《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》

དོན་ཚན་དང་པོ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་སྤེལ་སྟངས་ཚད་ལྡན་གཏོང་བ། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་སྤེལ་སྐབས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ཡོངས་བཞི”ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱས་ནས། དབང་ཆ་ཡོད་ཕྱིན་འགན་འཁྲི་ཡོད་དགོས་པ་དང་། འགན་འཁྲི་ཡོད་ཕྱིན་འཁུར་ཕོད་པ། འགན་འཁྲི་ཤོར་ཕྱིན་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་ཀྱིས་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་དག་ལ་སྤྱོད་པ་གཙང་བའི་སྒོ་ནས་འགན་འཁྲི་འཁུར་མིན་ལ་ལྟ་སྐུལ་བྱེད་དགོས།

དོན་ཚན་གསུམ་པ། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་སྤེལ་སྐབས་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་ཏེ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྟེན་པ་དང་དངོས་ཐོག་བདེན་འཚོལ་གྱིས་འགན་འཁྲི་ཤོར་ན་ངེས་པར་དུ་བདའ་འདེད་གཏོང་དགོས་པ་དང་། བདའ་འདེད་ནན་པོ་དགོས་པ། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ། རིམ་པ་ཕྱེ་ནས་འགན་འཁུར་བ་དང་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བཅས་བྱེད་དགོས།

དོན་ཚན་བཞི་པ། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་ནི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་དང་དབང་ཚད་གཞིར་བཟུང་། ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་གཏོད་རིང་འགན་འཛོལ་དང་འགན་འཁྲི་ཤོར་བའི་གནས་ཚུལ་ཐོན་པའི་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པའི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བཅས་བདའ་འདེད་གཏོང་རྒྱུ་དེ་རེད།

འགན་འཁྲི་བདའ་འདེད་བྱ་ཡུལ་ནི་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་། ཏང་གི་ལས་དོན་སྡེ་ཚན་དང་དེའི་འགོ་ཁྲིད་ཁོངས་མི། རིམ་ཁག་སྒྲིག་ཨུ(སྒྲིག་བཤེར་ཚོགས་ཆུང)དང་དེའི་འགོ་ཁྲིད་ཁོངས་མི་བཅས་ཡིན་པ་དང་། གཙོ་གནད་འགན་འཁུར་བ་གཙོ་བོ་རེད།

དོན་ཚན་ལྔ་པ། འགན་འཁྲི་བདའ་འདེད་གཏོང་སྐབས་འགན་འཁྲིའི་དབྱེ་བ་གསལ་པོ་འབྱེད་དགོས། ཏང་རྩ་འཛུགས་འགོ་ཁྲིད་ཚན་ཁག་ལ་འགན་འཁྲིའི་སྒྲུབ་ཁོངས་སུ་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འགན་འཁྲི་ཡོད་པ་དང་། འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་ཐད་ཀའི་གཙོ་གཉེར་ཚན་ཁག་གི་ཁོངས་མིས་འགོ་ཁྲིད་གཙོ་བོའི་འགན་འཁྲི་འཁུར་དགོས། ཐབས་ཇུས་གཏན་འཁེལ་བྱེད་པ་དང་ལས་དོན་ནང་ཞུགས་པའི་ཚན་ཁག་གི་ཁོངས་མི་གཞན་དག་གིས་འགོ་ཁྲིད་གལ་ཆེའི་འགན་འཁྲི་འཁུར་དགོས།

དོན་ཚན་དྲུག་པ། ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་ལས་འགལ་བ་དང་། འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཡང་དག་པའི་སྒོ་ནས་འགན་འཁྲི་མ་བསྒྲུབས་པར་གཤམ་གསལ་གྱི་གནས་ཚུལ་ཁྲོད་ནས་གཅིག་ལྡན་པའི་རིགས་ལ་འགན་འཁྲི་བདའ་འདེད་གཏོང་དགོས།

(གཅིག)ཏང་གི་འགོ་ཁྲིད་ཉམས་ཞན་དུ་སོང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་དེ་བཞིན་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནུས་ལྡན་མ་བྱུང་བ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དང་། ཡང་ན་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ལས་ཁུངས་དེ་ག་བཅས་སུ་ཐོན་པའི་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་སྐབས། འགོ་ཁྲིད་ནུས་ལྡན་མ་བྱུང་བར་གནས་ཚུལ་ཚབས་ཆེན་ཐོན་ནས་ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་ཕོག་ནས་ཤུགས་རྐྱེན་ངན་པ་ཐོན་པའི་རིགས།

(གཉིས)ཏང་འཛུགས་སྐྱོང་མ་བྱུང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་དང་མ་མཐུན་པ། རྩ་འཛུགས་ཀྱི་འཚོ་བ་འཐུས་སྒོ་ཚང་པོ་མེད་པ། ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་པ། ཏང་གཤིས་སློབ་གསོ་དང་ལྷག་པར་དུ་ཕུགས་བསམ་དད་སེམས་སྐོར་གྱི་དམིགས་ཡུལ་སློབ་གསོ་ཉམས་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མ་བྱུང་བ། སྤྱོད་ཚུལ་འཛུགས་སྐྱོང་བྱས་པ་རྣམ་པ་ཙམ་ཡིན་པ། ལས་བྱེད་པ་བསྐོ་སྤྱོད་བྱེད་རིང་གནད་དོན་མངོན་གསལ་དོད་པོ་ཐོན་པ། ཏང་ནང་ཁུལ་དང་མང་ཚོགས་ཀྱིས་ལབ་གླེང་ཆེན་པོ་བྱེད་པ། ཏང་གི་གཟུགས་བརྙན་ལ་གནོད་པ། ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་རྨང་གཞི་ཞན་པ་བཅས་ཀྱི་རིགས།

(གསུམ)ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཤུགས་མི་འདེང་བ་དང་། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་སྟངས་ལྷུག་ལ་ནུས་པ་མེད་པ། མི་བཟང་རིང་ལུགས་དར་ཁྱབ་ཆེ་བ་དང་ཁྱོན་ཡོངས་ནས་མཐུན་འགྲིག་ཡོང་བར་བྱེད་པ། འགན་མི་འཁུར་བ་དང་འཁུར་མི་ཕོད་པ། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་ཤུགས་མི་འདེང་བ། ཤེས་དགོས་ངེས་ཀྱི་གནད་དོན་མི་ཤེས་པ། གནད་དོན་ལྷག་པ་ཤེས་ནའང་སྙན་སེང་མི་ཞུ་བ་དང་། ཐག་གཅོད་མི་བྱེད་པ། དག་ཐེར་མི་བྱེད་པ། འགན་འཁྲི་བདའ་འདེད་མི་གཏོང་བ་བཅས་ཀྱིས་རྗེས་འབྲས་ཚབས་ཆེན་ཐོན་པའི་རིགས།

(བཞི)ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་དོན་གྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་སྲུང་སྐྱོང་བྱེད་ཤུགས་མི་འདེང་བའི་དབང་གིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལས་འགལ་བའི་གནས་ཚུལ་མང་པོ་ཐོན་པ། ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པའི་འགན་འཛོལ་ནས་དོ་དམ་ཁོངས་གཏོགས་སུ་བཀའ་ཡོད་ཀྱང་ལག་ལེན་མི་བྱེད་པ་དང་། བཀག་འགོག་བྱས་ཀྱང་མཚམས་འཇོག་མི་བྱེད་པ། ཚོགས་ཚོགས་རུབ་རུབ་བྱས་པ། ཁྱུ་ཤོག་བསྒྲིགས་པ་བཅས་ཀྱི་གནད་དོན་ཚབས་ཆེན་ཐོན་ནས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས།

(ལྔ)ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་མཐའ་གཅིག་ཏུ་མ་སྤེལ་བ་དང་ཏན་ཏིག་མ་སྤེལ་བའི་དབང་གིས་དོ་དམ་ཁོངས་གཏོགས་སུ་རུལ་སུངས་ཁྱབ་འགྱེད་བྱུང་ཚུལ་གཏན་འགོག་ནུས་ལྡན་མ་བྱུང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་འབུར་དུ་ཐོན་པའི་རིགས།

(དྲུག)འགན་འཁྲི་བདའ་འདེད་གཏོང་དགོས་པའི་འགན་འཛོལ་དང་འགན་འཁྲི་ཤོར་བའི་གནས་ཚུལ་གཞན་དག་བཅས་སོ།

དོན་ཚན་བདུན་པ། ཏང་རྩ་འཛུགས་ཀྱི་འགན་འཁྲི་བདའ་འདེད་གཏོང་སྟངས་གཤམ་གསལ་ཏེ།

(གཅིག)ཞིབ་བཤེར། འགན་འཁྲི་ཡག་པོ་མ་ཁུར་བ་དང་ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཡིག་ཐོག་གི་སྐྱོན་ཞིབ་འབྲི་རུ་འཇུག་དགོས་པ་དང་འབྲེལ་དག་ཐེར་ཏན་ཏིག་ཀྱང་བྱེད་ཏུ་འཇུག་དགོས་པ་དང་།

(གཉིས)བརྡ་ཁྱབ། འགན་འཁྲི་ཡག་པོ་མ་ཁུར་བ་དང་ཉེས་ཚབས་ཅུང་ཆུང་བའི་རིགས་ལ་དག་ཐེར་བྱེད་དུ་འཇུག་དགོས་པ་དང་འབྲེལ་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་བརྡ་ཁྱབ་ཀྱང་གཏོང་དགོས་པ།

(གསུམ)བསྐྱར་སྒྲིག འགན་འཛོལ་དང་འགན་འཁྲི་ཤོར་བ་དང་། ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ། རང་ངོས་ནས་ཡོ་བསྲང་བྱེད་མི་ཐུབ་པ་བཅས་ཀྱི་རིགས་ལ་བསྐྱར་སྒྲིག་བྱེད་འཇུག་དགོས་པ་བཅས་སོ།

ཏང་གི་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་སྟངས་གཤམ་གསལ་ཏེ།

(གཅིག)བརྡ་ཁྱབ། འགན་འཁྲི་ལག་བསྟར་བྱེད་ཤུགས་མ་འདང་བའི་རིགས་ལ་སྐྱོན་བརྗོད་ནན་པོ་བྱེད་དགོས་པ་དང་། ཁྲིམས་སྲོལ་བཞིན་དག་ཐེར་བྱེད་དུ་འཇུག་དགོས་པ་མ་ཟད། ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་བརྡ་ཁྱབ་ཀྱང་གཏོང་དགོས་པ་དང་།

(གཉིས)དྲན་སྐུལ་སློབ་གསོ། འགན་འཛོལ་དང་འགན་འཁྲི་ཤོར་བ་དང་ཉེས་ཚབས་ཅུང་ཆུང་བའི་རིགས་ལ་བགྲོ་གླེང་ངམ་ཡིག་ཐོག་གི་རྣམ་པའི་ཐོག་ནས་དྲན་སྐུལ་སློབ་གསོ་རྒྱག་དགོས་པ།

(གསུམ)རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པའམ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པ། འགན་འཛོལ་དང་འགན་འཁྲི་ཤོར་བ་དང་ཉེས་ཚབས་ཅུང་ཆུང་བ་དང་ད་ལྟའི་འགན་འཁྲི་འཁུར་བར་མི་འཚམ་པའི་རིགས་ལ་གནས་ཚུལ་ལ་གཞིགས་ནས་ལས་གནས་མཚམས་འཇོག་གི་ཞིབ་བཤེར་བྱ་རྒྱུ་དང་། ལས་གནས་ལེགས་སྒྲིག་བྱ་རྒྱུ། ལས་འཁུར་དགོངས་ཞུའི་བཀའ་རྒྱ་གཏོང་རྒྱུ། གོ་གནས་འབེབས་རྒྱུ། གནས་དབྱུང་གཏོང་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་པ།

(བཞི)སྒྲིག་ཁྲིམས་ཆད་གཅོད། འགན་འཛོལ་དང་འགན་འཁྲི་ཤོར་རིགས་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་རིགས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གཞིགས་ནས་སྒྲིག་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས་པ་བཅས་སོ།

གོང་གསལ་འགན་འཁྲི་བདའ་འདེད་བྱེད་སྟངས་དག་རྐྱང་པར་སྤྱད་ཆོག་ལ་མཉམ་སྒྲིག་བྱས་ནས་སྤྱད་ཀྱང་ཆོག

དོན་ཚན་བརྒྱད་པ། འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་ཏང་ཀྲུང་དབྱང་ངམ་དོ་དམ་གྱི་དབང་ཚད་ལྡན་པའི་ཏང་གི་རྩ་འཛུགས་ཀྱིས་བྱེད་དགོས། དེའི་ནང་ཏང་གི་འགོ་ཁྲིད་ལས་བྱེད་པ་དང་། སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང) ཏང་གི་ལས་ཀའི་ཚན་པ་བཅས་ལ་བརྡ་ཁྱབ་གཏོང་བ་དང་དྲན་སྐུལ་སློབ་གསོ་གཏོང་བའི་བྱེད་སྟངས་སྤྱད་དེ་འགན་འདྲི་བདའ་འདེད་གཏོང་བ་དང་། རྩ་འཛུགས་ལེགས་སྒྲིག་གམ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་པ། སྒྲིག་ཁྲིམས་ཆད་གཅོད་ཀྱི་བྱེད་སྟངས་སྤྱད་དེ་འགན་འཁྲི་བདའ་འདེད་གཏོང་བ་དང་ཏང་སྲོལ་དང་འབྲེལ་ཡོད་ཀྱི་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་ཀྱི་དབང་ཚད་དང་བྱ་རིམ་ལ་གཞིགས་ནས་ལག་བསྟར་བྱེད་པའི་དབང་ཆ་ཡོད།

དོན་ཚན་དགུ་པ། འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་རྗེས། འགན་འཁྲི་བདའ་འདེད་གཏང་ཡུལ་གྱི་ཏང་རྩ་འཛུགས་སམ་ཏང་གི་འགོ་ཁྲིད་ལས་བྱེད་པ་དང་དེ་གནས་སའི་ཏང་གི་རྩ་འཛུགས་ལ་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ལག་བསྟར་བྱ་རྒྱུར་སྐུལ་འདེད་ཀྱང་གཏང་དགོས། འབྲེལ་ཡོད་འགན་འཁྲི་བདའ་འདེད་སྐོར་གྱི་གནས་ཚུལ་རྩ་འཛུགས་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས་པ་དང་རྩ་འཛུགས་སྡེ་ཚན་གྱིས་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས་དཔྱད་ཡིག་འགན་འཁྲི་བདའ་འདེད་གཏོང་ཡུལ་གྱི་འགོ་ཁྲིད་ལས་བྱེད་པ་སྒེར་གྱི་ཡིག་ཚགས་ནང་འཇུག་དགོས་པ་མ་ཟད། རིམ་པ་གཅིག་གི་མཐོ་བའི་རྩ་འཛུགས་སྡེ་ཚན་ལ་ཐོ་འགོད་བྱ་རྒྱུར་འབུལ་དགོས། རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པའམ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའི་རིགས་ཟླ་གཅིག་ནང་ཚུན་དུ་འབྲེལ་ཡོད་ཀྱི་འགྲོ་ལུགས་གཉེར་ཚར་པ་བྱེད་དགོས།

འགན་འཁྲི་བདའ་འདེད་བཏང་བའི་ཏང་གི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱེད་མཁན་གྱི་ལས་ཁུངས་ལ་ཡིག་ཐོག་གི་སྐྱོན་བརྗོད་འབུལ་དགོས་པ་དང་འབྲེལ་དམངས་གཙོ་འཚོ་བའི་ཚོགས་འདུའམ་དེ་མིན་གྱི་ཏང་གི་ཚོགས་འདུའི་ཐོག་སྐྱོན་ཞིབ་གཏིང་ཟབ་བྱེད་དགོས། འགན་འཁྲི་བདའ་འདེད་ཀྱི་དཔེ་མཚོན་གནད་དོན་ལ་བརྡ་ཁྱབ་དམར་འདོན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པའམ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པ་དང་སྒྲིག་ཁྲིམས་ཆད་གཅོད་ཀྱི་བྱེད་སྟངས་སྤྱད་དེ་འགན་འཁྲི་བདའ་འདེད་བའི་རིགས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་པ། ཚེ་གང་འགན་འཁྲི་བདའ་འདེད་གཏོང་རྒྱུ་ལག་ལེན་བསྟར་དགོས་ཤིང་། འགན་འཛོལ་དང་འགན་འཁྲི་ཤོར་བའི་ངོ་བོ་ངན་པ་དང་། མཇུག་འབྲས་ཚབས་ཆེན་བའི་རིགས་འགན་འཁུར་བ་ལས་གནས་སྒྱུར་མིན་དང། གོ་གནས་སྤོར་མིན། ཡང་ན་རྒན་ཡོལ་ཞུས་མིན་བཅས་ལ་མི་བལྟོས་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་དང་། ཀྲུང་དབྱང་གི་པུའུ་ཨུད་ཁག ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཀྱི་ཏང་ཙུའུ(ཏང་ཨུ)ཁག་བཅས་ཀྱིས་སྲོལ་ཡིག་འདི་ལ་གཞིགས་ནས་ལག་བསྟར་བྱ་ཐབས་གཏན་འབེབས་བྱེད་དགོས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་ལ་གཞིགས་ནས་འབྲེལ་ཡོད་གཏན་འབེབས་བཟོ་དགོས།

དོན་ཚན་བཅུ་གཉིས་པ། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་དེར་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ་ཡིན།

དོན་ཚན་བཅུ་གསུམ་པ། སྲོལ་ཡིག་འདི2016ལོའི་ཟླ7ཚེས8ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་སྔོན་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་ལ་ཆ་མཚོན་ན་སྲོལ་ཡིག་འདི་དང་མི་མཐུན་པའི་རིགས་ཡིན་ཕྱིན་སྲོལ་ཡིག་འདི་གཞིར་བཟུང་ལག་བསྟར་བྱེད་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།