སློབ་མཐར་ཕྱིན་ལ་ཉེ་བའི་སྐབས་སུ་དྲ་ཐོག་ནས་བྱ་བའི་གན་རྒྱ་བཞག་པར་ཁ་ཆད་དང་འགལ་བའི་དངུལ་སྤྲོད་དགོས་སམ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་རང་སློབ་གྲྭ་རུ་ཡོད་པའི་སྐབས་སུ་མཐོ་རིམ་མཐར་ཕྱིན་སློབ་མའི་ཆ་འཕྲིན་དྲ་བ་བརྒྱུད་དེ་བྱ་བ་ཞིག་བཙལ་ཞིང་།སྐབས་དེར་ཕྱོགས་གཉིས་ཀྱིས་དྲ་ཐོག་ནས་གན་རྒྱ་བཞག་པར་མ་ཟད།གན་རྒྱའི་ཁ་གསབ་དོན་ཚན་ནང“འབྱོར་ཐོ་བཀོད་རྗེས་མི་བཀོལ་སྡེ་ཁག་གིས་མཐར་ཕྱིན་སློབ་མར་སྔོན་ལ་ཚོད་ལྟ་བྱེད་དུ་འཇུག་རྒྱུ་དང་།ཚོད་ལྟའི་སྐབས་སུ་ཚད་ལྡན་མིན་ན་མི་བཀོལ་སྡེ་ཁག་ལ་གན་རྒྱ་མེད་པར་བཟོ་བའི་དབང་ཆ་ཡོད་ལ།གལ་ཏེ་མཐར་ཕྱིན་སློབ་མས་རྒྱལ་ཁབ་ཀྱིས་ཁས་ལེན་པའི་སློབ་གཉེར་བརྒྱུད་རིམ་དང་མིང་བཏགས་ལག་ཁྱེར་སོགས་དུས་ཐོག་ཏུ་ལེན་མ་ཐུབ་ན་གན་རྒྱ་འདི་ནུས་མེད་ཡིན་པ།ཕྱོགས་གཅིག་ཁ་ཆད་དང་འགལ་ན་སྒོར3000གི་ཁ་ཆད་དང་འགལ་བའི་དངུལ་སྤྲོད་དགོས”པ་སོགས་ཀྱི་ཁ་ཆད་བཞག་ཡོད།ད་ལྟ་ང་རང་སློབ་མཐར་ཕྱིན་ལ་ཉེ་བས།ཁེ་ལས་འདིའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས།ཁེ་ལས་འདིའི་ནང་དུ་འགྲོ་འདོད་མེད་པར་གྱུར།འདིར་འདྲི་རྒྱུ་ཞིག་ནི་གལ་ཏེ་ང་རང་མ་སོང་ན་ཁ་ཆད་དང་འགལ་བའི་དངུལ་སྤྲོད་དགོས་སམ།

ཀློག་པ་པོ་ཚེ་དབང་རིག་འཛིན་ནས།

བློ་མཐུན་ཚེ་དབང་རིག་འཛིན་ལགས།

ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལྟར་ན།དྲ་ཐོག་ནས་བཞག་པའི་གན་རྒྱ་དེར་ངལ་རྩོལ་གན་རྒྱའི་ཁྱད་ཆོས་ཡོངས་སུ་ཚང་བ་རེད།གལ་ཏེ་གན་རྒྱར་ཞིབ་བཤེར་བྱས་པ་བརྒྱུད་དེ་གན་རྒྱ་འདིའི་ངོ་བོ་ངལ་རྩོལ་གན་རྒྱའི་ཁོངས་སུ་གཏོགས་པར་ངོས་འཛིན་བྱས་ན།ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་དང་ངལ་རྩོལ་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ངལ་རྩོལ་པས་ཁ་ཆད་དང་འགལ་བའི་དངུལ་སྤྲོད་པའི་གནས་ཚུལ་ལ་གཤམ་གྱི་འདི་དག་ལྡན་པ་སྟེ། མི་བཀོལ་སྡེ་ཁག་གིས་ངལ་རྩོལ་པའི་ཆེད་དུ་ཆེད་དམིགས་གསོ་སྦྱོང་གི་གྲོན་དངུལ་སྤྲད་དེ། དེ་ལ་ཆེད་དམིགས་ལག་རྩལ་གྱི་གསོ་སྦྱོང་བྱས་ཡོད་ན། ངལ་རྩོལ་པ་དེ་དང་ངལ་རྩོལ་གན་རྒྱ་བཞག་ནས།ཞབས་ཞུའི་དུས་ཡུན་གཏན་འཁེལ་བྱེད་ཆོག་ལ།གལ་ཏེ་ངལ་རྩོལ་པ་ཁ་ཆད་སྟེང་གི་ཞབས་ཞུའི་དུས་ཡུན་དང་འགལ་ན།ཁ་ཆད་ལྟར་མི་བཀོལ་སྡེ་ཁག་ལ་ཁ་ཆད་དང་འགལ་བའི་དངུལ་སྤྲོད་དགོས།གསང་བའི་འོས་འགན་ཡོད་པའི་ངལ་རྩོལ་པར།མི་བཀོལ་སྡེ་ཁག་གིས་ངལ་རྩོལ་གན་རྒྱ་དང་ཡང་ན་གསང་བའི་གན་རྒྱའི་ནང་དུ་ལས་རིགས་འགྲན་རྩོད་ལ་ཚོད་འཛིན་བྱེད་པའི་ཁ་ཆད་བཞག་ཆོག་པར་མ་ཟད།གན་རྒྱ་མེད་པར་བཟོས་པའམ་ཡང་ན་མཚམས་བཞག་རྗེས།ལས་རིགས་འགྲན་རྩོད་ལ་ཚོད་འཛིན་བྱས་ཡོད་པའི་དུས་ཡུན་ནང་ཟླ་རེར་ངལ་རྩོལ་པར་དཔལ་འབྱོར་ཁ་གསབ་སྟེར་དགོས་ལ།གལ་ཏེ་ངལ་རྩོལ་པ་ཚོད་འཛིན་ཁ་ཆད་དང་འགལ་ན།ཁ་ཆད་ལྟར་མི་བཀོལ་སྡེ་ཁག་ལ་ཁ་ཆད་དང་འགལ་བའི་དངུལ་སྤྲོད་དགོས།ངལ་རྩོལ་པ་ཁྲིམས་བཀོད་ཆ་རྐྱེན་དང་འགལ་ཏེ་ངལ་རྩོལ་གན་རྒྱ་མེད་པར་བཟོས་པའམ་ཡང་ན་ངལ་རྩོལ་གན་རྒྱའི་ནང་དུ་ཁ་ཆད་བཞག་ཡོད་པའི་གསང་བའི་དོན་ཚན་དང་འགལ་བའི་དབང་གིས།མི་བཀོལ་སྡེ་ཁག་ལ་དཔལ་འབྱོར་གྱི་གྱོང་གུན་བཟོས་ན།ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་བཅས་ཡིན།ཁྱེད་ཀྱིས་གོང་དུ་བཤད་པའི་གནས་ཚུལ་དེ་བཤད་ཚུལ་འདི་དག་ཁྲོད་ཀྱི་གང་ལའང་མི་མཐུན་པས།ཁྱེད་ཀྱིས་ཁ་ཆད་དང་འགལ་བའི་དངུལ་སྤྲོད་མི་དགོས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།