བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།(གསུམ་པ།)

(༢)འཆད་པའི་ནུས་པ།

    འཆད་པའི་རྨང་གཞིའི་ནུས་པ་ནི།   སྐད་ཡིག་དགེ་རྒན་གྱིས་ཁྲིད་འཆད་པའི་གོ་རིམ་ཁྲོད། གཏན་ལ་ཕབས་པའི་སློབ་འཁྲིད་དམིགས་ཡུལ་ཡོངས་འགྲུབ་བྱ་ཆེད།    ཆ་ལག་ཡོངས་སུ་འབྲེལ་བའི་སྒོ་ནས་ཁྲིད་འཆད་པ་དང་ཤེས་བྱ་གདམས་པ། ནུས་རྩལ་སྦྱོང་བ། བློ་སྒོ་འབྱེད་པ། བསམ་བློ་སློབ་གསོ་བཅས་བྱ་བའི་ངག་བརྡ་སྤྲོད་པའི་ནུས་པའི་རིགས་ཤིག་ཡིན།   དེ་དག་ནི་དགེ་རྒན་ཞིག་ལ་ངེས་པར་ལྡན་དགོས་པའི་ཆེད་ལས་རང་བཞིན་ཆེས་པའི་སློབ་འཁྲིད་ཀྱི་ནུས་པའི་རིགས་ཡིན། ནུ་སརྩལ་དེ་རིགས་ལྡན་མིན་ཐད་ཀར་སློབ་འཁྲིད་དམིགས་ཡུལ་ལག་བསྟར་དང་མི་སྣ་སྐྱོང་བ། སློབ་འཁྲིད་འབྲས་བུ་མཐོར་འདེགས་པ་བཅས་ལ་ཤན་ཞུགས་ཡོད་ཡིན།   དེའི་ཕྱིར། སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱ་ན། ངེས་པར་དུ་ངག་བརྡའི་བརྡ་སྤྲོད་ཀྱི་ནུས་པ་ནུས་པ་གསོ་སྐྱོང་དང་མཐོར་འདེགས་ལ་དོ་སྣང་བྱེད་དགོས།   མདོ་དགོངས་འདུས་ལས། ཡི་གེའི་སྤྲུལ་བ་ནི་འདི་ལྟ་སྟེ། མིང་དང་བྱུང་ཚུལ་དང་། གཟུགས་དང་། རང་བཞིན་དང་། སྒྲ་དང་། ལས་དང་། སྒོ་དང་། རྣམ་གྲངས་དང་ཡི་གེིའི་གཞི་རྣམས་ཀྱི་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་དག་མཐོང་ཞིང་ཤེས་པར་འགྱུར་རོ། ། དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་བར་འགྱུར་རོ། ། ཞེས་པ་ལྟར་སྒྲའི་ཁམས་དང་ཚིག་གི་སྦྱོར་སྟངས། གཅོད་མཚམས། དོན་གནད་ཀྱི་འདོན་ལུགས་ཧུར་བརྩོན་གྱིས་ཤེས་དགོས། སྐད་ཡིག་དགེ་རྒན་གྱི་སྐད་ཆ་སློབ་འཁྲིད་ལ་གསོན་ཉམས་ལྡན་པ་དང་བརྩེ་དུང་ཟབ་པ། འགྲོས་སྙོམ་པ། ཚིག་བབས་ཆག་པ་བཅས་ཀྱི་གོ་བརྡ་སྤྲོད་ཐབས་སྤྱད་དེ། སྐད་ཆའི་གནས་ཚུལ་མི་འདྲ་བ་གཞིར་བྱས་དོན་ལྡན་གྱི་སྒོ་ནས་སློབ་མའི་རྣམ་རིག་ལ་སྤོ་བར་བྱ་དགོས།

(༣)ལྟ་ཀློག་གི་རྨང་གཞི་ནུས་པ།

    ལྟ་ཀློག་གི་རྨང་གཞི་ནུས་པ་ནི་སྐད་ཡིག་ནུས་པའི་ཁྲོད་ཀྱི་ཆེས་རྩ་བའི་ནུས་པ་ཡིན་ཏེ།  སློབ་དེབ་ཀྱི་བསམ་བློའི་ནང་དོན་ལ་དབྱེ་ཞིབ་དང་གོ་བ་ལེན་པ། རྩོམ་རིག་བཟང་ངན་ལ་གདེང་འཇོག་བྱ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ནི་སྐད་ཡིག་དགེ་རྒན་གྱི་ཤེས་ཡོན་ཆུ་ཚད་དང་ཆེད་ལས་ཀྱི་སྤུས་ཀ་མཚོན་པ་ཡིན་ལ། སྐད་ཡིག་དགེ་རྒན་གྱིས་སློབ་འཁྲིད་བྱ་བ་ལེགས་འགྲུབ་ཡོང་པའི་ཆ་རྐྱེན་ཞིག་ཀྱང་ཡིན། སྐད་ཡིག་དགེ་རྒན་གྱི་ལྟ་ཀློག་ནུས་པ་ནི། སློབ་དེབ་ལྟ་ཀློག་དང་སློབ་འཁྲིད་ཟུར་ལྟའི་རྒྱུ་ཆ། གཙོ་བོ་སློབ་ཕྱི་ཀློག་ཆས་ལ་སོགས་པའི་ཕྱོགས་འདུ། སྐད་ཡིག་དགེ་རྒན་རྣམས་ཀྱིས་སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དང་རེ་བ། སློབ་འཁྲིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། སྒེར་ཚུགས་ཀྱིས་སློབ་དེབ་ལྟ་ཀློག་དང་ཚིག་དོན་རིགས་འདེད། དོན་སྙིང་ལ་ཤེས་རྟོགས། བརྩེ་སེམས་མྱོང་བ། ཐབས་རྩལ་གྲོས་ཞིབ་བཅས་བྱས་ཏེ། བསམ་བློའི་ནང་དོན་ནས་སྒྱུ་རྩལ་གྱི་རྣམ་པའི་མཚོན་ཐབས་བར་ཡང་དག་པའི་སྒོ་ནས་སློབ་དེབ་ཀྱི་ནང་དོན་རྟོགས་དགོས། ད་དུང་སློབ་འཁྲིད་ཀྱི་དགོས་མཁོ་གཞིར་བཟུང་ནས་རྒྱུ་ཆ་འཚོལ་དཔྱད་དང་ཟུར་ལྟའི་རྒྱུ་ཆར་ལྟ་བ། སློབ་ཕྱིའི་ཁ་གསེབ་ཀློག་ཆས་ལྟ་ཀློག་བྱས་ཏེ། གོམ་གང་མདུན་སྤོས་སྒོས་སློབ་འཁྲིད་ནང་དོན་ཇེ་རྒྱས་ཕུན་ཚོགས་སུ་གཏོང་དགོས། ལྟ་ཀློག་གི་གཞི་རྩའི་ནུས་པ་ལ། ད་དུང་ལྟ་ཀློག་དམིགས་ཡུལ་དང་ནང་དོན་མི་མཐུན་པ་གཞིར་བྱས། ལྟ་ཀློག་མི་མཐུན་པའི་ཕྱོགས་རྣམས་སྤྱད་དགོས། དེའི་ཁྲོད་གྱེར་འདོན། ཁོག་འདོན། ཞིབ་འདོན། མྱུར་འདོན་བཅས་འདུས་ཤིང་། དེས་སྐད་ཡིག་དགེ་རྒན་རྣམས་ཀྱི་ཆེད་ལས་སྤུས་ཀ་མཐོར་འདེགས་དང་ཤེས་བྱ་གསར་བཅོས། མཐོང་རྒྱ་ཇེ་ཆེ། སྐད་ཡིག་སློབ་འཁྲིད་ཀྱི་འབྲས་བུ་ཁག་ཐེག་དང་མཐོར་འདེགས་ཡོང་བ་བཅས་ལ། བླ་ལྷག་གིས་དོན་སྙིང་འགངས་ཆེན་ལྡན་པ་ཞིག་ཡིན། དཔེར་ན། སྐད་ཡིག་དགེ་རྒན་གྱིས་གྱེར་འདོན་གྱི་དཔེ་བསྟན་ན། སློབ་མས་སློབ་ཚན་གྱི་བསམ་བློའི་ནང་དོན་ལ་གོ་བ་ལེན་པ་དང་སྐད་ཆའི་བརྩེ་དུང་། ཉམས་འགྱུར། རྩོམ་ཡིག་གི་གསོན་ཉམས་བཅས་ཚང་མར་ནུས་གལ་ཆེན་ཐོན་ཐུབ་ཕྱིན། སློབ་འཁྲིད་ལག་ལེན་ཁྲོད་དུ་སྐད་ཡིག་དགེ་རྒན་རྣམས་ཀྱིས་ནན་ཏན་གྱི་སྒོ་ནས་ཀློག་པའི་ནུས་པའི་རྩལ་སྦྱང་དགོས།

(༤)འབྲི་བའི་གཞི་རྩའི་ནུས་པ།

    འབྲི་བའི་གཞི་རྩའི་ནུས་པ་ནི། གཙོ་བོ། སྐད་ཡིག་དགེ་རྒན་རྣམས་ཀྱིས་སྐད་བརྡ་སྤྱད་ནས་རྩོམ་རིག་ཉམས་འགྱུར་མཚོན་སྟངས་བསྒྲིགས་པ། འཕྲིན་གསར་བརྒྱུད་སྒྲོག་བྱེད་པའི་ནུས་པར་སྟོན་པ་ཡིན། དེར་ཡིག་འབྲི་དང་རྩོམ་རིག་འབྲི་བ། སློབ་མ་ལ་ཡིག་ཐོག་གི་བརྡ་སྤྲོད་ལ་སོགས་པ་ཚང་མའི་ནུས་པར་མཛུབ་སྟོན་བྱེད་པ་བཅས་འདུས་པ་ཡིན། དེ་ནི་སྐད་ཡིག་དགེ་རྒན་རྣམས་ཀྱི་སྐད་ཡིག་ནུས་པ་ཆེན་པོ་བཞིའི་ཡ་གྱལ་ཅིག་ཏུ་གྲུབ་པ་ཡིན། སྐད་ཡིག་དགེ་རྒན་གྱི་བྲིས་ཡིག་གྲ་འགྲིག་ཚད་ལྡན་དང་ཡིག་གཟུགས་ལེགས་པོ་ཡིན་དགོས་ཤིང་། སློབ་མའི་མིག་དཔེར་འཇོག་དགོས། ཡིག་གཟུགས་ཆ་ཚད་འགྲིག་ཅིང་འགྲོས་གསལ་བ། ཚིག་ཤད་ལ་སོགས་པའི་འཇོག་མཚམས་ངེས་པ། སྐད་ཡིག་དགེ་རྒན་ལའང་མི་འགྱང་བར་བསམ་བློ་མཚོན་པའི་ཡིག་ཐོག་གི་བརྡ་སྤྲོད་ནུས་པ་འཛོམས་དགོས་པར་མ་ཟད། ད་དུང་རྩོམ་འབྲི་རྨང་གཞི་གཞུངས་ལུགས་དང་རྩ་བའི་བྱེད་ཐབས་བཅས་གདམས་པ་དང་རྒྱུན་བཀོལ་རྩོམ་རིགས་སོ་སོ་འབྲི་བའི་ནུས་པའང་ལྡན་དགོས་ཏེ། ནང་དོན་འཛོམ་ལ། སྒྲིག་གཞི་ཚང་བ། སྐད་བརྡ་འབྱོར་ཞིང་རྩོམ་སྲོལ་རྣམ་དག་ཡིན་པ་བཅས་ཀྱི་རྩོམ་འབྲི་གོམས་སྲོལ་ལེགས་པོ་ཞིག་ལྡན་དགོས། དེ་ལྟར་བསྒྲུབ་ན། སྐད་ཡིག་སློབ་འཁྲིད་གོ་རིམ་ཁྲོད་ད་གཟོད་ལུས་ངག་ཟུང་འཇུག་བྱས་ཏེ། གང་ལེགས་ཀྱིས་མ་དཔེའི་སློབ་གསོའི་ནུས་པ་བསྐྱེད་ཐུབ་པ་བྱུང་བ་ཡིན། སྐད་ཡིག་དགེ་རྒན་རང་ཉིད་ཀྱིས་འབྲིར་ཐུབ་པ་དང་འབྲིར་དགའ་དགོས་ལ། སློབ་མ་རྣམས་རྩོམ་འབྲི་བྱ་འགུལ་ལ་རྩ་འཛུགས་དང་མཛུབ་ཁྲིད་བྱེད་པའི་ནུས་པའང་ལྡན་དགོས། བརྗོད་བྱ་འདེམས་པ། རྒྱུ་ཆ་འཚོལ་བ། གུང་བསྒྲིགས་པ་ནས་དག་བཅོས་རྩོམ་ཞུས་བར་དུ་ཚང་མ་སློབ་མའི་བློ་སྒོ་འབྱེད་པའི་མཛུབ་སྟོན་བྱེད་དགོས། ཡང་ན། རིག་ལམ་སྔོག་འདོན་དང་དགའ་སྣང་སྐུལ་སྤེལ་བྱེད་པ། ཡང་ན། རྩོམ་འབྲིའི་བསམ་ཕྱོགས་འདྲེན་པ། བསམ་ཚུལ་བརྗེ་སྤོར་བྱེད་པ། ཡང་ན། ཐབས་རྩལ་དམར་ཁྲིད། ཞུ་དག་ཕྱོགས་ཞེན། སློབ་མ་རྩོམ་འབྲིའི་དགེ་རྒན་ཡག་པོ་དང་གྲོགས་བཟང་བོ་རྣམ་དག་ཅིག་ཆགས་པར་བྱ་དགོས།                  

   གོང་དུ་གསལ་བའི་ནུས་པ་རིགས་བཞི་དགེ་རྒན་རང་སྟེང་གི་ལས་ཀའི་བློ་སྦྱོང་ནས་འཆད་ན། ནུས་པ་ཞིག་ཡིན་ལ། སློབ་འཁྲིད་བྱ་བ་ནས་འཆད་ན། དགེ་རྒན་གྱི་སློབ་འཁྲིད་བྱེད་ཐབས་ཤིག་ཀྱང་ཡིན། སྐད་ཡིག་སློབ་འཁྲིད་སྦྱོང་བརྡར་ནས་འཆད་ན། སྐད་ཡིག་ཚན་ཁག་གི་སྦྱོང་བརྡར་གྱི་ནང་དོན་དང་མཇུག་མཐའི་དམིགས་ཡུལ་མངོན་འགྱུར་བྱ་དགོས་པ་དེ་ཡིན། སྐད་ཡིག་དགེ་རྒན་ལ་ཉན་བཤད་ཀློག་འབྲིའི་ནུས་པ་ལྡན་དགོས་པར་མ་ཟད། སློབ་མ་རྣམས་ལ་དེ་དག་གི་ནུས་པ་ལྡན་པའི་སློབ་འཁྲིད་ནུས་རྩལ་ཡང་ཡོད་དགོས། སྔ་མ་རྗེས་མའི་རྨང་གཞི་ཡིན་ལ། རྗེས་མ་དེའང་སྔ་མའི་གཞི་རྩའི་སྟེང་འཕེལ་རྒྱས་བྱུང་བའི་ནུས་པ་ཞིག་ཡིན། དེ་གཉིས་དམ་དུ་འབྲེལ་ཞིང་མཐུན་འགྲིག་ངང་འཕེལ་བ་ཡིན་ཕྱིན། ཚང་མར་སྣང་ཆུང་བྱ་མི་རུང་།

༢ སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་རྩ་བའི་ནུས་པ།

 སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་རྩ་བའི་ནུས་པ་ནི། སྐད་ཡིག་དགེ་རྒན་གྱིས་སློབ་འཁྲིད་དམིགས་ཡུལ་ག་གེ་མོ་ཞིག་ཏུ་སླེབས་པ་དང་འབྲས་བུ་ལེན་ཆེད། སློབ་འཁྲིད་ནུས་པ་ཁྱད་པར་བ་ཞིག་ལྡན་པ་ལ་ཟེར། སློབ་ཁང་སློབ་འཁྲིད་ནི། སྐད་ཡིག་སློབ་འཁྲིད་ཀྱི་ཆེས་རྩ་བའི་རྣམ་པ་ཞིག་ཡིན། དགེ་རྒན་ལ་སློབ་འཁྲིད་ཀྱི་ཁ་ལོ་བསྒྱུར་བའི་ནུས་པ་ལྡན་པ་ན། སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་ནུས་པའི་ཁྲོད་ཀྱི་ཆེས་རྩ་བའི་ནུས་པ་ཆགས་པ་ཡིན། སློབ་ཁང་སློབ་འཁྲིད་ཀྱི་གོ་རིམ་ལ་བལྟས་ན།   དེར་སློབ་འཁྲིད་སྔོན་གྱི་གྲ་སྒྲིག་གི་ནུས་པ་དང་སློབ་ཁང་དུ་སློབ་སྟོན་གྱི་ནུས་པ། ཁྲིད་རྗེས་དཔྱད་ཞིབ་ཀྱི་ནུས་པ་བཅས་འདུས་པ་ཡིན། ནུས་པ་དེ་དག་སྐད་ཡིག་དགེ་རྒན་གྱིས་ཤེས་བྱ་དང་གཞུང་ལུགས། སྐད་ཡིག་སློབ་འཁྲིད་ཁྱབ་ཁོངས་ཀྱི་གནད་དོན་དངོས་མ་སོ་སོའི་རྩ་དོན་ཐག་གཅོད་པའི་བྱ་རིམ་ཁྲོད་སྤྱད་པ་ཁོ་ནས་ད་གཟོད་མཚོན་ཐུབ་བོ། །

(༡)སློབ་ཁྲིད་སྔོན་གྱི་གྲ་སྒྲིག་ནུས་པ།

    སློབ་ཁྲིད་སྔོན་གྱི་གྲ་སྒྲིག་ནུས་པ་ནི། གཙོ་བོ་དགེ་རྒན་གྱིས་སློབ་ཁྲིད་མ་གནང་གོང་ལ་གྲ་སྒྲིག་གང་ལེགས་དང་ཚན་རིག་གི་འཆར་བཀོད་དེ་རང་ཉིད་ཀྱི་སློབ་འཁྲིད་བྱ་འགུལ་གྱི་ནུས་པའི་རིགས་ཤིག་ལ་བསྟན་པ་ཡིན། དེས་ནི་སློབ་འཁྲིད་འབྲས་ལྡན་གྱི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་ཡོང་བ་དང་སློབ་འཁྲིད་འབྲས་བུའི་མདུན་མ་ཐོབ་ཐུབ་པར་མེད་དུ་མི་རུང་བའི་ནུས་པ་ཞིག་ཡིན། ནུས་པ་དེ་དག་དྲག་ཞན་ནི་རྟག་པར་དགེ་རྒན་གྱིི་ལས་ཀའི་ཆུ་ཚད་དང་གཞུང་ལུགས་ཀྱི་བློ་སྦྱོང་། མལ་རྩོལ་གྱི་རྣམ་འགྱུར་བཅས་ཀྱི་བྱེ་བྲག་སྣང་ཚུལ་ཡིན། སློབ་འཁྲིད་སྔོན་གྱི་གྲ་སྒྲིག་ནུས་པ་ལ་ནང་དོན་ཕུན་ཚོགས་ཤིག་ལྡན་པ་ཡིན། དེར་སློབ་འཁྲིད་རྩ་གནད་གདེང་ཚོད་ཡོད་པ། སློབ་དེབ་ལ་བྱང་ཆ་ཡོད་པ།   སློབ་མ་རྒྱུས་ལོན་ཆེ་བ། སློབ་ཆས་གྲ་སྒྲིག་དང་སློབ་འཁྲིད་འཆར་གཞི་བཀོད་པ་ལ་སོགས་མཐའ་དག་གི་ནུས་པ་ཀུན་འདུས་པ་ཡིན།   སྐད་ཡིག་དགེ་རྒན་ལ་སློབ་འཁྲིད་རྩ་གནད་ཀྱི དམིགས་ཡུལ་དང་རེ་བ་ལྟར་འདོད་མོས་བཏོན་ནས། སློབ་མ་དང་སློབ་དེབ་ཀྱི་གནས་ཚུལ་དངོས་གཞིར་བྱས་ཏེ། རང་ཚུགས་ཀྱིས་སློབ་འཁྲིད་དམིགས་ཡུལ་གཏན་འབབ། སློབ་འཁྲིད་ནང་དོན་ཐག་གཅོད། སློབ་འཁྲིད་གནད་འགག་གསལ་སྟོན། སློབ་འཁྲིད་ཐབས་བཀོད་གསར་འདེམས། སློབ་འཁྲིད་རྒྱུད་རིམ་ཇུས་འགོད་ལག་ལེན་དུ་འཁྱོལ་ཐུབ་ངེས་པའི་སློབ་འཁྲིད་བྱེད་སྟངས་བྲིས་ཏེ། སློབ་ཁང་སློབ་འཁྲིད་བྱ་འགུལ་དར་སྤེལ་གཏོང་བར་སྒྲིག་གང་ལེགས་བྱེད་དགོས་པ་ཡིན།

(༢)སློབ་ཁང་དུ་སློབ་སྟོན་བྱེད་པའི་ནུས་པ།

   སློབ་ཁང་དུ་སློབ་སྟོན་བྱེད་པའི་ནུས་པ་ནི། དགེ་རྒན་གྱིས་གཏན་ལ་ཕབས་པའི་སློབ་འཁྲིད་འཆར་གཞི་གཞིར་བཟུང་ནས། རྩ་འཛུགས་དང་དར་སྤེལ་། མཛུབ་སྟོན་བཅས་བྱེད་པའི་སྐད་ཡིག་སློབ་འཁྲིད་ལག་ལེན་བྟ་འགུལ་གྱི་ནུས་པ་ཞིག་ཡིན།   ནུས་པ་དེ་དག་ནི། སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་ཆུ་ཚད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན། དེས་རྟག་པར་སློབ་འཁྲིད་འཆར་གཞི་ལག་བསྟར་དང་སློབ་ཁྲིད་དམིགས་ཡུལ་གྱི་འགན་འཁུར་ཡོངས་འགྲུབ། སློབ་ཁྲིད་འབྲས་དུ་ལེགས་མིན་ཐག་གཅོད་པ་ཡིན། དེའི་ཕྱིར།   སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱ་ན། ངེས་པར་དུ་སློབ་ཁང་སློབ་སྟོན་ནུས་པ་ལ་མཐོ་རུ་འདེགས་པའི་ཐད་ལ་ནུས་པ་སྤྱད་དགོས། སློབ་ཁང་སློབ་སྟོན་ནུས་པ་ལ་གཙོ་བོ་སློབ་ཁང་སློབ་འཁྲིད་བྱ་འགུལ་གྱི་རྩ་འཛུགས་ནུས་པ་དང་མཛུབ་སྟོན་ནུས་པ། བབ་བསྟུན་ནུས་པ་བཅས་འདུས་པ་ཡིན། བྱེད་ནུས་དེ་རིགས་སྐད་ཡིག་སློབ་ཁྲིད་གོ་རིམ་ཁྲོད་ཁོ་ནར་གནད་དོན་དངོས་རྣམས་ཐག་གཅོད་བྱེད་པའི་སྐབས་སུ་ད་གཟོད་མངོན་འགྱུར་བྱ་ཐུབ། དཔེར་ན། སློབ་འཁྲིད་ནང་དོན་གདམས་པ་དང་སྐད་ཡིག་བྱེད་ནུས་ཀྱི་སྦྱོང་བརྡར། སློབ་མའི་རིག་སྟོབས་ཀྱི་གསར་གཏོད། སློབ་འཁྲིད་བྱེད་ཐབས་ཀྱི་བཀོལ་སྤྱོད། སློབ་ཐབས་ཀྱི་མཛུབ་སྟོན། སློབ་ཁང་འགྲིག་ལམ་གྱི་བརྩི་སྲུང་། སློབ་འཁྲིད་མྱུར་ཚད་ཀྱི་ཚོད་འཛིན། ཐོལ་བྱུང་དོན་རྐྱེན་གྱི་ཐག་གཅོད་ལ་སོགས་པ་ལྟ་བུ་ཡིན། དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་བྱ་འགུལ་གྱི་གནས་ཚུལ་དངོས་གཞིར་འཛིན་མཁས་པར་བྱས་ནས། སློབ་དེབ་དང་སློབ་ཐབས། སྙིང་བོ་དང་གཙོ་ཁྲིད། ཤེས་བྱ་དང་ནུས་པ་ལ་སོགས་པའི་གྲ་འགྲིག་པའི་སྒོ་ནས་སློབ་ཁང་སློབ་འཁྲིད་བྱ་འགུལ་ནང་གཅིག་བསྡུས་བྱས་ཏེ། གང་ལེགས་ཀྱིས་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་འདོན་དགོས་བའི་རེ་བ་འཛིན་དགོས། 

(༣)སློབ་ཁྲིད་རྗེས་ཀྱི་དཔྱད་ཞིབ་ནུས་པ།

      སློབ་ཁྲིད་རྗེས་ཀྱིོ་དཔྱད་ཞིབ་ནུས་པ་ནི། གཙོ་བོ་དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་དང་དགེ་རྒན་གྱི་སློབ་འཁྲིད་ཕན་ནུས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ནུས་པ་ཞིག་ལ་བསྟན་པ་ཡིན། དེས་དགེ་རྒན་གྱིས་སློབ་འཁྲིད་རྩ་གནད་ཚད་གཞིར་དང་སློབ་དེབ་ནང་དོན་བརྟེན་གཞི་ཡིན་པའི་རེ་བ་བཅངས་ནས། དཔྱད་ཞིབ་ཀྱི་དམིགས་ཡུལ་དང་རེ་བ། ནང་དོན་གྱི་ཁྱབ་ཁོངས། རྩ་འཛུགས་ཀྱི་རྣམ་པ་བཅས་གསལ་དགོས། དེའི་ཁྲོད། གཙོ་བོ་རྒྱུགས་གཞི་ཇུས་འགོད་དང་སྐར་གྲངས་ཚད་གཞི་ཚོད་འཛིན། རྒྱུགས་བྱང་དབྱེ་ཞིབ་ལེགས་པོ་བྱེད་པའི་ནུ་ས་བཅས་འདུས།   སློབ་འཁྲིད་དཔྱད་ཞིབ་བྱེད་པ་ནིསྐད་ཡིག་སློབ་འཁྲིད་གོ་རིམ་ནང་གི་ལྷུ་ལག་གལ་ཆེན་ཞིག་ཡིན་ལ། སློབ་གྲྭའི་སློབ་འཁྲིད་བྱ་བའི་འཆར་གཞི་ནང་གི་གྲུབ་ཆ་གཙོ་བོའི་ཕྱོགས་ཤིག་ཀྱང་ཡིན། དགེ་རྒན་ལ་མཚོན་ན། དེར་བྱ་བར་བརྟག་དཔྱད་དང་གསར་འགྱུར་ལྡོག་འདྲེན་ཉམས་མྱོང་ཕྱོགས་སྡོམ། སླབོ་དཁྲིད་ལེགས་བཅོས། གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་ཀྱི་ནུས་པ་གལ་ཆེན་ཡོད་པ་ཡིན།   སློབ་མར་མཚོན་ན། སློབ་སྦྱོང་སྐུལ་འདེད་དང་ཤེས་བྱ་གཏན་ཆགས།   གོ་བ་གཏིང་ལོན། ནུས་རྩལ་སྦྱོང་བརྡར་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས། སློབ་སྦྱོང་སྤྱོད་སྟངས་བསྒྱུར་བའི་བྱེད་ནུས་ཡོད་པ་ཡིན། དེར་བརྟེན། དགེ་རྒན་གྱི་སློབ་འཁྲིད་དཔྱད་ཞིབ་བྱ་བ་ལ་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བསྒྲུབ་དགོས།

   གོང་གི་བྱེད་ནུས་རིགས་གསུམ་ནི།   སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་གིས་སྐད་ཡིག་སློབ་འཁྲིད་ལེགས་འགྲུབ་འབྱུང་བའི་ཆེས་རྩ་བའི་ནུས་པ་ཡིན། དེས་སློབ་འཁྲིད་གྲ་སྒྲིག   སློབ་འཁྲིད་དཔྱད་ཞིབ་བཅས་མི་འདྲ་བ་རིགས་གསུམ་གྱི་སློབ་འཁྲིད་གོ་རིམ་གང་ལེགས་ཀྱིས་མཚོན་པ་ཡིན། སློབ་འཁྲིད་སྔོན་གྱི་གྲ་སྒྲིག་ནུས་པ་དེ་གཙོ་བོ་སློབ་འཁྲིད་སྔོན་འཆར་གཞི་འགོད་དགོས།   སློབ་ཁང་སློབ་འཁྲིད་ནུས་པ་གཙོ་བོ་སློབ་འཁྲིད་ཁྲོད་སྤྱོད་དགོས། སློབ་ཁྲིད་རྗེས་ཀྱི་དཔྱད་ཞིབ་ནུས་པ་དེ་གཙོ་བོ་ཁྲིད་རྗེས་དཔྱད་བསྡུར་གཏན་འབེབས་བྱེད་དགོས། དེ་གསུམ་རྟེན་ཅིང་འབྲེལ་ལ། ལྟས་བཅོས་ཀྱི་སྒོ་ནས་སློབ་ཁང་སློབ་འཁྲིད་ཀྱི་གོ་རིམ་ཆ་ཚང་བ་ཞིག་མཚོན་པ་ཡིན་ལ། སྐད་ཡིག་སློབ་ཁང་སློབ་འཁྲིད་ཀྱི་རྩ་བའི་ནུས་པ་རྒྱུ་རྐྱེན་གསུམ་དུའང་གྲུབ་པ་ཡིན་ནོ། །

༣   སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་བྱེད་པའི་ནུས་པ།

    སྐད་ཡིག་སློབ་འཁྲིད་ཀྱི་རྩ་གནད་ལས།   སྐད་ཡིག་རིག་གཞུང་ཚན་ཁག་གིས་ངེས་པར་དུ་སློབ་གསོའི་ཁ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པ་ལ་ཁ་ཕྱོགས་པའི་སྒོ་ནས་ཤུགས་ཆེན་གྱིས་སློབ་འཁྲིད་བཅོས་བསྒྱུར་བྱས་ནས། སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཚད་རྒྱ་ཆེར་མཐོར་འདེགས་བྱ་དགོས་ཞེས་གསལ་སྟོན་བྱས་ཡོད་པ་དང་། དེས་སྐད་ཡིག་དགེ་རྒན་རྣམས་ལ་བླ་ན་མེད་པའི་རེ་བ་ཆེན་པོ་བཏོན་པ་རེད།   སྐད་ཡིག་དགེ་རྒན་ལ་སྲ་ཞིང་བརྟན་པའི་ཉན་བཤད་ཀློག་འབྲི་བཞིའི་ནུས་པའི་རྨང་གཞི་ལྡན་དགོས་པར་མ་ཟད།   སློབ་འཁྲིད་ལས་ཀའི་རྨང་གཞིའི་ནུས་པ་དང་། སློབ་འཁྲིད་སྤྱི་སྡོམ་གྱི་ནུས་པ། སློབ་འཁྲིད་ཞིབ་འཇུག་གི་ནུས་པའང་ལྡན་དགོས། གསར་གཏོད་བྱེད་ཕོད་པ། སློབ་འཁྲིད་བཅོས་བསྒྱུར་གང་ལེགས་བྱེད་པ་བཅས་མི་ནུས་ན། ཁ་ཕྱོགས་གསུམ་གྱི་དགོས་མཁོ་དང་མི་མཐུན་ནོ། །

(༡)སློབ་འཁྲིད་སྤྱི་སྡོམ་བྱེད་པའི་ནུས་པ།

    སློབ་འཁྲིད་སྤྱི་སྡོམ་བྱེད་པའི་ནུས་པ་ནི། དགེ་རྒན་གྱིས་སློབ་འཁྲིད་རྩ་གནད་དང་སློབ་འཁྲིད་བྱ་བའི་འཆར་གཞི་གཉིས་ལ་བརྟེན་ནས། ཁྱབ་ཆེ་བ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱི་དཔོག    བརྟག་དཔྱད། དབྱེ་ཞིབ། གྲོས་ཞིབ་གཏན་འབེབ་བཅས་བྱེད་པའི་སྐད་ཡིག་སློབ་འཁྲིད་བྱ་བའི་ནུས་པའི་རིགས་ཤིག་ལ་སྟོན་པ་ཡིན། ནུས་པ་དེ་རིགས་ཀྱིས་ངོས་ཟིན་མཐོར་འདེགས་དང་ཉམད་མྱོང་སྤྱི་སྡོམ། ཆོས་ཉིད་འཚོལ་བ། གྲུབ་འབྲས་དར་སྤེལ། ནོར་འཁྲུལ་ཡོ་བསྲང་། བྱ་བ་ལེགས་བཅོས་དང་དར་སྤེལ་བྱེད་པ་བཅས་ཚང་མར་དོན་སྙིང་གལ་ཆེན་ཡོད་པ་ཡིན། སྤྱི་སྡོམ་བྱེད་དགའ་ན། བྱ་བ་འཕེལ་རྒྱས་དང་རྟོགས་པ་དགེ་མཚན་བཅས་ལྡན་པ་ཡིན། སྐད་ཡིག་དགེ་རྒན་ལ་ལས་བྱ་བ་དཀའ་ཚེགས་ཆེ་ཞིང་ནན་ཏན་གྱིས་སྐད་ཡིག་ཁྲིད་ཚེ་ལྟ་ཚུལ་གསར་བ་ཅུང་ལྡན་ན་ཡང་། སློབ་འཁྲིད་སྤྱི་སྡོམ་གྱི་ནུས་པ་ཆད་སྟབས། ངོས་ཟིན་མཐོར་འདེགས་དང་ཉམས་མྱོང་ཁྱབ་སྤེལ་བྱེད་མི་ཐུབ་པས། བྱ་བ་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་མི་ཐུབ་བོ། །   དགེ་རྒན་ལ་ལ་བྱ་བ་སྤྱི་སྡོམ་གྱི་ནུས་པ་ཧ་ཅང་ལྡན་ཞིང་།   རྒྱ་ཆ་བསགས་པ་དང་ཞིབ་འཇུག་ཕྱོགས་སྡོམ་ལ་དགའ་བ།   མངོན་སུམ་ཐམས་ཅད་རྗེས་དཔག་ཏུ་མཐོར་བཏགས་ཏེ།   དེའི་ཁྲོད་ཆོས་ཉིད་རྙེད་དེ།   ཉམས་མྱོང་ཕྱོགས་སྡོམ་དང་དགེ་སྤེལ་སྐྱོན་གཡོལ་བཅས་བྱས་ནས། སློབ་འཁྲིད་ཀྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་རེད། སློབ་འཁྲིད་སྤྱི་སྡོམ་གྱི་ནུས་པ་དེ། སྤྱི་སྡོམ་བྱ་བའི་དམིགས་ཡུལ་དང་ངོ་བོ། ནང་དོན་བཅས་མི་འདྲ་ལ། སྣ་རིགས་ཀྱང་མི་མཐུན་ཕྱིན། སྤྱི་སྡོམ་བྱེད་པའི་དོན་གྱི་ཁྱབ་ཁོངས་ཀྱིས་འབྱེད་དེ།   ཕྱོགས་བསྡོམས་རང་བཞིན་དང་ཆེད་དོན་རང་བཞིན་གྱི་སྤྱི་སྡོམ་གཉིས་སུ་བཀར་ཆོག   སྤྱི་སྡོམ་གྱི་དམིགས་ཡུལ་ནས་དགར་ན། དཔྱད་གཞི་ཡིག་རིགས་དང་ཉམས་མྱོང་རང་བཞིན་གྱི་སྤྱི་སྡོམ་གཉིས་སུ་བཀར་ཆོག   སྤྱི་སྡོམ་གྱི་དུས་ཚོད་ནས་དགར་ན། སློབ་ལོ་དང་སློབ་སྐབས་སློབ་དཀྱིལ་བཅས་ནས་ཀྱང་བགོས་ནས་སྤྱི་སྡོམ་བྱས་ཆོག    དེ་ལྟ་བུའི་སྤྱི་སྡོམ་གང་ཡིན་ཡང་།   ཚང་མར་དམིགས་ཡུལ་གསལ་བོ་དང་ལྟ་བ་ཡང་དག   ཚན་རིག་གི་ཐབས་ཤེས་ལྡན་དགོས་པ་ལས་དཔེ་གཅིག་བརྒྱ་འགེབས་དང་དགེ་མཚན་ཁོ་ནའི་སྐྱོན་ཞུགས་མི་རུང་། ངེས་པར་དུ་དོན་དངོས་ལས་བརྩམས་ཏེ། བདེན་པ་བདེན་དྲང་དང་གནད་དོན་གཙོ་བོ་འཛིན་པ། རྒྱུ་ཆ་གང་ལེགས་ལྡན་དགོས། ལྟ་བ་དང་དབྱེ་ཞིབ་ལྡན་པའི་སྒོ་ནས་གྲུབ་འབྲས་ཁས་ལེན་དགོས་པར་མ་ཟད། ཉམས་མྱོང་འདོན་པ་དང་ཁ་ཕྱོགས་གསལ་སྟོན། ད་དུང་། གནད་དོན་འཚོལ་བ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ།   དེ་དག་ཚང་མ་སློབ་འཁྲིད་བྱ་བ་བཅོས་བསྒྱུར་གྱི་དོན་དུ་རེད།               

(༢)སློབ་འཁྲིད་ཞིབ་འཇུག་གི་ནུས་པ།

    སློབ་འཁྲིད་ཞིབ་འཇུག་གི་ནུས་པ་ནི། སྐད་ཡིག་དགེ་རྒན་གྱིས་རང་ཉིད་ཀྱི་ཤེས་བྱ་གསོག་འཇོག་སྐུལ་སློང་བྱེད་པ་ལ། ཚན་རིག་གི་ཐབས་སྤྱད་དེ། དམིགས་ཡུལ་ཡོད་པའི་སྒོ་ནས་སྐད་ཡིག་སློབ་འཁྲིད་ཀྱི་ཆོས་ཉིད་འཚོལ་བར་བྱེད་པའི་ནུས་པའི་རིགས་ཤིག་ཡིན། དེར་སྐད་ཡིག་སློབ་འཁྲིད་ཀྱིོ་ད་ཡོད་གནས་ཚུལ་བརྟག་དཔྱོད་དང་ལོ་རྒྱུས་ཉམས་མྱོང་སྤྱི་སྡོམ། འཆར་གཞི་ལག་བསྟར་གྱི་ཚོད་བགམ། རིག་གཞུང་རྩོམ་རིགས་ཀྱི་རྩོམ་འབྲི་ནུས་པ་བཅས་འདུས། ནུས་པ་དེ་རིགས་ནི་སྐད་ཡིག་དགེ་རྒན་གྱི་ཤེས་ཡོན་གྱི་ཆུ་ཚད་དང་འདུ་ཤེས་གསར་གཏོད་ཀྱི་ཆེས་གཅིག་བསྡུས་ཀྱི་མངོན་ཚུལ་ཡིན། དེར་སྔར་ལྷག་གི་སྔོག་འདོན་རང་བཞིན་དང་ཐུན་མིན་གསར་གཏོད་རང་བཞིན་གྱི་ཁྱད་ཆོས། གསར་བཅོས་བྱེད་ཕོད་པའི་སྙིང་སྟོབས་ལྡན་པ་ཡིན་ལ། དེས་སྐད་ཡིག་དགེ་རྒན་གྱིས་ད་ཡོད་གནས་ཚུལ་ལ་ཆོག་ཤེས་དང་སྔར་སྲོལ་དམ་འཛིན་བྱེད་མི་ཆོག་པར། བཅོས་བསྒྱུར་ཀྱི་མདུན་གྲལ་དུ་ལངས་པ་དང་རང་འགན་ལ་རྐང་འཛུགས་པ། ཏན་ཏན་ཏིག་ཏིག    བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱེད་པའི་རེ་བ་ཡིན་ལ།   ཡང་ན།   སྐད་ཡིག་སློབ་འཁྲིད་ཀྱི་ད་ཡོད་གནས་ཚུལ་ལ་བརྟག་དཔྱད་དབྱེ་ཞིབ་བྱས་ཏེ།   སློབ་འཁྲིད་བཅོས་བསྒྱུར་གྱི་བྱེད་ཐབས་འདོན་པ། ཡང་ན།   སྐད་ཡིག་སློབ་འཁྲིད་ཀྱི་ལོ་རྒྱུས་ཉམས་མྱོང་ལ་སློབ་སྦྱོང་དང་སྤྱི་བསྡོམས་བྱས་ཏེ། དེའི་ཁྲོད་ནས་བློ་སྒོ་འབྱེད་པ་དང་དཔྱད་གཞིར་བཟུང་ནས། གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད་བྱེད་ཐུབ་དགོས། ཡང་ན། སློབ་འཁྲིད་བཅོས་བསྒྱུར་ཚོད་ལྟ་བྱས་ཏེ།   རྒྱུན་པའི་ཆོས་ཉིད་ལས་འགོངས་པ། ལག་ལེན་བསྐྱར་ཟློས་ཁྲོད་དྲང་ལྡོག་གཉིས་ཀྱིོ་ཉམས་མྱོང་སྤྱི་བསྡོམས་བྱས་ནས། ཟུར་དུ་གསར་གཏོད་བྱེད་དགོས། གང་ལྟར། སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་ཚུད་དེ། ད་ཡོད་གནས་ཚུལ་གྱི་རྨང་གཞི་ཐོག་སོར་གནས་དང་སྲོལ་རྒྱུན་གྱི་མ་དཔེ་མཁྲེགས་འཛིན་བྱ་མི་རུང་། སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། འཕྲིན་གསར་བསྡུད་པ། བགྲོད་ལམ་སྣ་ཚོགས་བརྒྱུད་ནས་བྱེད་ཐབས་སྣ་ཚོགས་སྤྱད་པ། ཚན་རིག་གི་སྒོ་ནས་ཞིབ་འཇུག་དང་སྐད་ཡིག་སློབ་འཁྲིད་ཁྱབ་ཁོངས་ཁྲོད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས། གཞུང་ལུགས་ཀྱི་རྩ་དོན་དང་སློབ་འཁྲིད་ནང་དོན་གྱི་ཐབས་བཀོལ་ནས། སློབ་འཁྲིད་བྱེད་མཁན་དང་ སློབ་གསོ་མྱོང་མཁན་ལ་སོགས་པའི་ཕྱོགས་བར་དུ་སྐད་ཡིག་སླབོ་འཁྲིད་ཀྱི་ཆོས་ཉིད་ཕྱིར་མངོན་སྒོས་ནས།   སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཚད་མཐོར་འདེགས་པ་དང་། འབྲས་བུ་ལྡན་པ། ཐབས་ཤེས་ལ་དཔྱད་བསྡུར་དང་། ཞིབ་འཇུག་བྱས་ཏེ། སྐད་ཡིག་སློབ་འཁྲིད་རིམ་བཞིན་ཚན་རིག་ཅན་དང་དེང་རབས་ཅན་དུ་མངོན་འགྱུར་བྱ་ཆེད་ལེགས་རྗེས་འབུལ་དགོས།

 གོང་གི་ནུས་པ་རིགས་གཉིས་ནི་སྐད་ཡིག་དགེ་རྒན་ལ་རིམ་པ་དང་ཚད་གཞི་མཐོན་པོའི་རེ་བ་ཡིན། དགེ་རྒན་ཚད་ལྡན་ཞིག་ལ་མཚོན་ན། ཐོག་མར། སྐད་ཡིག་སློབ་འཁྲིད་ཀྱི་རྨང་གཞི་ནུས་པ་དང་སློབ་ཁང་སློབ་འཁྲིད་ཀྱི་རྩ་བའི་ནུས་པ་གཉིས་བརྟན་པོ་ཞིག་ཆགས་དགོས་སོ། །

ལེའུ་གཉིས་པ།   སྐད་ཡིག་ཚན་ཁག་གི་ངོ་བོ་དང་དམིགས་ཡུལ་གྱི་སྐོར།

    སྐད་ཡིག་ཚན་ཁག་ནི།    རྒྱུ་རྐྱེན་མང་པོ་ཞིག་དང་ཁྱབ་རྒྱ་ཆེ་བའི་ཁྱད་པར་རང་བཞིན་སྣ་ཚོགས་ཤིག་གིས་གྲུབ་པ་རེད། དེར་ནི། སློབ་འཁྲིད་དང་མཉམ་དུ་སློབ་གསོའང་ལྡན་ལ། ཚན་རིག་དང་མཉམ་དུ་སྒྱུ་རྩལ་ཡང་ལྡན་པ། ཤེས་བྱ་འདོམས་པ་དང་མཉམ་དུ་ནུས་མཐུ་གསོ་སྐྱོང་ཡང་ལྡན་པ། སྐད་ཆ་སྦྱོང་བརྡར་དང་མཉམ་དུ་རིག་སྟོབས་འཕེལ་རྒྱས་གཏོང་བ། སྐད་ཆའི་བྱ་འགུལ་དང་མཉམ་དུ་རྩོམ་རིག་རོལ་མྱོང་ཡང་ལྦན་པ་ཡིན་ནོ། །   སྐད་ཡིག་ཚན་ཁག་གི་དེ་ལྟ་བུའི་ངོ་བོའི་ལྟ་སྟངས་དེས། མི་རྣམས་ལ་སྐད་ཡིག་གི་སློབ་གསོའི་རང་བཞིན་གྱི་ལྟ་སྟངས་ཤིག་ཆགས་ཤིང་། སྐད་ཡིག་སློབ་གསོའི་རྣམ་འགྱུར་ཐག་གཅོད་བྱེད་ཡས་ཤིག་ཏུ་གྱུར་ཡོད་པ་མ་ཟད། རྒྱུད་རིམ་དང་ཐབས་བཀོད་ཀྱི་འདེམས་གསེས་ལའང་ཤུགས་རྐྱེན་ལྡན་ཡོད་དོ། །

    སྐད་ཡིག་ཚན་ཁག་གི་དམིགས་ཡུལ་ནི།   སྐད་ཡིག་སློབ་འཁྲིད་ཀྱི་སྔོན་དཔག་ལས་བྱུང་བའི་འབྲས་བུ་ཡིན་ནོ། ། གཏན་ལ་ཕབས་པའི་དམིགས་ཡུལ་དེར།   བསླབ་བྱའི་འདེམ་སྒྲིག་དང་སློབ་འཁྲིད་བཀོད་བསྒྲིག   སློབ་སྦྱོང་གི་འབྲས་བུར་གདེང་འཇོག་བྱ་སྟངས་བཅས་ཕྱོགས་གསུམ་གྱི་ནུས་པ་གཞིར་བཟུང་བ་མཚོན་ཡོད་པ་རེད། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་དེས་སྐད་ཡིག་སློབ་གསོའི་དམིགས་ཡུལ་གྱི་ལྟ་སྟངས་གྲུབ་ཅིང་། དེ་དག་གིས་དགེ་རྒན་གྱི་བྱ་བའི་ཁ་ཕྱོགས་དང་ནང་དོན། རྒྱུད་རིམ། ཐབས་ཤེས་བཅས་གཏན་ལ་འབབ་དུ་འཇུག་གོ ། སྐད་ཡིག་ཚན་ཁག་གི་དམིགས་ཡུལ་དེ་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ཡིན་པ་བཤད་མ་དགོས་སོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།