སྟོད་གཞས་ཀྱི་བྱུང་བ་རགས་བསྡུས།

སྟོད་གཞས་ནི་གཙོ་བོ་སྟོད་མངའ་རིས་རྒྱུད་ནས་དར་བའི་གཞས་དང་ཞབས་བྲོར་ངོས་འཛིན་པ་དང་།དེ་ཡང་བོད་ཀྱི་དམངས་ཁྲོད་ཞབས་བྲོ་དང་རོལ་མོ་གཅིག་ཏུ་འདྲེས་པ་ཞིག་ཡིན། སྟོད་གཞས་དབུས་གཙང་ཁུལ་དུ་དར་ཚུལ་ཐད་དམངས་ཁྲོད་གླུ་གར་སྒྱུ་རྩལ་པ་དག་དང་སྟོད་ཀྱི་ལྷ་མོ་ཚོགས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྟོད་གཞས་ཀྱི་ཐོག་མའི་ཉམས་འགྱུར་ནི་ཞབས་བྲོ་རྒྱག་སྐབས་རྐང་པའི་འདེགས་འཇོག་ཆེ་ལ་ཤུགས་དང་ལྡན་པ་སྟེ། སྐྱེས་པ་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་གཞུ་མོ་བཀང་ནས་མདའ་མོ་འཕེན་པའི་བཟོ་དང་། བུད་མེད་རྣམས་ཀྱི་རྩ་བའི་སྟངས་སྟབས་ནི་བལ་བཀལ་ནས་འཐག་ལས་བྱེད་པ་ཡིན།

སྟོད་གཞས་འདི་ཉིད་ལྷ་ས་ཁུལ་དུ་དར་ཁྱབ་བྱུང་རྗེས། དེའི་ཐོག་མའི་ཉམས་འགྱུར་ལ་འགྱུར་ལྡོག་ཕྲན་བུ་བྱུང་བ་ནི་སྟོད་གཞས་ཀྱི་སྒྲ་གདངས་འགྱུར་ཁུག་སོགས་ལ་ཡུལ་དུས་རྗེས་འབྲངས་ཀྱིས་དམངས་ཁྲོད་གླུ་གར་མཁས་པ་དག་གིས་རིམ་བཞིན་ལྷ་སའི་དམངས་ཁྲོད་གླུ་གར་གྱི་ཁྱད་ཆོས་དང་བསྟུན་ནས་བསྒྱུར་བཅོས་བྱས་སྟབས།ལྷ་ས་ཁུལ་དུ་སྟོད་གཞས་རྒྱག་ལུགས་ནི་ཞབས་བྲོ་རྒྱག་སྐབས་ རྐང་པའི་འདེགས་འཇོག་ཡང་ཤ་དོད་ལ་གར་སྟབས་ཉམས་འགྱུར་མཛེས་པ། ལུས་སྟོད་ལ་འཁྲུག་ཆ་མེད་པར་ལག་འཁྱེར་ཡང་ལུས་ཀྱི་ཕོ་བ་ཡན་དུ་འདའ་མི་ཆོག་པ་སོགས་སྟོད་གཞས་མཁས་མིན་ནི། ཞབས་བྲོ་རྒྱག་སྐབས་མགོ་བོའི་སྟེང་དུ་ཆང་དཀར་ཡོལ་གང་བཞག་སྟེ་ཆང་རྣམས་ཕྱི་ལ་མ་བོར་བར་རྒྱག་པ་ནི་སྟོད་གཞས་མཁས་པར་བརྩི་བ་ཡིན།

སྟོད་གཞས་ནི་གླུ་གཞས་དང་ཞབས་བྲོ་ཟུང་དུ་སྦྲེལ་བ་དང་རོལ་དབྱངས་ཀྱི་གདངས་འགྱུར་སྙན་པས་ཕོ་མོ་གཞོན་དར་རྣམས་སྟོད་གཞས་རྒྱག་རྒྱུར་དགའ་བོ་ཡོད་པར་མ་ཟད། ད་དུང་རྒན་བྱིས་གཉིས་ཀྱང་སྟོད་གཞས་རྒྱག་རྒྱུར་དགའ་བོ་བྱེད་པ་རེད། ཞབས་བྲོ་དེ་རིགས་ལ་ལྷ་སའི་སྒྲ་སྙན་ཞབས་བྲོའང་ཟེར། སྟོད་གཞས་འདིར་ད་དུང་རྒྱག་ལུགས་ལྷོ་བྱང་གཉིས་སུ་དབྱེ་སྲོལ་ཡོད་པ་ལྷོ་ནི་སྟོད་ཀྱི་ལྷོ་རྒྱུད་དུ་གོ་ཞིང་། གླུ་གར་དལ་ཅིང་ལྷོད་ལ་སྙན་འཇེབས་ལྡན་པ་དང་། བྱང་ནི་སྟོད་བྱང་རྒྱུད་ལ་སྣང་བས་གླུ་གར་དཔའ་ཉམས་ལྡན་ཞིང་བློ་གཤོགས་ཆེ་ལ་བག་ཕེབས་པ་བཅས་ཡོད། སྟོད་གཞས་ལྷ་སར་དར་ནས་དུས་ཚོད་གང་ཙམ་སོང་རྗེས་དེ་སྔོན་དལ་གཞས་ཟེར་བ་ལ་རྒྱང་གཞས་དང་ཞབས་བྲོ་དང་སྦྲགས་མགྱོགས་གཞས་གཏོང་བ་དེར་འཁྲུག་གཞས་ཞེས་རིགས་གཉིས་སུ་དབྱེ་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།