ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བརྡ་སྦྱོར།(སྨད་ཆ)

བཞི། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་རྗེས་མཐུད་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས།

སྡེ་དམངས་ཨུ་ཡོན་ལྷན་ཁང་གསར་རྙིང་གི་རྩིས་སྤྲོད་ལེན་བྱ་བ་ཏན་ཏིག་གིས་ལེགས་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གསར་རྙིང་གི་རྩིས་སྤྲོད་ལེན་བྱ་བ་དེ་ཞང་རིམ་པའི་སྲིད་གཞུང་གིས་འགོ་འཛིན་པར་འགན་འཁུར་བ་དང་གྲོང་སྡེའི་ཏང་རྩ་འཛུགས་ཞུགས་དགོས། སྔོན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་དུས་བཅད་ནང་ཐམ་ག་དང་གཞུང་ལས་སྒྲུབ་གནས། གཞུང་ལས་སྒྲུབ་ཆས། ཐུན་མོང་གི་ནོར་དོན་རྩིས་ཁྲ། གཏན་འཇགས་རྒྱུ་ནོར། བྱ་བའི་ཡིག་ཚགས། བུན་དབང་བུན་དོན་བཅས་དང་ཤུལ་བཞག་གི་གནད་དོན་གཞན་པ་སོགས་ཁྲིམས་ལྟར་དུས་ཐོག་ཏུ་སྐབས་གསར་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྤྲོད་དགོས། འདེམས་བསྐོ་བྱས་ཟིན་པའི་ས་གནས་ཀྱིས་ནན་ཏན་སྒོས་ཞིབ་བཤེར་རྩིས་ལེན་བྱེད་དགོས། གོང་གི་དེ་དག་མི་སྤྲོད་པའམ་རྒྱུ་མཚན་མེད་པར་འགྱངས་སྤྲོད་བྱེད་པ་ལ། ཞང་རིམ་པའི་ཏང་ཨུ་དང་སྲིད་གཞུང་། སྡེ་བའི་ཏང་རྩ་འཛུགས་བཅས་ཀྱིས་སྐྱོན་བརྗོད་སློབ་གསོ་བཏང་ནས། དེས་ཡོ་བསྲང་བྱེད་པར་རྟིང་སྐུལ་བྱེད་དགོས། འདེམས་མ་ཐུབ་པའི་མི་སྣར་སེམས་རྣལ་དུ་ཕབ་ནས་བསམ་བློའི་སློབ་གསོ་བྱ་བ་ལེགས་སྒྲུབ་བྱེད་པ་དང་། ཁོ་ཚོས་གསར་དུ་བདམས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་བྱ་བའི་ཐད་ནས་ཧུར་ཐག་གིས་རོགས་སྐྱོར་བྱེད་པར་ཁྲིད་སྟོན་བྱེད་དགོས། འདེམས་བསྐོ་བྱ་བ་མཇུག་སྒྲིལ་རྗེས། དུས་ཐོག་ཏུ་བསྡོམས་རྩིས་དང་ཕྱོགས་བསྡོམས། བདམས་པའི་མཇུག་འབྲས་ཡར་ཞུ་བཅས་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་བའི་ཡིག་ཚགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།གསར་དུ་བདམས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསོ་སྦྱོང་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས། འདེམས་བསྐོ་བྱ་བ་མཇུག་སྒྲིལ་རྗེས། ས་ཁུལ་སོ་སོས་ས་དེ་གའི་དོན་དངོས་གཞིར་བཟུང་སྟེ་འཆར་གཞི་བཟོ་འགོད་བྱས་ནས། གསར་དུ་བདམས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་རྒྱ་ཁྱབ་ཏུ་གསོ་སྦྱོང་བྱེད་པ་དང་། ཁོ་ཚོ་རྩ་འཛུགས་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་སློབ་སྦྱོང་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བར་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ཐོག ཁྲིམས་ལུགས་དང་ཁྲིམས་སྲོལ། སྤྱོད་གོ་ཆོད་པའི་ལག་རྩལ་བཅས་ལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྲིད་ཇུས་ཡང་དག་པར་ལག་བསྟར་དང་ཁྲིམས་ལྟར་དོན་དག་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་བྱ་བ་སྒྲུབ་མཁས་པོ་བྱེད་པ་བཅས་ཀྱི་ནུས་པ་ཇེ་དྲག་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་གཏོང་དགོས།སྡེ་དོན་ཁྲོམ་བསྒྲགས་དང་དམངས་གཙོས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས།

 སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འདེམས་བསྐོ་བྱེད་སྐབས་འགན་འཁྲི་འགྲན་རྩོད་བྱེད་པར་ཁས་བླངས་པའི་དམ་བཅའ་ཁ་བཤད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཐད་ཤུགས་བསྣན་ཏེ། དེས་འགན་དབང་སྤྱད་ནས་ཚུལ་མིན་གྱི་ཁེ་ཕན་གཉེར་བར་སྔོན་འགོག་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་རིགས་སྣ་ཚོགས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། སྡེ་བའི་ཏང་རྩ་འཛུགས་ལྟེ་གནས་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཆ་ཚང་སྡེབ་སྒྲིག་གི་འཛུགས་སྐྲུན་ལེགས་འཛིན་བྱས་ཐོག སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལྟར་བྱ་བ་བསྒྲུབ་པར་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གསོན་ཤུགས་ཀྱིས་ཁེངས་པའི་སྡེ་དམངས་རང་སྐྱོང་ནང་རྐྱེན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་དང་། སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མི་གྲོས་ཚོགས། སྡེ་དམངས་ཀྱིས་དོན་དག་གྲོས་མོལ་བྱེད་པ་བཅས་རྣམ་པ་གཙོ་བོ་ཡིན་པའི་དམངས་གཙོས་ཇུས་ཐག་གཅོད་པའི་ལག་ལེན་དང་། རང་གིས་རང་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པ། ཞབས་འདེགས་ཞུ་བ་བཅས་དམིགས་ཡུལ་གཙོ་བོ་ཡིན་པའི་དམངས་གཙོས་དོ་དམ་གྱི་ལག་ལེན། སྡེ་དོན་ཁྲོམ་བསྒྲགས་དང་ནོར་དོན་ལ་ལྟ་སྐུལ། མང་ཚོགས་ཀྱིས་དཔྱད་བསྡུར་བཅས་ནང་དོན་གཙོ་བོ་ཡིན་པའི་དམངས་གཙོས་ལྟ་སྐུལ་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་ནས། སྡེ་དམངས་རང་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་འགྱུར་བར་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས། སྡེ་དམངས་གྲོས་ཚོགས་སམ་སྡེ་དམངས་འཐུས་མི་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱས་ཏེ་ཐག་གཅོད་མ་བྱས་པ་ཡིན་ཕྱིན། རྩ་འཛུགས་དང་མི་སྒེར་གང་དང་གང་གིས་ཀྱང་རང་དགར་གྱིས་ཐུན་མོང་གི་མིང་གཡར་ནས་དངུལ་བུན་བསྐྱི་བ་དང་། སྡེ་བ་ཐུན་མོང་གི་ས་ཞིང་དང་ཁེ་ལས། སྒྲིག་ཆས། སྒྲིག་བཀོད་སོགས་གཞན་སྒྱུར་དང་ཐག་གཅོད་བྱས་པ་ཚང་མ་རྩིས་མེད་ཡིན་ལ། སྡེ་དམངས་ལ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་ཅིང་། དེ་ལས་བཟོས་པའི་གྱོང་གུད་དེ་འབྲེལ་ཡོད་འགན་ཁུར་བས་ཁག་ཁུར་དགོས་པ་དང་། སྒྲིག་ཁྲིམས་དང་འགལ་བར་ཏང་དང་སྲིད་འཛིན་གྱི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་པ་དང་། ནག་ཉེས་བསགས་པར་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་དགོས། 

ལུགས་མཐུན་གྱི་རྒྱུ་མཚན་མེད་པར་སྡེ་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མི་སྒྲུབ་པའམ་ཞང(གྲོང་རྡལ)སྲིད་གཞུང་གིས་བྱ་བ་བསྒྲུབ་པར་རམ་འདེགས་མི་བྱེད་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ། སྡེ་བའི་ཏང་རྩ་འཛུགས་དང་ཞང(གྲོང་རྡལ)ཏང་ཨུ་དང་སྲིད་གཞུང་གིས་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་དང་། ཡོ་བསྲང་མི་བྱེད་པ་ལ་གོ་གནས་ལེན་པའི་གོ་རིམ་བསྒྲུབ་དགོས།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས། སྡེ་བའི་ལས་བྱེད་པའི་གླ་ཕོགས་དང་རྒན་གསོ་ཉེན་སེལ་སོགས་གནད་དོན་འོས་མཐུན་གྱིས་ཐག་གཅོད་པ་དང་། ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་རོགས་བྱས་ཏེ། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་ཐབས་བྱེད་དགོས། གཏན་ལ་ཕབ་པའི་ཐབས་ལམ་ལྟར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བྱེད་སྒོ་སྤེལ་སའི་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་པ་དང་། བྱ་བའི་འཁོར་རྒྱུག་གྲོན་དངུལ་དུས་ཐོག་ཏུ་གཏོང་སྤྲོད་བྱེད་དགོས་ཤིང་། ཞང་རིམ་པའི་སྲིད་གཞུང་གིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ནས་སྒྲུབ་དགོས་པའི་དོན་དག་དེ"དབང་ཆ་འགན་འཁྲི་དང་བསྟུན་པ་དང་། གྲོན་དངུལ་དོན་དག་ལྟར་གཏོང་བའི"རྩ་དོན་ལྟར་འོས་མཐུན་གྱིས་ཐག་གཅོད་དགོས། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་དོན་དུ་གཞོལ་བ་དང་བྱ་བའི་གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་དུས་ཐོག་ཏུ་དྲིལ་སྒྲོག་དང་གཟེངས་བསྟོད་བྱེད་དགོས།

ལྔ། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་ཁྲོད་སོགས་གསུག་བྱིན་ངོ་བརྒྱུད་བྱས་པ་སོགས་ལ་བརྟེན་ནས་རང་འདེམས་སུ་འཇུག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྦད་ཆོད་ཀྱིས་ཞིབ་གཅོད་བྱེད་དགོས།

གསུག་བྱིན་ངོ་བརྒྱུད་བྱས་པར་བརྟེན་ནས་རང་འདེམས་སུ་འཇུག་པའི་བྱ་སྤྱོད་ལ་རྦད་ཆོད་ཀྱིས་བཀག་འགོག་དང་ཞིབ་གཅོད་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ཁྲོད། གདམ་བྱའི་འོས་མི་དང་དེའི་གཉེན་ཉེ་ཡིས་ཐད་ཀར་རམ་མི་གཞན་སྐུལ་ནས་རྒྱུ་ནོར་རམ་ཁེ་ཕན་གཞན་ལ་བརྟེན་ནས་སྡེ་བ་རང་གི་འདེམས་དམངས་དང་འདེམས་བསྐོའི་བྱ་བ་སྒྲུབ་མཁན་ནམ་གདམ་བྱའི་འོས་མི་གཞན་པ་རྔན་སླུ་བྱས་ནས། འདེམས་དམངས་ཀྱི་འདོད་བློར་ཤུགས་རྐྱེན་བཟོ་བའམ་ཐེ་གཏོགས་བྱེད་པ་ཚང་མ་གསུག་བྱིན་ངོ་བརྒྱུད་ཀྱིས་རང་འདེམས་སུ་བཅུག་པར་གཏོགས། ས་གནས་སོ་སོས་དོན་དངོས་གཞིར་བཟུང་སྟེ། གསུག་བྱིན་ངོ་བརྒྱུད་བྱས་པར་བརྟེན་ནས་རང་འདེམས་སུ་བཅུག་མིན་གྱི་དབྱེ་མཚམས་སྔར་ལས་ལྷག་པར་ངེས་གསལ་བྱས་ཏེ། ལྟ་སྐུལ་བྱེད་ཐད་ཤུགས་སྣོན་པ་དང་ཞིབ་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རང་ཉིད་ཞུགས་པའམ་མི་གཞན་པར་སྐུལ་ནས་དྲག་ཤུགས་བཀོལ་བ་དང་འཇིགས་སྐུལ་བ། མགོ་བསྐོར་གཏོང་བ། ལྐོག་རྔན་རྫོང་བ། འདེམས་ཤོག་རྫུན་བཟོ་བྱེད་པ། འདེམས་ཤོག་གི་གྲངས་ཀ་རྫུན་ཞུ་བྱེད་པ་སོགས་ཁྲིམས་འགལ་བྱེད་ཐབས་སྤྱད་ནས་འདེམས་བསྐོ་བྱེད་པར་གཏོར་བརླག་བྱེད་པའམ་སྡེ་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་པར་འགལ་རྐྱེན་བཟོ་བ་དང་། འདེམས་བསྐོའི་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་དང་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་གཏོང་ཞིང་འཁོན་ལན་སློག་པ་ལ། ཐེངས་གཅིག་ཤེས་ན་རྦད་ཆོད་ཀྱིས་ཞིབ་གཅོད་ཐེངས་ཤིག་བྱེད་དགོས། འདེམས་བསྐོའི་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དེ་སྡེ་དམངས་ལ་ཞང་དང་མི་རིགས་ཞང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་སྲིད་གཞུང་། དེའི་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཐེར་འདོན་བྱེད་པའི་དབང་ཆ་ཡོད་ལ། འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་པའི་འགན་ཁུར་དགོས་པ་མ་ཟད་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། རང་ཉིད་ཞུགས་པའམ་མི་གཞན་པར་སྐུལ་ནས་དྲག་ཤུགས་བཀོལ་བ་དང་འཇིགས་སྐུལ་བ། མགོ་བསྐོར་གཏོང་བ། ལྐོག་རྔན་རྫོང་བ། འདེམས་ཤོག་རྫུན་བཟོ་བྱེད་པ། 

འདེམས་ཤོག་གི་གྲངས་ཀ་རྫུན་ཞུ་བྱེད་པ་སོགས་ཁྲིམས་འགལ་བྱེད་ཐབས་སྤྱད་ནས་འདེམས་བསྐོའི་ཁྲོད་ཞུགས་པ་གལ་ཏེ་ཤེས་ཚེ་དེའི་འདེམས་བསྐོའི་ཁྲོད་ཞུགས་དབང་མེད་པར་གཏོང་བ་དང་། བདམས་ཟིན་པ་ལ་དེའི་མཇུག་འབྲས་རྩིས་མེད་དུ་གཏོང་དགོས། བདེ་སྐྱོང་དོ་དམ་སྐོར་གྱི་གཏན་ཕབ་དང་འགལ་བ་ལ། ཁྲིམས་ལྟར་བདེ་སྐྱོང་དོ་དམ་སྐོར་གྱི་ཆད་པ་གཅོད་དགོས་ཤིང་། ནག་ཉེས་སུ་གྱུར་བར་ཁྲིམས་ལྟར་དེའི་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་དགོས།འདེམས་བསྐོའི་བྱ་བ་སྒྲུབ་མཁན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འདེམས་བསྐོ་བྱེད་ཁྲོད་སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཚེ། དུས་ཐོག་ཏུ་དེའི་ཐོབ་ཐང་མེད་པར་བཟོ་དགོས། འདེམས་བསྐོའི་ཡིག་ཆ་རྫུན་བཟོ་དང་འདེམས་བསྐོའི་མཇུག་འབྲས་སུབ་བཅོས་བྱེད་པའམ་འཇིགས་སྐུལ་བ་དང་ལྐོག་རྔན་རྫོང་བ། མགོ་བསྐོར་གཏོང་བ་སོགས་བྱེད་ཐབས་སྤྱད་ནས་། སྡེ་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་པར་འགལ་རྐྱེན་བཟོ་བའི་ཞིང་སྡེའི་ཏང་ཡོན་ལས་བྱེད་པ་ལ། ཏང་ནང་གི་འགན་འཁྲི་ལེན་པ་དང་ཏང་ནང་བསྐྱུར་ནས་ལྟ་ཞིབ་བྱེད་པ། ཡང་ན་ཏང་ནང་ནས་ཕུད་པ་བཅས་ཀྱི་ཆད་པ་གཅོད་དགོས། ཞིང་སྡེའི་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་ཁྲོད་རང་ཉིད་ཞུགས་པའམ་གཞན་ལ་ངན་སྐུལ་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་ཚེ། ཐ་དད་དུ་ཏང་གི་སྒྲིག་ཁྲིམས་སམ་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས། འདེམས་བསྐོའི་མིང་གཡོར་བ་དང་ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ནས་ཁྲིམས་འགལ་གྱི་བྱ་འགུལ་དང་མི་རིགས་ཁ་འབྲལ་གྱི་བྱ་འགུལ་སྤེལ་བ་དང་། ཉེས་དོན་གྱི་ནག་ཉེས་བསགས་པར་རྦད་ཆོད་ཀྱིས་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།

དྲུག སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བའི་རྩ་འཛུགས་དང་འགོ་ཁྲིད་ཐད་ཤུགས་སྣོན་དགོས།

འགོ་ཁྲིད་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་བཅས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་བཀོད་དེ། ཏང་ཨུས་འགོ་ཁྲིད་པ་དང་དམངས་འཐུས་ཚོགས་ཆེན་གྱིས་ལྟ་སྐུལ། སྲིད་གཞུང་གིས་ལག་བསྟར། འབྲེལ་ཡོད་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པའི་བྱ་བའི་སྒྲིག་སྲོལ་དང་འཁོར་རྒྱུག་ནང་རྐྱེན་ཆགས་སུ་འཇུག་དགོས། རྫོང་རིམ་པའི་ཏང་ཨུའི་ཧྲུའུ་ཅི་ཡིས"འགན་ཁུར་བ་དང་པོའི"འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཞང་རིམ་པའི་ཏང་ཨུའི་ཧྲུའུ་ཅི་ཡིས"ཐད་ཀར་གྱི་འགན་ཁུར་བའི"འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་དགོས་ཤིང་། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་ཁྲོད་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་གནས་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱེད་པར་ངེས་པ་དོན་གྱིས་ཁག་ཐེག་བྱེད་པ་དང་། སྡེ་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་སྤྱོད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་བྱ་བ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་བར་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ་དང་མཛུབ་སྟོན་ཐད་ཤུགས་སྣོན་དགོས། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་ནན་ཏན་གྱིས་ལེགས་འཛིན་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་བྱ་བའི་གྲོན་དངུལ་དོན་འཁྱོལ་བྱས་ནས་འདེམས་བསྐོ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ། དྲིལ་སྒྲོག ཡིག་བསྐུར་ངོ་གཏུག སྤྱི་བདེ། ཁྲིམས་འཛིན། ཕྱོགས་བསྡུས་བཅོས་སྐྱོང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་གཞོགས་འདེགས་བྱེད་དགོས། 

བྱ་བའི་འགན་འཁྲིར་རྩད་གཅོད་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། འགོ་ཁྲིད་དང་མཛུབ་སྟོན་བྱ་བ་ནུས་ལྡན་མིན་པ་དང་ཁྲལ་མངོན་སླ་བཅོས་བྱས་པ་དང་། འོས་མཐུན་གྱིས་ཐག་མ་བཅད་པ་བཅས་ཀྱིས་དབང་གིས་གཞི་ཁྱོན་ཅུང་ཆེ་བའི་མང་ཚོགས་རང་བཞིན་གྱི་དོན་རྐྱེན་བསླངས་པ་ལ། འབྲེལ་ཡོད་འགོ་ཁྲིད་པ་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་དགོས།མང་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག་བྱ་བ་ནན་ཏན་གྱིས་ལེགས་སྒྲུབ་བྱེད་དགོས། རྫོང་ཞང་རིམ་པ་གཉིས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བའི་འགོ་ཁྲིད་ལས་ཁུངས་དང་བྱ་བའི་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་གཞུང་སྒྲུབ་ཁང་གི་སྡོད་གནས་དང་བྱ་བའི་ཁ་པར་ཁྱབ་བསྒྲགས་བྱས་ཏེ། བློ་འདོན་ཞབས་འདེགས་འདོན་སྤྲོད་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་དང་འབྲེལ་ཡོད་ཀྱི་ཡིག་བསྐུར་ངོ་གཏུག་ལ་དུས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་འོས་མཐུན་གྱིས་ལན་བཏབ་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོང་བྱེད་དགོས། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་གལ་ཏེ་བདེན་པ་ཡིན་པའམ་ཕལ་ཆེར་བདེན་པ་ཡིན་ཚེ། དུས་ཐོག་ཏུ་ཡོ་བསྲང་དང་ཐག་གཅོད་བྱེད་དགོས། གནས་ཚུལ་དངོས་དང་ཅུང་ཐོད་མི་ཐུག་ཚེ། གནད་དོན་ཅི་ཞིག་ཡོད་ན་གནད་དོན་དེ་ཉིད་ཐག་གཅོད་པའི་རྩ་དོན་ལྟར་འཐུས་ཚང་དུ་གཏོང་དགོས། གནས་ཚུལ་དངོས་དང་གཏན་ནས་ཐོད་མི་ཐུག་ཚེ། གང་མགྱོགས་ཀྱིས་གནས་ཚུལ་གསལ་བོར་བཤད་དེ་མང་ཚོགས་ཀྱིས་ཁས་ལེན་པར་བརྩོན་ལེན་བྱེད་དགོས། མང་ཚོགས་འཆལ་གཏམ་ལ་ཡིད་ཆེས་པ་དང་མགོ་གཡོག་མགོ་བསྐོར་ཐེབས་པར། དུས་ཐོག་ཏུ་ཐེར་འདོན་བྱེད་པ་དང་དོན་དངོས་ཁུངས་སྐྱེལ་དག་འབུད་བྱས་ནས། མང་ཚོགས་གོ་ལོག་ཏུ་སོང་བ་སེལ་ཐབས་བྱེད་དགོས། རྫོང་ཞང་སྡེ་བ་རིམ་པ་གསུམ་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བའི་ཆ་འཕྲིན་ཞུ་འབུལ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། འདེམས་བསྐོའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། འདེམས་བསྐོའི་དབང་གིས་བྱུང་བའི་དོན་རྐྱེན་ཆེན་པོ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས། འདེམས་བསྐོའི་གནས་ཚུལ་རྙོག་འཛིང་ཆེ་བའི་ས་གནས་སུ་རྫོང་ཞང་རིམ་པ་གཉིས་ཀྱིས་བབ་བསྟུན་འཕྲལ་གཅོད་བྱ་བའི་ནང་རྐྱེན་གསར་འཛུགས་བྱེད་པ་དང་བབ་བསྟུན་འཕྲལ་གཅོད་འཆར་གཞི་གཏན་འབེབ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་འགོག་ཟོན་དང་ཐག་གཅོད་བྱེད་ཐད་ཤུགས་སྣོན་དགོས།སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། 

ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་བཅས་དང་དེ་དག་གི་འགན་ནུས་སྡེ་ཁག་གི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཆབས་ཅིག་ཏུ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཀྱིས་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། གླེང་ཕྱོགས་ཀྱིས་ལྟ་སྐུལ་དང་རིམ་པ་སོ་སོའི་ཏང་གི་འཐུས་མི་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱིས་འདེམས་བསྐོའི་ལྟ་སྐུལ་པའི་འགན་ཁུར་བ་སོགས་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་འདེམས་བསྐོའི་བྱ་བར་ལྟ་སྐུལ་བྱེད་པའི་ཐད་ཤུགས་སྣོན་དགོས།སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་བར་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསར་འགྱུར་སྨྱན་བྱེད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་དང་། འདེམས་བསྐོའི་ཁྲོད་བྱུང་བའི་ཉམས་མྱོང་བཟང་པོ་དང་སྒྲུབ་ཐབས་བཟང་པོ་དྲིལ་སྒྲོག་བྱས་ཏེ། དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་པའི་གྲགས་སྟོབས་ཆེན་པོ་ཆགས་སུ་འཇུག་དགོས། རྫོང་ཞང་དང་སྡེ་བ་རིམ་པ་གསུམ་གྱི་དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་དེ་འདེམས་བསྐོ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་། ཁྲིམས་ལྟར་དོན་དག་སྒྲུབ་རྒྱུ་དེ་འདེམས་བསྐོའི་ལག་ལེན་གྱི་གོ་རིམ་ཧྲིལ་བོར་ཁྱབ་ཏུ་འཇུག་པ་དང་། ཅིའི་ཕྱིར་སྡེ་དམངས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པ་དང་མི་ཅི་ལྟ་བུ་ཞིག་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གདམ་འོས་པ། འདེམས་བསྐོའི་བྱ་སྤྱོད་ཅི་འདྲ་ཞིག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཁས་ལེན་པ་སོགས་གནད་དོན་དག་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱ་ཆེའི་སྡེ་དམངས་ལ་གསལ་བོར་བཤད་དེ། ཁོ་ཚོས་རང་གི་དམངས་གཙོའི་དབང་ཆ་ལག་བསྟར་བཟང་པོ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། གདམ་བྱའི་འོས་མིས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ངོ་ཚའི་ལྟ་བ་རྒྱུན་འཁྱོངས་དང་། རང་ཉིད་དང་གདམ་བྱའི་འོས་མི་གཞན་པ། སྡེ་དམངས་བཅས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། དཀའ་ངལ་དང་བར་ཆད། མཚན་སྙན་བཅས་ལ་ལྟ་སྟངས་ཡང་དག་འཛིན་པར་ཁྲིད་སྟོན་བྱས་ནས། རང་ཚོད་བཟུང་སྟེ་འདྲ་མཉམ་གྱིས་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཆམ་མཐུན་གྱི་འདེམས་བསྐོའི་རྣམ་པ་བཟང་པོ་འབད་བརྩོན་གྱིས་ཆགས་སུ་འཇུག་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྡ་སྦྱོར་འདིའི་དགོངས་དོན་གང་མགྱོགས་ཀྱིས་ཞིང་སྡེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་བརྒྱུད་སྒྲོག་བྱས་ནས་ལག་བསྟར་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་བའི་ཁྲོད་འཕྲད་པའི་གནད་དོན་ཆེན་པོ་དུས་ཐོག་ཏུ་ཀྲུང་དབྱང་ལ་ཞུ་འབུལ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།