སྐད་འཕྲིན་བཀོལ་སྤྱོད་བྱ་དུས་མགོ་སྐོར་ཐེབས་པར་མཉམ་འཇོག་བྱ་དགོས།

དེང་སྐབས་ཚན་རིག་འཕེལ་རྒྱས་སོང་བ་དང་བསྟུན་ནས། ཁ་པར་སྟེང་གི་སྐད་འཕྲིན་སྤྱོད་སྒོ་ཇེ་ཆེར་འགྲོ་བཞིན་ཡོད། ཉེ་ལམ། སྐད་འཕྲིན་དུ་གཉེན་གྲོགས་ཀྱི་པར་དང་སྐད་བསྐུར་ནས་མགོ་སྐོར་གཡོ་ལེན་བྱེད་པའི་ཐབས་གསར་པ་ཞིག་བྱུང་ཡོད་པས་གཟབ་དགོས།

དེ་ཡང་མགོ་སྐོར་གཏོང་མཁན་གྱིས་གྲོགས་པོའམ་གཉེན་ཉེའི་སྐད་འཕྲིན་བརྐུས་རྗེས། གྲོགས་པོའམ་གཉེན་ཉེ་རུ་བརྫུས་ནས་སྐད་འཕྲིན་སྤྱད་དེ་ཁྱེད་རང་ལ་དངུལ་སྐྱི་བ་དང་། གཞན་དོན་དག་བྱུང་བར་ཁ་གཡར་ཏེ། དངུལ་སྐྱི་སྐབས་གྲོགས་པོའམ་གཉེན་ཉེའི་སྐད་བསྐུར་ནས་ང་ཡིན་ང་ཡིན་ཞེས་བཤད་དེ་གྲོགས་པོའམ་གཉེན་ཉེ་ཡིན་པར་ཡིད་ཆེས་སུ་འཇུག

ད་སྔའི་བར་མི་མང་པོ་ཞིག་མགོ་སྐོར་འདིའི་རིགས་ཀྱི་འོག་ཚུད་དེ་དངུལ་སྒོར་མང་པོའི་གྱོང་རག་འདུག

མགོ་སྐོར་གཏོང་མཁན་དེས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྱེད་ཀྱི་གཉེན་ཉེའམ་གྲོགས་པོ་དེའི་སྐད་སྒྲ་བསྐྱར་དཔར་རམ་ཉར་འཇོག ཡང་ན་བརྒྱུད་གཏོང་བཅས་བྱས་ནས་མགོ་སྐོར་གཏོང་བཞིན་ཡོད་པས། གཉེན་གྲོགས་གང་རུང་གིས་སྐད་འཕྲིན་བརྒྱུད་དེ་ཁྱེད་རང་ལ་དངུལ་སྐྱི་སྐབས་སྐད་སྒྲ་གོ་ཡང་དེར་ཡིད་ཆེས་བྱེད་མི་རུང་བར་ངེས་པར་དུ་ཁ་པར་རམ་བརྙན་ལམ་ཁ་པར་བརྒྱུད་དེ་གཉེན་གྲོགས་ཡིན་མིན་བརྟག་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།