ཀྲུང་དབྱང་གི་བོད་སྐྱོང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

—— ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གླེང་བ། (སྟོད)    

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཐོག་མཐའ་བར་གསུམ་དུ་རྦད་དེ་བློ་དཀར་སེམས་དཀར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་དང་། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བསམ་བློ་གཅིག་གྱུར་བྱས་ན་གཞི་ནས་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ན་གཞི་ནས་སྟོབས་ཤུགས་གཅིག་འགྲིལ་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ཆེད་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱས་ཡོད།

བོད་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དེ་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་དེ་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་སྔར་ནས་མཐོང་ཆེན་གནང་ཞིང་། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་རབ་དང་རིམ་པ་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་འཁུར་ཧ་ཅང་ཆེན་པོ་གནང་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་གནང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་གསལ་བཟོ་གནང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་སོགས་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་མ་ཟདབོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་བ་རེད། ང་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཐོག་མཐའ་བར་གསུམ་དུ་རྦད་དེ་བློ་དཀར་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་གནད། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱས་ཐོག་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

རྩ་བ་དམ་པོར་བཟུང་ནས་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་འཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། ང་ཚོས་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཏང་ཨུད་ཚན་ཁག་གི་བསམ་ཕྱོགས་བཟང་པོ་དང་། བྱེད་ཐབས་ཡག་པོ། ཉམས་མྱོང་བཟང་པོ་བཅས་མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ཐོག་སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱེད་དགོས།

དེང་སྐབས་བོད་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་བཞིན་ཡོད་ཅིང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་རེ་བ་ཆེན་པོ་བཅོལ་གནང་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་ཕུལ་བྱུང་གི་སྤྱོད་ཚུལ་ལ་བརྟེན་ནས་འགན་འཁྲི་གཙང་སྒྲུབ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་བོད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཐོག་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་ལན་ཞིག་འདེབས་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།