མིའི་ལུས་པོར་ཕན་གནོད་ཆེ་བའི་ཟས་རིགས་དཀར་གསུམ་ནག་གསུམ།

མིའི་ལུས་པོའི་བདེ་ཐང་དང་ཚེ་སྲོག་རིང་ཐུང་སོགས་ནི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་ཟས་རིགས་དང་ཐད་ཀར་འབྲེལ་བ་ཞིག་ཡིན་ཏེ།  གཞུང་ཆེན་མོ་དཔལ་ལྡན་རྒྱུད་བཞི་ལས།  ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །ཞེས་གསུངས་པ་ལྟར་སྐྱེས་བུ་ལུས་བདེ་ཚེ་རིང་དུ་འདོད་པ་དག་གིས་ནི།  དུས་རྒྱུན་ནས་ཟས་སྐོམ་གྱི་སྤྱོད་ཚུལ་ཐད་གཟབ་དགོས་པ་ཤིན་ཏུ་གལ་ཆེ་བར་སྣང་།  དེར་བརྟེན་འདིར་མིའི་ལུས་པོའི་བདེ་ཐང་དང་ཐད་ཀར་འབྲེལ་ཆེ་ཞིང་དེང་དུས་འཚོ་བའི་ཁྲོད་སྤྱོད་མང་བའི་ཟས་རིགས་དཀར་གསུམ་དང་ནག་གསུམ་སྐོར་གྱི་ཤེས་བྱ་མདོ་ཙམ་ངོ་སྤྲོད་ཞུ་བ་ལ།  དེ་ཡང་སྐབས་འདིར་ཁ་དོག་གིས་དབྱེ་བའི་ཟས་རིགས་དཀར་པོ་གསུམ་ནི་མིའི་ལུས་པོར་གནོད་ཆེ་བས་དུས་རྒྱུན་ནས་ཉུང་ཙམ་མཆོད་དགོས་པ་དང་།  ནག་པོ་གསུམ་ནི་མིའི་ལུས་པོར་ཤིན་ཏུ་ཕན་ཆེ་བས་དུས་རྒྱུན་ནས་མང་ཙམ་མཆོད་དགོས་པ་ཡིན་ནོ། ། 

དང་པོ།  ཟས་རིགས་དཀར་པོ་གསུམ་ཉུང་ཙམ་མཆོད་དགོས།

༡ ལན་ཚྭ།  

ལན་ཚྭ་མཆོད་རྒྱུ་མང་དྲགས་ན་ཁྲག་རླུང་འཕེལ་བའི་ནད་ཁྲག་ཤེད་མཐོ་བའི་ནད་༽སློང་བ་དང་།  ལུས་པོའི་ཁྲག་རྩ་སྲ་མཁྲེགས་ཅན་དུ་འགྱུར་བ་མ་ཟད།  མཁལ་མའི་བྱེད་ནུས་ལ་འགོག་རྐྱེན་བཟོ་བ་ཡིན།  སྤྱིར་བཏང་བྱས་ན་ཉིན་རེར་ལན་ཚྭ་ཁེ་༦ཙམ་མཆོད་ན་བདེ་ཐང་དང་འཚམས་ཤིང་དེ་ལས་མང་ན་ལུས་པོའི་བདེ་ཐང་ལ་གནོད་སྐྱོན་ཆེ་བའོ། །

༢ མངར་ཆ།

མངར་ཆ་ནི་མིའི་ལུས་པོར་དགོས་ངེས་ཀྱི་རྩ་བའི་འཚོ་བཅུད་གྲས་ཤིག་ཡིན་མོད།  མཆོད་རྒྱུ་མང་དྲགས་ན་ཁྲག་རླུང་འཕེལ་བའི་ནད་༼ཁྲག་ཤེད་མཐོ་བའི་ནད་༽དང་།  ལུས་ཚོ་ཆེས་པ་སྟེ་ལུས་ཤ་རྒྱགས་པ།  མ་ཟད་མཆིན་པའི་ནུས་པར་གནོད་སྐྱོན་ཆེ་བས་ངེས་པར་དུ་ཚད་དང་མཐུན་པར་བསྟེན་དགོས། །

༣ ཚིལ་བུ། 

ཁ་སྐད་ལ་ཚིལ་ལུའང་ཟེར་ཏེ།  སྲོག་ཆགས་ཀྱི་ཚིལ་བསྟེན་དྲགས་ན་ཁྲག་རྩ་སྲ་མཁྲེགས་སུ་འགྱུར་བ་དང་ཁྲག་ནང་གི་ཞག་སྙིགས་འཕེལ་ཏེ་མིའི་ལུས་པོར་གནོད་སྐྱོན་ཆེ་བས་ངེས་པར་དུ་ཉུང་ཙམ་མཆོད་དགོས། སྤྱིར་བཏང་མི་རེའི་ཉིན་རེའི་སྣུམ་ཚིལ་གྱི་མཆོད་ཚད་དེ་ཁེ་༢༥ནས་༣༠བར་ཡིན་པ་དང་དེའི་ནང་ནས་འབྲུ་སྣུམ་དང་ཚིལ་སྣུམ་གྱི་བསྡུར་ཚད་དེ་༡༠:༧གནང་ན་འཚམས་པ་ཡིན་ནོ། །  

གཉིས་པ།  ཟས་རིགས་ནག་པོ་གསུམ་མང་ཙམ་མཆོད་དགོས། 

༡ ཤ་མོ། 

ཤ་མོ་བཟས་ན་འབྲས་སྐྲན་ནད་རིགས་སྔོན་འགོག་དང་རྒས་ཀ་སྲ་བའི་ནུས་པ་ལྡན་ཞིང་ལྷག་པར་དུ་བྲོ་ཞིམ་ཤ་མོ་ལ་ཁྲག་ཞག་དང་ཁྲག་སྙིགས་འཇུ་བའི་ནུས་པ་ཆེན་པོ་ལྡན་པ་མ་ཟད།  རུས་བཅུད་ཀྱང་གསོ་ཞིང་།  ཞལ་ལག་བཟོ་སྐབས་གཙོ་བོ་ཤ་མོ་དང་སྔོ་ཚལ་མཉམ་བསྲེས་སྣུམ་བཙོས་བྱས་ན་ལེགས། །

༢ མོག་རོ།  

མོག་རོ་ནི་ཁྲག་འཁྱག་འཇུ་བའི་དམིགས་བསལ་ཟས་རིགས་ཤིག་དང་།  དེ་ལ་ཁྲག་གསོ་བ་དང་ཁྲག་སྙིགས་འབྱེད་པའི་ནུས་པ་ལྡན་པས།  སྙིང་ནད་རིགས་དང་འཕར་རྩ་སྲ་མཁྲེགས་སུ་འགྱུར་བའི་ནད་རིགས་འགོག་བཅོས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད།  ཡིན་ནའང་ཚད་དང་རན་པར་བསྟེན་རྒྱུ་གལ་ཆེ་སྟེ།  སྤྱིར་བཏང་གཟའ་འཁོར་རེར་ཐེངས་གཉིས་ཙམ་མཆོད་ན་ལེགས། །

༣ འབྲས་ནག  

འབྲས་ནག་ནི་ཕྱི་རྩི་ནག་ཅིང་འཚོ་བཅུད་ཤིན་ཏུ་ཕུན་སུམ་ཚོགས་པོ་ལྡན་ཡོད་པས།  མུ་ཏིག་ནག་པོའམ་འཛམ་གླིང་འབྲས་ཀྱི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་ཡོད།  ལྷག་པར་རྐེད་ཚིགས་ན་ཞིང་པུས་མོ་དང་ཡན་ལག་ལ་ཤེད་མེད་པའི་ལོ་ན་རྒས་པ་ཚོས་བསྟེན་ན་འཚམས་པ་ཡོད།  དེར་བརྟེན་འདི་ལ་སྨན་འབྲས་ཞེས་པའི་མིང་ཡང་ཐོབ་ཡོད་ཅིང་།  འབྲས་ནག་འདི་ཉིད་ལེགས་པར་བཙོས་ཤིང་བསྐོལ་བའི་འབྲས་ཐུག་ནི་གཅིག་ན་འཇུ་སླ་ཞིང་།  གཉིས་ནས་ལུས་ཟུངས་གསོ་བའི་ཞལ་ཟས་་ཞིག་ཀྱང་ཡིན་ན།  འདི་ཡང་ད་ལྟའི་འགྲོ་བ་རྣམས་ལ་ཤིན་ཏུ་མཁོ་ཆེ་བར་མཐོང་སྟེ་ཟང་ཟིང་ལས་བྲེལ་གྱི་གསེང་ནས་འཕྲལ་མར་བོད་ཡིག་ཏུ་ཕབ་ཅིང་བཅོས་པ་དགེ་བར་གྱུར་ཅིག  

 (གཡུ་ཐོག་གསོ་རིག་གླེང་སྟེགས།)       

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།