དཔྲལ་བར་བཞུར་ཡོང་བའི་རྔུལ་ཆུ་འབྱིད་ཞོར།“ངས་ནམ་ཡང་ཁ་པར་གྱི་སྐུད་ལམ་ནས་ཁྱོདལ་འབྲེལ་ཡོང་།”

སྐད་ཆ་དེ་ཐོས་རྗེས། ལྷ་སྐྱིད་ཀྱི་སེམས་སུ་ཅི་ཡིན་ཆ་མེད་ཀྱི་ན་ཟུག་ཅིག་ལངས། ན་ཟུག་དེས་ཡ་ཆུང་ཧྲིལ་པོ་སྐྱུར་བྲེང་བྲེང་དུ་བྱས་པས་མིག་ཆུའི་རྡོག་པ་འགའ་མིག་མཐར་ཚོར་མེད་དུ་བབས། ཚེ་རིང་གིས་ལག་པས་མོའི་མཁུར་མགོའི་མཆི་མ་དབྱི་འདོད་ཀྱང་མཐར་ལག་པ་བསྐུམས་ནས་མགོ་བོ་སྨད་སོང་། ཡུད་ཙམ་ནས་ཁོའི་རང་གི་མགུལ་དུ་བཏགས་པའི་གཡུ་ཆུང་དེ་བླངས་ཤིང་ལྷ་སྐྱིད་ཀྱི་སྐེ་རུ་བསྒྲོན།

“གཡུ་ཆུང་འདི་ཁྱོད་ཀྱི་སྐེ་ན་ཡོད་པས། ང་ནམ་ཡང་ཁྱེད་ཀྱི་གམ་ན་ཡོད།”

“ཡིན་ཡང་།འདི……”

ཚེ་རིང་གིས་ལྷ་སྐྱིད་ཀྱི་ཚིག་མཚམས་བཅད་ནས།“ད་འགྲོ།རང་མེ་འཁོར་གྱི་རྗེས་སུ་ལུས་དོགས་རེད།”

མེ་འཁོར་དུ་འཛེགས་སྐབས། ལྷ་སྐྱིད་ཁ་ཕྱིར་འཁོར་ཏེ།“དོན་དག་ཅི་བྱུང་ཡང་ང་ལ་འབྲེལ་བ་གནང་རོགས།”ཟེར། ཚེ་རིང་གིས་ཆོག་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱས།

6

ལྷ་སྐྱིད་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་རང་གི་མགུལ་གྱི་གཡུ་དེར་རེག་ཙམ་བྱས། དུས་རབས་གོང་མའི་ལོ་རབས་ཉི་ཤུའི་སྐབས་ཤིག་ལ།ཚེ་རིང་གི་ཡང་སྤོ་ནི་ལྷ་སའི་སྐུ་དྲག་ཅིག་གི་གཉེར་བ་ཡིན།སྐབས་དེར། སྐུ་དྲག་དེ་གང་སར་ཚོང་འབྲེལ་ཡོད་ཅིང་། ཚེ་རིང་གི་ཡང་སྤོ་ནི་ཚོང་ལ་མཁས་པས་ཁོའི་རོགས་རམ་ལ་བརྟེན་ནས། སྐུ་དྲག་དེ་ལ་མངའ་ཐང་ངེས་ཅན་ཞིག་རྒྱས། ལོ་ཞིག་ལ། སྐུ་དྲག་དེས་ཁོ་ཁྲིད་ནས་ཁམས་ཕྱོགས་ཀྱི་མི་དཔོན་ཞིག་ལ་ཚོང་རྒྱག་ཏུ་འགྲོ་བའི་ལམ་བར་དུ། ཚེ་རིང་གི་ཡང་སྤོ་ཁམས་ཕྱོགས་ཀྱི་སྔགས་བླ་ཞིག་ལ་འཕྲད་ནས་མགུལ་གཡུ་དེ་ཁོ་ལ་གནང་བ་རེད། མགུལ་གཡུ་དེར་སྔགས་འཆང་དེས་བྱིན་གྱིས་བརླབས་པས། ཁོས་ཚེ་གཅིག་རིང་སྐེ་རུ་བཏགས་པ་དང་མཐར་ཨ་ཕྱིར་བཏགས། དེ་ནས་ཚེ་རིང་གི་ཕ་ལ་བཏགས་ཤིང་མཐར་ཚེ་རིང་གི་སྐེ་ལ་བབས། འདི་ལྟར་བྱས་ཡོང་ན་མགུལ་གཡུ་འདི་མི་རབས་བཞི་བརྒྱུད་ནས་ཡོང་བ་རེད། ད་ལྟ་འདི་ལྟར་ལྷ་སྐྱིད་ཀྱི་སྐེ་རུ་ཡོད།

སྔོན་ཆད། ཟློས་གར་ཁང་གི་ལས་གྲོགས་ཚོས་ལྷ་སྐྱིད་ཀྱི་མགུལ་གཡུ་དེར་བལྟས་ནས་གཡུ་འདིར་མ་མཐའ་ཡང་སྒོར་ཁྲི་ཚོ་བརྒྱ་ལྷག་གི་རིན་ཐང་ལྡན་ངེས་ཟེར། ལ་ལས་རང་བྱུང་གིས་གྲུབ་པ་ཤ་སྟག་རེད། དེ་ལྟར་ན། རིན་གོང་འདི་ལས་མི་ཚད་ཟེར། ཟློས་གར་ཁང་དུ་ལྷ་སྐྱིད་དང་འཕྲད་པའི་ཚོང་དཔོན་དེ་དག་གིས་ལྷག་པར་གཡུ་དེ་ལ་ལྟ་ཞོར“གཡུ་འདི་འཚོང་ངམ”ཞེས་ཡང་ཡང་དྲིས་མྱོང་།

7

ཉིན་དེར། ལྷ་སྐྱིད་ཀྱིས་སླར་ཡང《ཁྲུང་ཁྲུང་དཀར་མོ》འཁྲབ་སྟོན་བྱས། འཁྲབ་སྟོན་མཇུག་རྫོགས་རྗེས། སྤྱི་གཉེར་པ་དང་ཁོའི་གྲོགས་པོ་འགའ།དེ་མིན་གར་བ་འགས་མོར་བསྒུགས་འདུག ཁོ་ཚོ་མདུན་ཅོག་ཆེ་གྲས་ཤིག་ལ་བསྐོར་ནས་ཡོད་ཅིང་ཆང་དྲི་སྣ་ལམ་དུ་འཚང་འོངས། སྤྱི་གཉེར་པས་བྱམས་བརྩེ་དང་ལྡན་པའི་ཉམས་ཤིག་གིས་ཆང་ཕོར་གནམ་ལ་བཏེགས་ཏེ།“ལྷ་སྐྱིད་ནི་ང་ཚོའི་གར་ཁང་གི་ཁྲུང་ཁྲུང་དཀར་མོ་དངོས་ཡིན་པས། ཐོག་མར་ངས་མོར་ཆང་ཞིག་འདྲེན”ཟེར། ལྷ་སྐྱིད་ཡུལ་ནས་ནང་ལོགས་སུ་ལོག་པ་ནས་ད་ལྟའི་བར་དུ། སྤྱི་གཉེར་པ་དེས་མོ་གཉེན་ཉེ་བཞིན་བདག་སྐྱོང་བྱས་ནས་ཡོང་བས། ལྷ་སྐྱིད་ཀྱི་སེམས་ནས་ཀྱང་གུས་བཀུར་ཞིག་བྱེད་དགོས་སྙམ་ནས་ཆང་ཕོར་གང་བཏེགས་ནས་ཞབས་དག་བརྒྱབ། སྐབས་དེར། ལྷ་སྐྱིད་ཀྱི་གམ་གྱི་མི་དེས་ལྷ་སྐྱིད་ཀྱི་མདུན་ཀྱི་ཆང་དེམ་བླངས་ནས་ལོགས་སུ་བཞག་ཅིང་།

“བུ་མོ་ཞིག་གིས་ཆང་མང་པོ་འཐུངས་ན་ཡག་པོ་མི་འདུག ཉུང་ཙམ་བཞེས་རོགས”ཟེར།

སྐབས་དེར། ལྷ་སྐྱིད་ཀྱི་གློ་སྙིང་གང་གི་བར་དུ་དྲོད་ཅིག་ངང་གིས་བསྐྱིལ། སྔོན་ཆད་ཚེ་རིང་དང་ལྷན་དུ་འགྲོགས་པའི་དུས་དེ་དག་ལ། ནམ་རྒྱུན་འཁྲབ་སྟོན་གལ་ཆེན་རེ་མཇུག་རྫོགས་རྗེས། ཚོགས་མི་ཧྲིལ་པོ་ལྷ་སའི་བར་སྐོར་རམ་སྤང་ཐང་ཞིག་ལ་ཆང་འཐུང་དུ་འགྲོ་སྲིད། སྐབས་དེར། མོས་ཆང་འཐུང་གྲབས་བྱེད་སྐབས། ཚེ་རིང་གིས་སྐད་ཆ་དེ་ཡང་ཡང་ལབ་སྲིད། ཡིན་ན་ཡང་། མོས་ཚེ་རིང་གི་སྐད་ཆར་མི་ཉན་པར་ཆང་གིས་ར་བཟི་བར་བྱེད་ཅིང་མཐར་ཚེ་རིང་གིས་བསྐྱོར་ནས་མོ་ཁྱིམ་དུ་བསྐྱལ་སྲིད། སྐབས་འདིར། མོས་ཚེ་རིང་གིས་བཤད་མྱོང་བའི་སྐད་ཆ་དེ་ཐོས་པས། གམ་གྱི་མི་དེའི་གདོང་ལ་ཡང་ཡང་བལྟས། མི་དེ་ལུས་པོ་སྐམ་ཞིང་རིད་ལ། གདོང་ལ་མིག་ཤེལ་ཞིག་གཟར་འདུག་པས་བལྟས་ཚོད་ཀྱིས་ཡོན་ཏན་པ་ཞིག་ཡིན་པར་སྣང་། ཁོས་ལྷ་སྐྱིད་ཀྱིས་བལྟས་ཡོད་པ་མཐོང་འཕྲལ་འཛུམ་ཞིག་ལངས་ནས“དགོངས་དག ངས་ཁྱེད་ཀྱི་འཚོ་བར་ཐེ་གཏོགས་བྱས་ན་མི་རུང”ཟེར། ལྷ་སྐྱིད་ངོ་ཙམ་གནོངས་ནས།“སྐྱོན་མི་འདུག རང་ག་རེ་བྱེད་མཁན་ཡིན” དྲིས།

“ང་པེ་ཅིན་ནས་ཡིན། ཟློས་གར་གྱི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན། ལྷག་པར་དུ་བོད་ཀྱི་ཟློས་གར་ལ་དགའ་ཞེན་དང་ཞིབ་འཇུག་བྱེད་པའི་འཆར་བཀོད་ཡོད་པས། རྗེས་ཕྱོགས་མཛུབ་སྟོན་མི་དམན་པ་གནང་རྒྱུ་མཁྱེན།”ཁོས་ནན་ཏན་གྱིས་དེ་སྐད་ཟེར། དེ་དུས། སྤྱི་གཉེར་པས་ཆང་ཕོར་བཀྱགས་ནས་ཡར་ལངས། དེར་ཡོད་ཀྱི་མི་ཚང་མ་ཡར་ལངས། གམ་གྱི་ལས་གྲོགས་དེས་ལྷ་སྐྱིད་ཀྱི་ཆང་ཕོར་དུ་ཆང་བསྣན་ནས་གང་དུ་བཅུག་རྗེས་ཚང་མས་གཙང་དག་བྱས། ལྷ་སྐྱིད་ཀྱིས་དེ་ལྟར་ཆང་འགའ་དྲངས་པས་མགོ་བོ་ཡམ་ཡོམ་བྱས། དེ་ནས་མོས་མི་འཐུང་བའི་བརྡ་ལན་བྱིན་ཡང་། དེ་དག་གིས་ཡང་ཡང་རེ་ཞུ་བྱེད་པས་མོས་ཀྱང་མི་འཐུང་ག་མེད་བྱུང་། སྐབས་ཤིག་ལ། ཟློས་གར་ཁང་གི་གནམ་ས་ཧྲིལ་པོ་ཡུགས་གཅིག་ཏུ་འགུལ་བཞིན་འདུག ལྷ་སྐྱིད་ཀྱི་མགོ་བོ་ཡམ་ཡོམ་ངང་མཐའ་སྐོར་གྱི་མི་དག་གི་སྐད་ཆ་ལྡབ་ལྡིབ་ཅིག་མ་གཏོགས་མི་གོ་བར་གྱུར། མོའི་རྣ་ལམ་དུ་སྐབས་རེར་གམ་གྱི་ཞིབ་འཇུག་བྱེད་མཁན་ཡིན་ཟེར་བའི་མི་དེས་སྐད་ཆ་ལྡབ་ལྡིབ་ཅིག་གོ་ཡོང་། ལན་རེར་སྤྱི་གཉེར་པའི་སྐད་དང་འདྲ་བ་ཞིག་ཀྱང་ཐོས། ལྷ་སྐྱིད་རང་གི་ཁྱིམ་ལ་འགྲོ་འདོད་སྐྱེས་པས། ཨུ་ཚུགས་བྱས་ནས་སྒྲོག་ཙེའི་མཐའ་ལ་ཁེན་ཙམ་བྱས་པ་ན། གསལ་པོར་མ་མཐོང་བས་ཐང་ལ་འགྱེལ། མོ་སླར་ཡང་ཡར་འགྲེང་རྩིས་བྱེད་སྐབས། མི་ཞིག་གིས་མོ་བསྐྱོར་ནས་ནེམ་ཞིང་མཉེན་པ་ཞིག་ལ་བཞག མོས་ཤུགས་ཡོད་ཚད་བརྒྱབ་ནས་ཡར་ལངས་རྩིས་བྱས་ཀྱང་། མོའི་ལུས་ལ་ཅ་དངོས་ལྕི་མོ་ཞིག་གིས་མནན་པ་ལྟར་ལངས་ཐབས་ཡེ་ནས་མ་བྱུང་། སྐབས་ཤིག་ལ། མོས་ཅི་ཡང་མི་དྲན་པར་གཉིད་དུ་ཡུར། མོས་རྨི་ལམ་ཞིག་རྨིས། རྨི་ལམ་དུ། ཨ་ཕྱིས་ཡང་ཡང་འཛུམ་ཞོར་མོ་ལ་བལྟས་ནས་འདུག

8

ཕྱི་ཉིན་ཞོགས་པར། མོ་གཉིད་ལས་སད་པ་ན་རང་མལ་དུ་ཉལ་འདུག་པ་ཚོར། མགོ་ལ་ན་ཟུག་ཅིག་ལངས་པས་ལག་པས་བསྐྱོར་ཙམ་བྱས། དེ་ནས་མོས་ལུས་རྗེན་དུ་ལུས་པའི་རང་གི་བྲང་ལ་ལྟ་ཙམ་བྱས་པ་ན། མགུལ་གཡུ་མཐོང་རྒྱུ་མི་འདུག །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།