བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

《བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་སྲོལ་ཡིག》

(2009ལོའི་ཟླ7ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2016ལོའི་ཟླ5ཚེས27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་དག་བཅོས་བྱས་པ)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

《བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་སྲོལ་ཡིག》འདི་2016ལོའི་ཟླ5ཚེས27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2016ལོའི་ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2016ལོའི་ཟླ5ཚེས27ལ།

དོན་ཚན་དང་པོ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐོག རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་ལ་སྲོལ་ཡིག་འདི་སྤྱོད་རྒྱུ།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞེས་པ་ནི་ཁྲིམས་བཅད་དབང་ཚད་དང་ལས་རིམ་ལ་གཞིགས་ནས་གཏན་ལ་ཕབ་ཅིང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་དང་འོས་འགན་དང་འབྲེལ་བ་ཡོད་ཅིང་། སྤྱི་ཡོངས་ནས་གཅུན་འདོམས་བྱེད་ནུས་ལྡན་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་བེད་སྤྱོད་ཡང་ཡང་བྱེད་ཆོག་ཁར། ཡོངས་ཁྱབ་ཏུ་འགྲེམས་བསྒྲགས་བྱས་པའི་ཡིག་ཆར་ཟེར་བ་ཡིན།

དོན་ཚན་བཞི་པ། གཤམ་གསལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིཌ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་བྱེད་རྒྱུར་འབུལ་དགོས་པ་སྟེ།

(གཅིག) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་།

(གཉིས) རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་དབང་སྐུར་བ་གཞིར་བཟུང་དོན་གནད་གཅིག་གི་ཐད་བཟོས་པའི་ཞིབ་ཕྲའི་གཏན་འབེབས།

(གསུམ) རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་འགྲེམས་བསྒྲགས་བྱས་པའི་གཏན་འབེབས་དང་། བཀའ་རྒྱ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག

ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་གཏན་ལ་ཕབ་པའི་སྒྲིག་སྲོལ་རིགས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་བྱེད་རྒྱུར་འབུལ་བ་མ་ཟད། ད་དུང་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལའང་སྙན་དཔོད་བྱེད་རྒྱུར་འབུལ་དགོས་པ་བཅས་སོ།

དོན་ཚན་ལྔ་པ། གཤམ་གསལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིགས་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་བྱེད་རྒྱུར་འབུལ་དགོས་པ་སྟེ།

(གཅིག) ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་བཟོས་པའི་གྲོས་ཆོད་དང་གཏན་འབེབས།

(གཉིས) ཆུད་བཙུགས་པའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་བཟོས་པའི་གྲོས་ཆོད་དང་གཏན་འབེབས།

(གསུམ) ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ནས་བཟོས་པའི་གྲོས་ཆོད་དང་གཏན་འབེབས་བཅས་སོ།

དོན་ཚན་དྲུག་པ། ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ས་གནས་ཁོངས་གཏོགས་ཀྱི་རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་བཟོས་པའི་གྲོས་ཆོད་དང་གཏན་འབེབས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་བྱེད་རྒྱུར་འབུལ་དགོས།

དོན་ཚན་བདུན་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ངེས་པར་དུ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་སྙན་དཔོད་བྱེད་རྒྱུར་འབུལ་དགོས།

ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་བྱེད་རྒྱུར་འབུལ་སྐབས། ངེས་པར་དུ་སྙན་དཔོད་ཀྱི་སྙན་ཞུ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མ་ཡིག གསལ་བཤད་སོགས་འབྲེལ་ཡོད་ཡིག་རིགས་འབུལ་དགོས་ཁར། ཕྱོགས་བསྒྲིགས་བྱས་ནས་མ་གཅིག་འདྲ་ལྔ་བཟོ་དགོས་པ་མ་ཟད། གློག་རྡུལ་མ་ཡིག་ཀྱང་མཉམ་དུ་འབུལ་དགོས།

ལོ་རེའི་ཟླ་དང་པོའི་ཚེས31ཉིན་གྱི་གོང་དུ་སྙན་འབུལ་ཞུ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ལོ་གོང་མར་གཏན་ལ་ཕབ་པ་དང་། བཟོ་བཅོས་བརྒྱབ་པ། མེད་པར་བཟོས་པ་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་དེ་སྙན་དཔོད་བྱེད་མཁན་ལས་ཁུངས་ལ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས།

དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས(གཤམ་དུ་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཞེས་བསྡུ་རྒྱུ)ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་ལེན་དང་། ཐོ་འགོད། བགོས་སྐྱེལ། ཞིབ་བཤེར། ཡིག་ཚགས་སུ་ཉར་བ་སོགས་བྱེད་པའི་ཞིབ་ཕྲའི་ལས་ཀ་བྱེད་འགན་འཁུར་རྒྱུ།

སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ལ་སྙན་དཔོད་བྱེད་རྒྱུར་ཕུལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་འབྱོར་རྗེས། སྲོལ་ཡིག་འདིའི་དོན་ཚན་བདུན་པའི་གཏན་འབེབས་དང་མཐུན་ཚེ་ཐོ་འགོད་བྱེད་རྒྱུ་དང་། སྲོལ་ཡིག་འདིའི་དོན་ཚན་བདུན་པའི་གཏན་འབེབས་དང་མ་མཐུན་ཚེ་ཉིན་བཅོ་ལྔའི་ནང་ཚུན་དུ་སྙན་དཔོད་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཡིག་ཆ་ཁ་སྐོང་བྱེད་རྒྱུའམ་ཡང་ན་བསྐྱར་དུ་འབུལ་རྒྱུའི་བརྡ་ཐོ་གཏོང་དགོས།

དོན་ཚན་དགུ་པ། སྙན་དཔོད་བྱེད་རྒྱུར་ཕུལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཐོ་འགོད་བྱས་རྗེས། ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་མ་ཟད། དུས་གཅིག་ཏུ་མི་དམངས་འཐུས་མི་ཚོཌ་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ལ་ཁག་སོ་སོར་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས།

ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ནང་དོན་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ཀྱི་འགན་ཁོངས་གཉིས་སམ་ཡང་ན་གཉིས་ཡན་དང་འབྲེལ་བ་ཡོད་ཚེ། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ངེས་པར་དུ་ཁག་སོ་སོར་དུས་གཅིག་ཏུ་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས།

སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་དང་མི་དམངས་འཐུས་མི་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ཚང་མས་སྙན་དཔོད་བྱེད་རྒྱུར་ཕུལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་མི་འཚམ་པའི་གནས་ཚུལ་གང་ཡང་མི་འདུག་སྙམ་ཚེ། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ངེས་པར་དུ་ཉིན་ཞེ་ལྔའི་ནང་ཚུན་དུ་སྙན་དཔོད་བྱས་ཏེ་ཡིག་ཚགས་སུ་འཇུག་དགོས།

དོན་ཚན་བཅུ་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཤམ་གསལ་གྱི་གནས་ཚུལ་ཡོད་མེད་གཙོ་བོར་ཞིབ་བཤེར་བྱེད་རྒྱུ་སྟེ།

(གཅིག) ཁྲིམས་བཅད་དབང་ཚད་ལས་བརྒལ་ཏེ་གཏན་ལ་ཕབ་པ་དང་།

(གཉིས) ཁྲིམས་བཅད་ལས་རིམ་ལས་བརྒལ་ཏེ་གཏན་ལ་ཕབ་པ།

(གསུམ) བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་གཞི་ཡོད་པ།

(བཞི) གོང་རིམ་མམ་ཡང་ན་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་གཏན་འབེབས་དང་འགལ་གཞི་ཡོད་པ།

(ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་ཉུང་གཏོང་དང་དེར་གནོད་སྐྱོན་བཏང་བའམ་ཡང་ན་འོས་འགན་མང་དུ་བཏང་བ།

(དྲུག) མི་འཚམ་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་སོ།

དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང(ས་གནས་སྲིད་འཛིན་ཀུང་ཧྲུའུ)དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ལྷན)ནས་སྙན་དཔོད་ཞིབ་བཤེར་བྱེད་འགན་འཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་འདུག་སྙམ་ཚེ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ལྷན)ལ་ཡིག་ཐོག་ནས་ཞིབ་བཤེར་བྱེད་རྒྱུའི་རེ་བ་འདོན་ཆོག

རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་དཔོད་ཞིབ་བཤེར་བྱེད་འགན་འཁུར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་ཆུད་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་འདུག་སྙམ་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཞིབ་བཤེར་བྱེད་རྒྱུའི་རེ་བ་འདོན་ཆོག

སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ལ་ཞིབ་བཤེར་བྱེད་རྒྱུའི་རེ་ཞུ་འབྱོར་རྗེས། ངེས་པར་དུ་རྩིས་ལེན་དང་ཐོ་འགོད་བྱེད་པ་དང་སྦྲགས་ཞིབ་བཤེར་བྱེད་དགོས་ཁར། དུས་གཅིག་ཏུ་མི་དམངས་འཐུས་མི་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ལ་ཁག་སོ་སོར་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས།

དོན་ཚན་བཅུ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་ཕུད། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་དམངས་བཅས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་འདུག་སྙམ་ཚེ། ཞིབ་བཤེར་བྱེད་དབང་ཡོད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཞིབ་བཤེར་བྱེད་རྒྱུའི་གྲོས་འཆར་འདོན་ཆོག་པ་དང་། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ནས་དེའི་ཐད་ཞིབ་འཇུག་བྱེད་རྒྱུ། དགོས་ངེས་སྐབས་མི་དམངས་འཐུས་མི་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ལ་ཁག་སོ་སོར་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་དམངས་བཅས་ཀྱིས་ཡིག་ཐོག་ནས་ཞིབ་བཤེར་རེ་ཞུའམ་ཡང་ན་གྲོས་འཆར་འདོན་སྐབས། ངེས་པར་དུ་ཞིབ་བཤེར་རེ་ཞུའམ་ཡང་ན་གྲོས་འཆར་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མིང་དང་། ཞིབ་བཤེར་བྱེད་རྒྱུའི་དོན་དག་དང་རྒྱུ་མཚན་གསལ་པོ་འབྲི་དགོས།

དོན་ཚན་བཅུ་བཞི་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་བྱེད་ཁོངས་སུ་མ་གཏོགས་པའི་ཞིབ་བཤེར་རེ་ཞུའམ་ཡང་ན་ཞིབ་བཤེར་གྱི་གྲོས་འཆར་ཡིན་ཕྱིན། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཉིན་བཅུའི་ནང་ཚུན་དུ་ཞིབ་བཤེར་རེ་ཞུའམ་ཡང་ན་ཞིབ་བཤེར་གྲོས་འཆར་འདོན་མཁན་རྩ་འཛུགས་སམ་ཡང་ན་སྤྱི་དམངས་ནས་སྙན་དཔོད་ཞིབ་བཤེར་བྱེད་དབང་ཡོད་མཁན་གྱི་ལས་ཁུངས་ལ་དེ་སྐོར་རེ་ཞུ་འདོན་དགོས་པའི་བརྡ་ལན་གཏོང་དགོས།

དོན་ཚན་བཅོ་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་དང་། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་སྐབས། ངེས་པར་དུ་ཡིག་ཆ་བཟོ་མཁན་ལས་ཁུངས་དང་གནས་ཚུལ་སྤེལ་རེས་དང་བསམ་འཆར་འདྲི་རྩད་བྱེད་དགོས་པ་དང་། དགོས་མཁོར་གཞིགས་ཏེ་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་གནས་ཚུལ་གསལ་བཤད་བྱེད་རྒྱུའམ་ཡང་ན་དཔྱད་ཡིག་ཁ་སྐོང་བྱེད་རྒྱུའི་རེ་བ་འདོན་ཆོག་ལ། མཉམ་འབྲེལ་ཞིབ་བཤེར་ཚོགས་འདུ་དང་། རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ། ཟུར་ཉན་ཚོགས་འདུ་བཅས་ཚོགས་པ་དང་། དེ་བཞིན་ལྟ་ཞིབ་བརྟག་ཞིབ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིབ་བཤེར་བྱེད་ཆོག སྒྱུར་འཕེལ་བརྟན་གསུམ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་སོགས་དང་འབྲེལ་བ་ཡོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རིགས་ལ་ངེས་པར་དུ་གཙོ་གནད་ཐོག་ཞིབ་བཤེར་བྱེད་དགོས།

དོན་ཚན་བཅུ་དྲུག་པ། མི་དམངས་འཐུས་མི་ཚོཌ་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་དང་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ངེས་པར་དུ་ཐོ་བཀོད་བྱས་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐད་ཡིག་ཐོག་ནས་བསམ་འཆར་འདོན་དགོས། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་རེ་ཞུའམ་ཡང་ན་ཞིབ་བཤེར་བྱེད་རྒྱུའི་གྲོས་འཆར་བཏོན་པ་འབྱོར་ཉིན་ནས་བཟུང་ཉིན་དྲུག་ཅུའི་ནང་ཚུན་དུ་ཞིབ་བཤེར་ཚར་བ་བྱེད་དགོས། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ཞིབ་བཤེར་བྱེད་རྒྱུའི་དུས་ཚོད་འགྱངས་དགོས་ཚེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ཆོག་མཆན་ཐོབ་རྗེས་དུས་འགྱངས་ཉིན་སུམ་ཅུ་བྱེད་ཆོག

དོན་ཚན་བཅུ་བདུན་པ། མི་དམངས་འཐུས་མི་ཚོཌ་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་བྱེད་ལས་ཁུངས། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་བཅས་ཚང་མས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར། སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་འདུག་སྙམ་ཚེ། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱེད་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཚེ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱིས་ཡིག་ཆ་དེར་བཟོ་བཅོས་རྒྱག་དགོས་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་དང་། བསམ་འཆར་གཅིག་མཐུན་མ་བྱུང་ཚེ། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་བཏོན་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུར་སྙན་སེང་ཞུས་ནས་གྲོས་འཆམ་བྱུང་རྗེས། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ནས་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་དེ་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། མི་དམངས་འཐུས་མི་ཚོཌ་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་དང་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་དབར་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་ཞིབ་བཤེར་བསམ་འཆར་གཅིག་མཐུན་མ་བྱུང་ཚེ། སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འབེབས་བྱེད་རྒྱུར་འབུལ་དགོས།

དོན་ཚན་བཅུ་དགུ་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་འབྱོར་རྗེས། ངེས་པར་དུ་ཉིན་དྲུག་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་བཟོ་བཅོས་རྒྱག་དགོས་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་མ་ཟད། བཟོ་བཅོས་དང་རྩིས་མེད་དུ་གཏོང་བའི་གནས་ཚུལ་དེ་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ལ་ལན་སྤྲོད་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་གཏན་འབེབས་དུས་བཀག་ནང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་བཟོ་བཅོས་མ་བརྒྱབ་པའམ་ཡང་ན་རྩིས་མེད་དུ་མ་བཏང་ཚེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞི་འདོན་ཆོག་ཅིང་། དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་ཡོང་རེ་ཞུ་རྒྱུའི་གཏན་འབེབས་བྱེད་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་དང་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་འཆར་འདོན་ཆོག་ཅིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞི་འདོན་མིན་གཏན་འབེབས་བྱེད་རྒྱུ། མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུའི་ཐོག ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱེད་སྐབས་ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཚོགས་འདུར་མི་སྣ་མངཌ་ཏེ་བསམ་འཆར་ཉན་དགོས་པ་དང་འདྲི་རྩད་བྱས་པར་ལན་འདེབས་དགོས།

དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་བཤེར་དོན་གཅོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་ཐད་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་ཅིང་། དེར་བཟོ་བཅོས་རྒྱག་དགོས་པའམ་ཡང་ན་ཕྱིར་འཐེན་བྱེད་དགོས་འདུག་སྙམ་ཚེ། ངེས་པར་དུ་ཡིག་ཐོག་ནས་ཞིབ་བཤེར་བསམ་འཆར་བཏོན་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ཕུལ་ནས་གྲོས་འཆམ་བྱུང་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ངམ་ཡང་ན་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་བྱེད་དགོས་པ་མ་ཟད། དེའི་བྱས་འབྲས་སྙན་སེང་ཡང་ཞུ་རྒྱུའི་རེ་བ་འདོན་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་ཅིང་། དེར་བཟོ་བཅོས་རྒྱག་དགོས་པའམ་ཡང་ན་ཕྱིར་འཐེན་བྱེད་དགོས་འདུག་སྙམ་ཚེ། ངེས་པར་དུ་ས་གནས་སྲིད་འཛིན་ཀུང་ཧྲུའུ་དང་བསམ་འཆར་བརྗེ་རེས་བྱེད་དགོས། བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཡོད་ཚེ། ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་ངེས་པར་དུ་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་དང་། བསམ་འཆར་གཅིག་མཐུན་མ་བྱུང་ཚེ། ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་བཏོན་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ཕུལ་ནས་གྲོས་འཆམ་བྱུང་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་དགོས་པ་མ་ཟད། དེའི་བྱས་འབྲས་སྙན་སེང་ཡང་ཞུ་རྒྱུའི་རེ་བ་འདོན་དགོས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་ཁོངས་གཏོགས་ཀྱི་རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་བཟོས་པའི་གྲོས་ཆོད་དང་གཏན་འབེབས་ལ་སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་ཅིང་། དེར་བཟོ་བཅོས་རྒྱག་དགོས་པའམ་ཡང་ན་ཕྱིར་འཐེན་བྱེད་དགོས་འདུག་སྙམ་ཚེ། ངེས་པར་དུ་ཡིག་ཆ་བཟོ་མཁན་ལས་ཁུངས་དང་བསམ་འཆར་བརྗེ་རེས་བྱེད་དགོས་ཤིང་། བསམ་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་བྱུང་ཚེ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཉིན་སུམ་ཅུའི་ནང་ཚུན་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་དང་། བསམ་འཆར་གཅིག་མཐུན་མ་བྱུང་ཚེ། ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་བཏོན་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ཕུལ་ནས་གྲོས་འཆམ་བྱུང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ནས་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་དེ་ཡིག་ཆ་བཟོ་མཁན་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་དགོས།

དོན་ཚན་ཉེར་གསུམ་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ལ་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་འབྱོར་རྗེས་ངེས་པར་དུ་ཉིན་དྲུག་ཅུའི་ནང་ཚུན་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་བཟོ་བཅོས་རྒྱག་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཁུངས་ལ་དེའི་བྱས་འབྲས་བརྡ་ལན་སྤྲོད་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་གཏན་འབེབས་ཀྱི་དུས་བཀག་ནང་བཟོ་བཅོས་མ་བརྒྱབ་པའམ་ཡང་ན་རྩིས་མེད་དུ་མ་བཏང་ཚེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྙན་དཔོད་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་འཆར་འདོན་ཆོག་ཅིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཕྱིར་འཐེན་བྱེད་རྒྱུའི་གྲོས་གཞི་འདོན་མིན་གཏན་འབེབས་བྱེད་རྒྱུ།

དོན་ཚན་ཉེར་བཞི་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་བཟོ་བཅོས་བརྒྱབ་ཟིན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་བསྐྱར་དུ་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་སྙན་དཔོད་བྱེད་རྒྱུར་འབུལ་དགོས། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩིས་མེད་དུ་བཏང་ཚེ། ངེས་པར་དུ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱིར་འཐེན་བྱེད་རྒྱུའི་གཏན་འབེབས་བྱས་པ་དེ་ངེས་པར་དུ་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་ཉེར་དྲུག་པ། སྙན་དཔོད་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་ངེས་པར་དུ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཞིབ་བཤེར་ལས་དོན་མཇུག་འགྲིལ་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུན་དུ་སྙན་དཔོད་ཞིབ་བཤེར་རེ་ཞུའམ་ཡང་ན་ཞིབ་བཤེར་བྱེད་རྒྱུའི་གྲོས་འཆར་འདོན་མཁན་གྱི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་དམངས་བཅས་ལ་ཞིབ་བཤེར་གྱི་ཐག་གཅོད་བྱས་འབྲས་བརྡ་ལན་སྤྲོད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་ཆོག

དོན་ཚན་ཉེར་བདུན་པ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་གཏན་འབེབས་ཀྱི་དུས་བཀག་དང་བླང་བྱ་གཞིར་བཟུང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་བྱེད་རྒྱུར་མ་ཕུལ་པའམ་ཡང་ན་ལོ་གོང་མར་བཟོ་འབེབས་དང་། བཟོ་བཅོས། རྩིས་མེད་དུ་བཏང་བ་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་དེ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུར་མ་ཕུལ་ཚེ་སྙན་དཔོད་ཞིབ་བཤེར་དོན་བྱེད་ལས་ཁུངས་ཀྱིས་དུས་བཀག་ཐོག་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ཚད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་གཏོང་རྒྱུ།

དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདི་2016ལོའི་ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2009ལོའི་ཟླ7ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུའི་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།