ཞིང་ལས་འགན་བཅོལ་སྲོལ་ཡིག (སྟོད)

དོན་ཚན་དང་པོ།

ཞིང་ལས་འགན་བཅོལ་བྱ་འགུལ་ཚད་ལྡན་དུ་བཏང་སྟེ། ཞིང་ལས་འགན་བཅོལ་བྱ་འགུལ་གྱི་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཉེན་འགོག་ནུས་པ་མཐོར་འདེགས་དང་། ཞིང་ལས་འགན་བཅོལ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》སོགས་བཅའ་ཁྲིམས་གཞིར་བཟུང་སྟེ། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ།

སྲོལ་ཡིག་འདིར་བརྗོད་པའི་ཞིང་ལས་འགན་བཅོལ་ཞེས་པ་ནི། འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱ་གཞིར་བཟུང་སྟེ། འགན་བཅོལ་བྱ་ཡུལ་གྱི་མི་ལ་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་ཁྲོད་དུ། འགན་བཅོལ་དམིགས་རྟེན་དངོས་པོར་ཁ་ཆད་བསྒོས་པའི་རང་བྱུང་གནོད་འཚེ་དང་། ངེས་མེད་གོད་ཆག ནད་ཡམས། ནད་གཞི་སོགས་ཀྱི་འགན་བཅོལ་དོན་རྐྱེན་བྱུང་སྟེ་རྒྱུ་ནོར་གྱི་གྱོང་གུན་ཐེབས་པ་དེར། འགན་བཅོལ་མ་དངུལ་གྱི་སྐྱིན་ཚབ་སྤྲོད་པའི་འགན་ཁུར་བའི་འགན་བཅོལ་བྱ་འགུལ་ལ་བསྟན་པ་ཡིན། སྲོལ་ཡིག་འདིར་བརྗོད་པའི་འགན་བཅོལ་ལས་ཁུངས་ཞེས་པ་ནི། འགན་བཅོལ་ཀུང་སི་དང་ཁྲིམས་ལྟར་བཙུགས་པའི་ཞིང་ལས་རོགས་རེས་འགན་བཅོལ་སོགས་ཀྱི་འགན་བཅོལ་རྩ་འཛུགས་ལ་བསྟན་པ་ཡིན

དོན་ཚན་གསུམ་པ།

རྒྱལ་ཁབ་ཀྱིས་རྣམ་པ་མི་འདྲ་བའི་ཞིང་ལས་འགན་བཅོལ་རིགས་མང་པོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཡིནཞིང་ལས་འགན་བཅོལ་ལ་སྲིད་གཞུང་གིས་ཁྲིད་སྟོན་དང་། ཚོང་རས་འཁོར་སྐྱོད་གཏོང་བ། རང་བདག་རང་མོས་ཡིན་པ། མཉམ་དུ་སྐུལ་སྤེལ་གཏོང་བའི་རྩ་དོན་ལག་ལེན་དུ་བསྟར་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཞིང་ལས་འགན་བཅོལ་གྱི་གཉེར་སྐྱོང་བྱེད་སྟངས་གཏན་ཁེལ་བྱས་ཆོགལས་ཁུངས་དང་མི་སྒེར་གང་ཡིན་རུང་སྲིད་འཛིན་དབང་ཆ་དང་གོ་གནས། ཡང་ན་ལས་རིགས་ཀྱི་སྟབས་བདེ་དང་བྱེད་ཐབས་གཞན་པར་བརྟེན་ནས། ཞིང་པའམ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་རྣམས་ཞིང་ལས་འགན་བཅོལ་དུ་བཙན་དྲག་གིས་ཞུགས་སུ་འཇུག་མི་རུང་ལ། དེར་ཞུགས་པར་བཀག་འགོག་ཀྱང་བྱེད་མི་ཆོག

དོན་ཚན་བཞི་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་དགོས། རྒྱལ་སྲིད་སྤྱི་ཁབ་ཁང་གི་ནོར་སྲིད་དང་ཞིང་ལས། ནགས་ལས། འཕེལ་རྒྱས་བཅོས་སྒྱུར། དཔྱ་ཁྲལ་ལས་དོན། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར། ཞིང་ལས་འགན་བཅོལ་ལ་སྐུལ་འདེད་དང་དོ་དམ་བྱེད་པའི་འབྲེལ་ཡོད་བྱ་བའི་འགན་ཁུར་དགོས། ནོར་སྲིད་དང་འགན་བཅོལ་ལྟ་སྐུལ་དོ་དམ། རྒྱལ་མངའ་ས་ཁམས་ཐོན་ཁུངས། ཞིང་ལས། ནགས་ལས། གནམ་གཤིས་སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གྱི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་དགོས།

དོན་ཚན་ལྔ་པ།

རྫོང་རིམ་པ་ཡན་ཆད་ཀྱིས་ས་གནས་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་ཞིང་ལས་འགན་བཅོལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་དང་རྩ་འཛུགས། མཐུན་སྦྱོར་བཅས་བྱས་ཏེ། ཞིང་ལས་འགན་བཅོལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ཐོག་འཐུས་ཚང་དུ་གཏོང་དགོས། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་དེའི་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་འགན་འཁྲི་ལྟར། རང་སྲིད་འཛིན་མངའ་ཁོངས་ཀྱི་ཞིང་ལས་འགན་བཅོལ་ལ་སྐུལ་འདེད་དང་དོ་དམ་བྱེད་པའི་འབྲེལ་ཡོད་བྱ་བའི་འགན་ཁུར་དགོས།

དོན་ཚན་དྲུག་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རྣམ་པ་མི་འདྲ་བ་མང་པོར་བརྟེན་ནས། ཞིང་ལས་འགན་བཅོལ་གྱི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱི་འགན་བཅོལ་འདུ་ཤེས་ཇེ་མཐོར་གཏོང་བ་དང་། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཧུར་ཐག་གིས་ཞིང་ལས་འགན་བཅོལ་དུ་ཞུགས་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས།

དོན་ཚན་བདུན་པ།

ཞིང་པའམ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་འགན་བཅོལ་བྱས་པའི་ཞིང་ལས་འགན་བཅོལ་དམིགས་རྟེན་ནི་ནོར་སྲིད་ཀྱིས་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྟེར་བའི་ཁྱབ་ཁོངས་སུ་གཏོགས་ཚེ། ནོར་སྲིད་སྡེ་ཁག་གིས་གཏན་འབེབས་ལྟར་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྟེར་དགོས་པ་དང་། བྱེ་བྲག་གི་སྟེར་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ནགས་ལས་གཙོ་གཉེར་སྡེ་ཁག་དང་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་དང་ལྷན་དུ་གཏན་ལ་དབབ་དགོས།

ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་ནོར་སྲིད་ནས་འགན་བཅོལ་གྲོན་དངུལ་སྐྱིན་གསབ་སྟེར་བ་སོགས་ཀྱི་ཐབས་སྤྱད་དེ་ཞིང་ལས་འགན་བཅོལ་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།

དོན་ཚན་བརྒྱད་པ།

རྒྱལ་ཁབ་ཀྱིས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་འགན་བཅོལ་གྱི་གོད་ཆག་ཆེན་པོའི་ཉེན་ཁ་གཏོར་འགྲེམས་རྐྱེན་སྲོལ་འཛུགས་པ་དང་། བྱེ་བྲག་གི་སྒྲུབ་སྟངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་སྡེ་ཁག་དང་ལྷན་དུ་གཏན་ལ་དབབ་དགོས།

ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་འགན་བཅོལ་གྱི་གོད་ཆག་ཆེན་པོའི་ཉེན་ཁ་གཏོར་འགྲེམས་རྐྱེན་སྲོལ་འཛུགས་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།

དོན་ཚན་དགུ་པ།

འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་གཉེར་ན་ཁྲིམས་ལྟར་དདཔྱ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག    འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་གཞི་རིམ་ཞབས་ཕྱི་མ་ལག་འཛུགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་ཡིན།དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་ཞུ་བའི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་ཡིད་རྟོན་དངུལ་བུན་ཕྱོགས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།ལེའུ་གཉིས་པ།ཞིང་ལས་འགན་བཅོལ་གན་རྒྱ།

དོན་ཚན་བཅུ་བ།

ཞིང་ལས་འགན་བཅོལ་ནི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་རང་སྟེང་ནས་འགན་ཞུ་བྱེད་ཆོག་ལ། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ནས་འགན་ཞུ་བྱས་ཀྱང་ཆོག     ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ནས་འགན་བཅོལ་ཞུས་པ་ཡིན་ན། འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱ་འབྲི་བའི་སྐབས་སུ། འགན་བཅོལ་ཞུ་ཐོ་གཏན་ལ་ཕབ་སྟེ། འགན་བཅོལ་བྱ་ཡུལ་གྱི་མིའི་འགན་བཅོལ་ཞུ་བའི་ཆ་འཕྲིན་ཞིབ་ཅིང་གསལ་བོར་འགོད་དགོས་པ་མ་ཟད། འགན་བཅོལ་བྱ་ཡུལ་གྱི་མིས་མིང་རྟགས་བཀོད་ནས་ངོས་ལེན་བྱེད་དགོས། འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་བྱ་རྒྱུ་ཁས་བླངས་པའི་གནས་ཚུལ་སྤྱི་སྒྲོག་བྱེད་དགོས།

དོན་ཚན་བཅུ་གཅིག་པ།

ཞིང་ལས་འགན་བཅོལ་གན་རྒྱའི་གོ་ཆོད་དུས་ཡུན་ནང་དུ། གན་རྒྱའི་དོ་བདག་གིས་འགན་བཅོལ་དམིགས་རྟེན་གྱི་ཉེན་ཁའི་ཚད་ཐིག་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་འགན་བཅོལ་གྲོན་དངུལ་ཁ་སྣོན་ནམ་ཡང་ན་ཞིང་ལས་འགན་བཅོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག

དོན་ཚན་བཅུ་གཉིས་པ། 

འགན་བཅོལ་ལས་ཁུངས་ལ་འགན་བཅོལ་དོན་རྐྱེན་བྱུང་བའི་བརྡ་སྦྱོར་འབྱོར་ཚེ། དུས་ཐོག་ཏུ་གནས་ཡུལ་དངོས་སུ་སོང་ནས་བརྟག་བཤེར་བྱེད་དགོས་བྱེད་པ་དང་། འགན་བཅོལ་བྱ་ཡུལ་གྱི་མི་དང་མཉམ་དུ་འགན་བཅོལ་དམིགས་རྟེན་ལ་གྱོང་གུན་ཐེབས་པའི་གནས་ཚུལ་ཞིབ་བཤེར་གཏན་ཁེལ་བྱེད་དགོས། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ཏེ་འགན་བཅོལ་ཞུས་པ་ཡིན་ན། འགན་བཅོལ་ལས་ཁུངས་ཀྱིས་ཞིབ་བཤེར་དང་གྱོང་གུན་གཏན་ཁེལ་བྱས་པའི་མཐའ་འབྲས་སྤྱི་སྒྲོག་བྱེད་དགོས།

འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱའི་ཁ་ཆད་ལྟར། དཔེ་འདེམས་ཐབས་སམ་བྱེད་ཐབས་གཞན་པར་བརྟེན་ནས་འགན་བཅོལ་དམིགས་རྟེན་ལ་གྱོང་གུན་ཐེབས་ཚད་ཞིབ་བཤེར་གཏན་ཁེལ་བྱས་ཆོག དཔེ་འདེམས་ཐབས་ཀྱིས་གྱོང་གུན་ཐེབས་ཚད་ཞིབ་བཤེར་གཏན་ཁེལ་བྱེད་ན། འབྲེལ་ཡོད་སྡེ་ཁག་གིས་གཏན་ལ་ཕབ་པའི་དཔེ་འདེམས་ལག་རྩལ་ཚད་གཞི་དང་མཐུན་དགོས།

དོན་ཚན་བཅུ་གསུམ་པ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ་གྱོང་གུན་ཐེབས་པའི་ཞིང་ལས་འགན་བཅོལ་དམིགས་རྟེན་ཐག་ཇི་ལྟར་གཅོད་པར་གཏན་འབེབས་བྱས་ཡོད་ན། གྱོང་སྐྱིན་འོས་འཇལ་བྱེད་སྐབས་གྱོང་གུན་ཐེབས་པའི་འགན་བཅོལ་དམིགས་རྟེན་ཁྲིམས་ལྟར་ཐག་བཅད་པའི་དཔང་རྟགས་སམ་ཡང་ན་བདེན་དཔང་རྒྱུ་ཆ་ལེན་དགོས།

ཞིང་ལས་འགན་བཅོལ་གན་རྒྱ་རུ་ཟུར་དུ་ཁ་ཆད་བསྒོས་ཡོད་ན་མ་གཏོགས། འགན་བཅོལ་ལས་ཁུངས་ཀྱིས་གྱོང་གུན་ཐེབས་པའི་འགན་བཅོལ་དམིགས་རྟེན་གྱི་ལྷག་ལུས་རིན་ཐང་གི་ཁེ་དབང་རང་གི་འདོད་བློ་ལྟར་བསྒྱུར་མི་ཆོག

དོན་ཚན་བཅུ་བཞི་པ།

འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་བྱ་ཡུལ་གྱི་མི་དང་སྐྱིན་འཇལ་གྲོས་ཆིངས་བཞག་རྗེས་ཀྱི་ཉིན10ཡི་ནང་དུ། སྐྱིན་ཚབ་འཇལ་དགོས་པའི་འགན་བཅོལ་མ་དངུལ་དེ་འགན་བཅོལ་བྱ་ཡུལ་གྱི་མི་ལ་སྤྲོད་དགོས། ཞིང་ལས་འགན་བཅོལ་གན་རྒྱའི་ནང་དུ་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་དུས་ཡུན་ལ་ཁ་ཆད་བསྒོས་ཡོད་ན། འགན་བཅོལ་ལས་ཁུངས་ཀྱིས་ཁ་ཆད་ལྟར་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་འོས་འགན་བསྒྲུབ་དགོས།

དོན་ཚན་བཅོ་ལྔ་པ།

འགན་བཅོལ་ལས་ཁུངས་ཀྱིས་ཞིང་ལས་འགན་བཅོལ་གན་རྒྱའི་ཁ་ཆད་ལྟར། ཞིབ་བཤེར་གཏན་ཁེལ་བྱས་པའི་འགན་བཅོལ་དམིགས་རྟེན་གྱི་གྱོང་གུན་ཐེབས་ཚད་གཞིར་བཟུང་སྟེ་སྐྱིན་ཚབ་འཇལ་འོས་པའི་འགན་བཅོལ་མ་དངུལ་གྲངས་ཚད་ལོངས་པར་སྤྲོད་དགོས།

སྡེ་ཚན་དང་མི་སྒེར་གང་ཡིན་རུང་འགན་བཅོལ་ལས་ཁུངས་ཀྱིས་འགན་བཅོལ་མ་དངུལ་སྐྱིན་འཇལ་བྱེད་པའི་འོས་འགན་སྒྲུབ་པར་ཁྲིམས་མེད་ཐེ་གཏོགས་བྱེད་མི་ཆོག་ལ། འགན་བཅོལ་བྱ་ཡུལ་གྱི་མིའི་འགན་བཅོལ་མ་དངུལ་ལེན་པའི་ཁེ་དབང་ལ་ཚོད་འཛིན་བྱེད་མི་ཆོག

ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཞིང་པ་རྩ་འཛུགས་བྱས་ཏེ་འགན་བཅོལ་ཞུས་པ་ཡིན་ན། གྱོང་སྐྱིན་འོས་འཇལ་བྱེད་པའི་གསལ་ཐོའི་ཐོག་ཏུ་འགན་བཅོལ་བྱ་ཡུལ་གྱི་མིས་མིང་རྟགས་བཀོད་དེ་ངོས་ལེན་བྱེད་དགོས་ཤིང་། འགན་བཅོལ་ལས་ཁུངས་ཀྱིས་གྱོང་སྐྱིན་འོས་འཇལ་བྱས་པའི་གནས་ཚུལ་སྤྱི་སྒྲོག་བྱེད་དགོས།

དོན་ཚན་བཅུ་དྲུག་པ།

སྲོལ་ཡིག་འདིའི་ནང་དུ་ཞིང་ལས་འགན་བཅོལ་གན་རྒྱར་གཏན་འབེབས་བྱས་མེད་པ་ཡོད་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགན་བཅོལ་བཅའ་ཁྲིམས》ནང་གི་འགན་བཅོལ་གན་རྒྱའི་འབྲེལ་ཡོད་གཏན་འབེབས་ལ་ཟུར་ལྟ་བྱས་ནས་ལག་བསྟར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།