རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཧུར་ཐག་བརྟན་བརླིང་སྒོས་སྐུལ་སྤེལ་གཏོང་བའི་སྐོར་གྱི་བརྡ་སྦྱོར།(སྨད་ཆ)

བཞི། གླ་རྒྱག་ཞིང་པའི་གནད་དོན་དངོས་ལ་གཙོ་ཤུགས་ཕོད་ནས་ཐག་གཅོད་དགོས།

(དགུ) མཁར་གྲོང་དུ་གཞིས་ཆགས་པའི་ཞིང་སྡེའི་མི་སྣ་ལ། ས་གནས་དེ་གའི་མཁར་གྲོང་གཞི་པ་དང་འདྲ་མཚུངས་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། གནས་སྐབས་གཞིས་ཆགས་པའི་ཆ་རྐྱེན་མི་ལྡན་པའི་གླ་རྒྱག་ཞིང་པར། དམིགས་སའི་རང་བཞིན་གྱིས་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དེང་སྐབས་ཁོ་ཚོའི་ངལ་རྩོལ་གླ་ཆ་དང་བུ་བུ་མོ་སློབ་གྲྭར་ཞུགས་པ། རྩལ་ནུས་གསོ་སྦྱོང་། སྤྱི་པའི་འཕྲོད་བསྟེན། སྡོད་ཁང་བོགས་མར་གཏོང་ལེན་དང་ཉོ་བ། སྤྱི་ཚོགས་འགན་སྲུང་། ལས་རིགས་བདེ་འཇགས་འཕྲོད་བསྟེན་སོགས་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པར་ཤུགས་གང་ཡོད་འདོན་དགོས།

(བཅུ) སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག ཞིང་སྡེའི་གཞི་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་ཆ་སྙོམས་ཀྱིས་བཀོད་སྒྲིག་བྱེད་པར་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་དུ་འགྱུར་བའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱས་ཏེ། མཁར་གྲོང་ཅན་དང་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཕན་ཚུན་སྐུལ་འདེད་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་འཇུག་དགོས། གྲོང་ཁྱེར་དུ་འགྲོ་བ་དང་གྲོང་གསེབ་ཏུ་གཞིས་སྲུང་བའི་གནད་དོན་ཐད་ནས་ཞིང་པ་རང་ཉིད་ཀྱི་འདེམས་དབང་ལ་བརྩི་བཀུར་བྱེད་དགོས།

(བཅུ་གཅིག) ནུས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་གནས་སྐབས་སྡོད་པའི་མི་སྣ་གཞན་པར་ས་གནས་དེ་གའི་སློབ་སྦྱོང་དང་ལས་ཀ། འཚོ་བ་བཅས་ཀྱི་སྟབས་བདེ་འདོན་སྤྲོད་བྱེད་དགོས། གནས་སྐབས་སྡོད་པའི་མི་སྣའི་སློབ་སྦྱོང་དང་ལས་ཀ། འཚོ་བ་བཅས་སྟབས་མི་བདེ་བར་བཟོས་པའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལ་གཞིགས་ཏེ་གཅིག་བསྡུས་ཀྱིས་གཙང་སེལ་ཐེངས་གཅིག་བྱས་ཏེ། བཟོ་བཅོས་བྱེད་དགོས་པར་ནན་ཏན་གྱིས་བཟོ་བཅོས་བྱེད་པ་དང་མཚམས་འཇོག་དགོས་པར་བློ་ཐག་རྦད་ཆོད་ཀྱིས་མཚམས་འཇོག་དགོས། ཕྱིན་ཆད་འབྲེལ་ཡོད་ལས་ཞུགས་དང་འོས་འགན་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་སྲིད་ཇུས་དང་བྱེད་ཐབས་དངོས་སུ་འདོན་ན་ཁྱིམ་ཐོ་དང་འབྲེལ་མཐུད་བྱེད་མི་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ཁྱིམ་ཐོ་འགོད་པའི་ལམ་ལུགས་མུ་མཐུད་དུ་འཚོལ་ཞིབ་དང་གསར་འཛུགས་བྱེད་དགོས། གནས་སྐབས་སྡོད་པའི་མི་སྣའི་སྡོད་གནས་དཔང་ཡིག་ལམ་ལུགས་རིམ་བཞིན་ལག་བསྟར་བྱེད་པ་དང་། བྱེད་ཐབས་ཞིབ་ཕྲ་དེ་སྤྱི་བདེ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་གཏན་འབེབས་བྱས་ཏེ་གོ་རིམ་ལྟར་ཞུ་འབུལ་ཆོག་མཆན་བཀོད་རྗེས་ལག་བསྟར་བྱེད་དགོས།

ལྔ། ཧུར་ཐག་གིས་གླེང་ཕྱོགས་ཁྲིད་སྟོན་ལེགས་པོ་བྱེད་དགོས།

(བཅུ་གཉིས) ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པའི་སྲིད་ཇུས་རང་བཞིན་དྲག་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཚད་མཐོ་བས། གསར་འགྱུར་སྡེ་ཚན་གྱིས་ཡང་དག་གི་གླེང་ཕྱོགས་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་ཕྱོགས་ཡོངས་ནས་འགྲེལ་བཤད་བྱེད་དགོས། ལུགས་མཐུན་གྱིས་མང་ཚོགས་ཀྱིས་སྔོན་དཔག་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཆུ་ཚད་དང་བསྟུན་པ་དང་མཁར་གྲོང་ཅན་སྐུལ་སྤེལ་གཏོང་བའི་བྱེད་ཐབས་སྣ་ཚོགས་དང་ཆ་ཚང་སྡེབ་སྒྲིག་བྱེད་པར་ནནན་བཤད་བྱས་ཏེ། ཏན་ཏིག་གོ་རིམ་ལྡན་སྒོས་སྐུལ་སྤེལ་གཏོང་དགོས། ས་གནས་སོ་སོས་གླ་རྒྱག་ཞིང་པའི་གནད་དོན་དངོས་ཐག་གཅོད་པ་དང་གླ་རྒྱག་ཞིང་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་སོགས་ཐད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་སྒྲོག་ཆེན་པོ་བྱེད་དགོས། དྲིལ་སྒྲོག་ཐད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་ཚང་སྡེབ་སྒྲིག་གི་བཅོས་སྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ཚོད་ལྟའི་ཁྲོད་འཚོལ་ཞིབ་རང་བཞིན་གྱི་བྱེད་ཐབས་ཁ་ཤས་འུད་སྒྲོག་ཆེན་པོ་བྱེད་མི་རུང་ལ། ནང་ཁུལ་དུ་ཞིབ་འཇུག་གྲོས་བསྡུར་བྱེད་པའི་གནད་དོན་ཡང་ཁྱབ་སྒྲོག་མངོན་གསལ་བྱེད་མི་རུང་། ཚགས་པར་དང་དུས་དེབ་ཆུང་བ་དང་འཕྲིན་སྦྲེལ་དྲ་བ་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཀྲུང་དབྱང་གི་དགོངས་དོན་དང་མི་མཐུན་པའི་གཏམ་བརྗོད་དང་བྱེད་ཐབས་མཆེད་པར་སྔོན་འགོག་བྱེད་དགོས།

དྲུག རྩ་འཛུགས་དང་འགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དགོས།

(བཅུ་གསུམ) ཁྱིམ་ཐོ་དོ་དམ་ལམ་ལུགས་ནི་རྨང་གཞི་རང་བཞིན་གྱི་སྤྱི་ཚོགས་དོ་དམ་ལམ་ལུགས་ཤིག་ཡིན། འབྲེལ་ཡོད་བཅོས་སྒྱུར་དེ་མི་དམངས་མང་ཚོགས་རང་ཉིད་ཀྱི་ཁེ་ཕན་དང་། དཔལ་འབྱོར་བརྟན་འཇགས་ཅུང་མགྱོགས་པོའི་ངང་གོང་འཕེལ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བ་བཅས་ལ་འབྲེལ་བ་ཡོད་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཁྱོན་ཡོངས་དང་ཆབ་སྲིད་ཀྱི་མཐོ་ཚད་ནས་བྱ་བ་འདི་ལེགས་སྒྲུབ་བྱེད་པའི་གལ་ཆེན་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་དེ་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ཐད་དུ་དངོས་གནས་གཅིག་གྱུར་བྱས་ནས། འགོ་ཁྲིད་ལ་ཤུགས་སྣོན་དང་བཀོད་སྒྲིག་ཞིབ་ཚགས། སྒྲིག་ཁྲིམས་གཟབ་ནན། འགན་འཁྲི་དངོས་འབེབས་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་དང་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་དངོས་གནས་ལེགས་འཛིན་བྱེད་དགོས།

(བཅུ་བཞི) རྒྱལ་ཁབ་ཀྱི་གཞི་རྩའི་ཁྱིམ་ཐོ་དོ་དམ་ལམ་ལུགས་དེ་ཀྲུང་དབྱང་གི་དོན་དབང་ལ་གཏོགས་པས། རྒྱལ་ཁབ་ཀྱིས་གཞི་རྩའི་ཁྱིམ་ཐོ་དོ་དམ་ལམ་ལུགས་གཏན་ཁེལ་བྱས་པའི་རྩ་དོན་དང་སྲིད་ཇུས་ཁྱབ་ཁོངས་ནང་དུ་ས་གནས་ཀྱིས་ས་གནས་དེ་གའི་དོན་དངོས་དང་སྦྲེལ་ཏེ་འཚོལ་ཞིབ་དང་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱེད་དགོས། ས་གནས་སོ་སོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པའི་སྲིད་ཇུས་བླང་བྱ་དང་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་ཏན་ཏིག་གི་སྐུལ་འདེད་གཏོང་བ་ལས། རང་འདོད་རང་སྒྲུབ་དང་བཀག་ཀྱང་མི་འགག་བྱེད་མི་རུང་། དངོས་སུ་བཏོན་པའི་འབྲེལ་ཡོད་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་འབྲེལ་བ་ཡོད་པའི་བསམ་འཆར་གཙང་སེལ་བྱེད་དགོས་པ་དང་། བརྡ་སྦྱོར་འདིའི་དགོངས་དོན་དང་མི་མཐུན་པ་ཡིན་ཕྱིན། དེ་མ་ཐག་ཏུ་ལག་བསྟར་བྱེད་མཚམས་འཇོག་དགོས་ཤིང་། སྲིད་ཇུས་དང་བྱེད་ཐབས་གསར་རྙིང་འབྲེལ་མཐུད་བྱ་བ་ནན་ཏན་གྱིས་ལེགས་སྒྲུབ་བྱས་ཏེ། གཏན་འཇགས་མིན་པའི་གནད་དོན་བྱུང་བར་སྔོན་འགོག་བྱེད་དགོས།

(བཅོ་ལྔ) སྤྱི་བདེ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་གནས་སོ་སོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱིམ་ཐོ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱེད་པར་གཞིགས་ནས་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་སྔར་ལས་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བརྡ་སྦྱོར་འདི་ལག་བསྟར་བྱས་པའི་གནས་ཚུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་འབུལ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།