བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།(གཉིས)

 ཁ་མའེ་ཉག་སིས། དགེ་རྒན་གྱི་ལས་འགན་ནི། རང་དཔེ་གཞན་སྟོན་སྟེ་སློབ་མར་སློབ་གསོ་བྱེད་དགོས་ཞེས་བསྟན་པ་དང་ཁུང་ཙིས་ཀྱང་མཛད་སྤྱོད་ཚུལ་དང་མི་ལྡན་ཚེ། གདུལ་བྱ་ཇི་ལྟར་རྗེས་སུ་བསྐྱང་ཞེས་བསྟན་པ་དང་། ས་པན་གྱིས་མི་བཙུན་ན་སློབ་མའི་སྤྱོད་པ་ཆུད་འཛའ་ཞེས་སློབ་གསོ་བ་ཚང་མས་དགེ་རྒན་གྱི་མཛད་སྤྱོད་གང་ཡང་ཚང་མ་གདུལ་བྱའི་རྒྱུད་ལ་གདམས་པ་གལ་ཆེན་དུ་བསྟན་ཡོད།   སྐད་ཡིག་དགེ་རྒན་ལ་སྤྱོད་ཡོན་གཉིས་ལྡན་དང་མཁས་སྤྱོད་གཉིས་ལེགས་ན།   ད་གཟོད་སློབ་མའི་རྒྱུད་ལ་མི་ཕྱེད་པའི་ཡོན་ཏན་འབྱོངས་ཤིང་སློབ་གསོའི་ནུས་པ་ཆེར་འདོན་བྱེད་ཐུབ།

   སྐད་ཡིག་དགེ་རྒན་གྱིས་སློད་གཉེར་ལ་གཟབ་ནན་དང་བདེན་དོན་འཚོལ་བསྙེག   གསར་གཏོད་བྱེད་ཕོད་པ་བཅས་ཀྱང་ལས་ཀའི་གཤིས་རྒྱུད་ཀྱི་རྒྱུ་རྐྱེན་ཅིག་ཏུ་གྲུབ་པ་ཡིན།   དགེ་རྒན་གྱི་ངལ་རྩོལ་ནི་ཉོག་དྲ་ཅན་གྱི་བསམ་བློའི་ངལ་རྩོལ་ཡིན། སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་གྲ་སྒྲིག་ལ་དུས་ཚོད་ཆུ་འཛའ་བ་མང་ཞིང་། འཆད་པ་དཀའ་ཚེགས་ཆེ་ལ་ཞུ་དག་གཏོང་བ་ལྷག་པར་དཀའ་སྡུག་ཆེ།   སྤྱི་ཚོགས་འཚོ་བ་སྐད་ཅིག་ཉིད་ལ་འགྱུར་ལྡོག་ཆེ་ཞིང་གསར་འགྱུར་སྣ་ཚོགས་འགྱོགས་མྱུར་འཕེལ་ཞིང་རྒྱས་པ་དག་གིས་སྐད་ཡིག་དགེ་རྒན་ལ་སྙིང་རུས་བསྐྱེད་ཅིང་སློབ་སྦྱོང་ལ་དགའ་བ།   བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་བྱེད་པ །   ཤེས་བྱའི་ཁྱབ་ཁོངས་ལས་འགོངས་པ་རྒྱུན་ཆད་མེད་པར་སློབ་འཁྲིད་ནང་དོན་ལེགས་བཅོས་བྱེད་པ།   ལས་ཀའི་ཆུ་ཚད་བརྟན་པོ་ཞིག་འཕེལ་རྒྱས་གཏོང་བའི་རེ་བ་བཏོན་ཡོད་པ་རེད། དེ་ལྟར་བསྒྲུབ་ན།   ད་གཟོད་དུས་རབས་ཀྱིས་གནང་བའི་གཟི་བརྗིད་ལྡན་པའི་ལས་འགན་འགྲུབ་ཐུབ་ལ་སྐད་ཡིག་སློབ་འཁྲིད་ཚན་རིག་ཅན་དུ་འགྱུར་བའི་འཚིོལ་ཞིབ་ཁྲོདརྣམ་པ་གསར་བ་ཞིག་སྔོག་འདོན་བྱེད་ཐུབ་བོ། །

༣   སྐད་ཡིག་དགེ་རྒན་གྱི་ལས་ཀའི་བརྩེ་སེམས།

   སྐད་ཡིག་དགེ་རྒན་གྱི་ལས་ཀའི་བརྩེ་སེམས་ལ་གཙོ་བོ་སྣ་གཉིས་ཏེ་ལས་ཀ་དང་སློབ་མར་དགའ་བའི་ལས་ཀའི་སྟེང་མཚོན་དགོས་པ་ཡིན།   སྐད་ཡིག་དགེ་རྒན་ཞིག་ཡིན་ན་རང་འགན་བྱ་བ་ལ་དུང་དགོས་པ་སྟེ།   ལས་ཀའི་རྣམ་འགྱུར་བཤོལ་མེད་ཧུར་བརྩོན་ཆེ་ཞིང་སྐུ་ངལ་ལ་མི་འཛེམས་པ། ཐུགས་བརྩེ་བ་ཆེན་པོས་གཞན་དོན་འབའ་ཞིག་སྒྲུབ་པ། ལས་ཀའི་སྙིང་སྟོབས་ལ་སྤོབས་པའི་དཔང་མཐོ་ཞིང་རྒྱུཔ་ཆད་མེད་པར་ཡར་རྒྱས་སུ་བརྩོན་པ། ལས་ཀའི་འདུན་པ་བརྟག་པ་མི་ཕྱེད་རྡོ་རྗེ་དང་མཚུངས་པ་སྟེ། གཞི་རང་དབང་ཐོབ་པའི་མདུན་པ་དང་ཡིད་ལྷག་པར་བརྩེ་བའི་སྙིང་རྗེ། རྒྱུད་ཡོངས་སུ་དག་པའི་སེམས་བསྐྱེད་ཡོད་དགོས།   བྱ་བ་འགན་ལྕི་ཞིང་མཐུན་རྐྱེན་ཞན་རུང་དཔའ་མི་ཞུམ་པ།   ཕྲག་པ་མི་ལྷོད་རྐྱེན་ངན་གྲོགས་སུ་ཁྱེར་ཐུབ་པ། ལས་ཀའི་ཐོབ་ཆ་དམའ་ལ་གླ་ཙ་ཉུང་རུང་རྙེད་པ།   བཀུར་བསྟི་དང་ཁེ་གྲགས་ལ་མི་གཉེར་བར་གདུལ་བྱ་བསྐྱང་ལ་རྗེས་སུ་ཡི་རངས་པ། ལས་དོན་ལ་བློ་དཀར་ཚད་མེད་ཅིག་བཅངས་མཁན་ཡིན།

   སྐད་ཡིག་དགེ་རྒན་རྣམས་རང་གི་སློབ་མར་དགའ་བ་ནི།   ལས་དོན་ལ་བརྩེ་སེམས་བཅངས་བའི་མངོན་རྟགས་གལ་ཆེན་ཞིག་ཡིན་ལ།   སློབ་གསོའི་ལས་དོན་ལའང་དགའ་བའི་རྣམ་འགྱུར་འབའ་ཞིག་ཡིན།   དགེ་རྒན་གྱིས་སློབ་མར་སྙིང་བརྩེ་བ་ནི་སེམས་རྣམ་པར་དག་ཅིང་བླ་ན་མེད་པ།   མིའི་རིགས་སྤྱི་ཚོགས་ཁྲོད་ཚན་རིག་གིས་རྒྱུད་ཡོངས་སུ་བརླན་པའི་སློབ་གསོའི་བརྩེ་སེམས་ཤིག་ཡིན་ཏེ།   དེ་དག་ལ་ནང་དོན་གྱ་ནོམ་པ་ཞིག་ལྡན་པ་ནི།   དགེ་སློབ་བར་གྱི་འབྲེལ་བའི་ཁྲོད་ཀྱི་ཕྱོགས་སོ་སོ་མངོན་པ་ཡིན།   སྐད་ཡིག་སློབ་འཁྲིད་བྱ་རིམ་ལ་བལྟས་ན། བརྩེ་བའི་རིགས་ནི་དགེ་སློབ་བར་ཕན་ཚུན་འབྲེལ་འདྲིས་དང་ལས་སྒོའི་བྱ་རིམ་ཁྲོད་རིམ་བཞིན་ཆགས་ཤིང་འཕེལ་རྒྱས་བྱུང་བའི་བརྩེ་སེམས་ཡིན་ལ།   དེ་ནི་ལྷག་བསམ་ཟོལ་མེད།   འབྲེལ་བ་མཉམ་འདྲེས།   གསར་འགྱུར་དཔེ་འཁྱུད་མི་བྱེད་པ་བཅས་བྱས་ཚེ།   ད་གཟོད་སློབ་མ་རྣམས་ཀྱིས་དགེ་རྒན་ལ་ཡིད་ཆེ་བ་དང་དང་བ་འདྲེན་པ།   སྐད་ཡིག་སློབ་མཚན་ལ་དགའ་སྣང་དང་རང་གིས་སློབ་གསོ་དང་དུ་ལེན་པའི་ནང་སེམས་ཀྱི་ནུས་པ་འདོན་ཐུབ།    དེ་ལས་ལྡོག་ན།   གལ་ཏེ་དགེ་སློབ་ཀྱི་འབྲེལ་བ་ཛ་དྲག་དང་བརྩེ་དུང་ལྡོག་འགལ་དུ་གྱུར་ན།   སློབ་མས་སྐད་ཡིག་སློབ་སྦྱོང་བྱེད་པ་ལ་སེམས་ཤུགས་མེད་པར་ཞེན་ལོག་བྱུང་ནས།   སློབ་སྦྱོང་འབྲས་བུ་ལ་ཤན་ཤུགས་ཐེབས་སྲིད་སྟབས།   དགེ་རྒན་གྱི་སྤྱོད་པ་སྙོམས་ཤིང་།   སྐད་ཆ་འཇམ་པ་དང་ཕན་ཚུན་འདྲ་མཉམ་བཅས་བྱས་ན། སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་འདྲེན་ཐུབ། དགེ་རྒན་གྱིས་སློབ་མར་བརྩིས་ཤིང་དགའ་བ་དང་ཁོ་ཚོའི་སློབ་འབྲས་ཆུང་ངུའི་ཡར་ཐོན་ལཐུགས་ཁུར་བྱེད་པ་དང་མཉམ་དུ་རེི་བ་ནན་མོ་བཅངས་ནས།   ཐོག་མཐའ་བར་གསུམ་དུ་སྒྲ་དོན་གསལ་བའི་སྒོ་ནས་རིམ་བཞིན་བསླབ་དགོས།   སྐད་ཡིག་སློབ་འཁྲིད་ཀྱི་ཚན་པའི་ཕྱོགས་སོ་སོ་ལེགས་བཅོས་བྱེད་པ་བརྒྱུད་ནས།   སློབ་མའི་བློ་རིག་གི་སྒོ་འབྱེད་པ་དང་།    སེམས་རྒྱུད་བསྐྲུན་པ། ནུས་པ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཁོ་ཚོ་མི་སྣ་གསར་བ་ཞིག་ཏུ་བསྐྱེད་བསྲིང་་བྱེད་དགོས།   དགེ་རྒན་སློབ་མར་བྱམས་པ་དེ།   ཕྱོགས་རེ་བ་ཞིག་མིན་པར་ཚང་མར་བྱམས་བརྩེ་ལྡན་དགོས། སྐྱེས་ཕོ་མོ་མི་འབྱེད་པ།    སློབ་མར་ཉེ་རིང་མེད་པ།   དཔེ་བཟང་ཅན་ལ་ཞེན་ཏེ་ལང་ཤོར་དུ་མི་གཏོང་བ།   རྗེས་ལུས་སློབ་མར་ཞེ་ལོག་ནས་རྒྱང་དུ་མི་འདོར་བ །   ཉིད་ཀྱི་ལྷག་བསམ་དེ་གཤིས་སྐྱོང་དཔེ་ཁྲིད་ཀྱི་བྱ་བའི་ཁྲོད་དུ་བཞག་ན།   ད་གཟོད་དཔེ་བཟང་ཅན་གྱི་སྐད་ཡིག་དགེ་རྒན་ཞིག་ཏུ་འགྱུར་ཐུབ་བོ། །    

གཉིས་པ།   སྐད་ཡིག་དགེ་རྒན་གྱི་ཤེས་བྱ།

   ཤེས་བྱ་གསོག་འཇོག་བྱེད་པ་ནི་ཤེས་རབ་དག་པས་ལུང་རིགས་ལ་མཁས་པ་སྟེ། སྐད་ཡིག་དགེ་རྒན་གྱིས་སློབ་གསོའི་བྱ་བ་བདེ་བླག་ངང་འགྲུབ་པའི་ཆེས་རྩ་བའི་དངོས་པའི་རྨང་གཞི་ཡིན་ལ། སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱེད་པར་ངེས་པར་ཏུ་འཛོམས་དགོས་པའི་ཆ་རྐྱེན་ཡང་ཡིན།   སྐད་ཡིག་དགེ་རྒན་ལ་ལས་ཀའི་ཕུགས་བསམ་བརྟན་ཞིང་གཤིས་སྤྱོད་ཚད་ལྡན་ཞིག་འཛོམས་དགོེས་པར་མ་ཟད།   ཤེས་བྱས་ཕྱུག་ཅིང་སྐད་ཡིག་ཚན་ཁག་གི་ཆེད་ལས་ཤེས་བྱ་རྣམས་བྱང་ལ་ཆུབ་ཅིང་འཛིན་པ།   ཕྱོགས་ཡོངས་ལ་དགའ་ཞིང་ཤེས་རྒྱ་བའི་ཚན་རིག་རིག་གནས་ཤེས་བྱའང་ལྡན་དགོས།   དེ་མིན་སློབ་མའི་བཟློག་ཏུ་མེད་པའི་འདུན་པ་དང་ཕྱོགས་ཡོངས་སྐད་ཡིག་སློབ་འཁྲིད་ཁྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་དགོས་མཁོ་བསྐང་བར་བྱ་མི་ཐུབ་བོ། །

   ༡ སྐད་ཡིག་ཤེས་བྱའི་རྨང་གཞི་བརྟན་པོ་འཇོག་དགོས།  

སྐད་ཡིག་དགེ་རྒན་གྱིས་བདེ་བླག་ངང་སློབ་འཁྲིད་བྱ་བ་འགྲུབ་ཅིང་།   སྐད་ཡིག་ཚན་ཁག་གི་ཁྱད་ཆོས་དམིགས་ཡུལ་གྱི་ལས་འགན་ཅུང་ཟད་ལེགས་འགྲུབ་ཡོང་དགོས་ན། ངེས་པར་ཏུ་ཤེས་རྒྱ་ཆེ་ལ་སྐད་ཡིག་ཆེད་ལས་ཀྱི་རྨང་གཞིའི་གཞུང་ལུགས་དང་རྨང་གཞི་ཤེས་བྱ་བརྟན་པོ་ཞིག་འཛོམས་དགོས་པ་ནི།   སྐད་ཡིག་ཚན་ཁག་གི་སློབ་འཁྲིད་ཀྱི་རེ་བ་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་སོ་སོའི་གནས་ཚུལ་འཕོ་འགྱུར་མགྱོགས་པའི་རེ་བའང་ཡིན། སྐད་ཡིག་ཚན་ཁག་ནི་རིག་ཚན་མང་པོ་ཅན་ཞིག་ཡིན་པ་དང་སྣ་འཛོམས་ཅུང་ཆེ་བའི་བང་མཛོད་ལྟ་བུ་ཚན་ཁག་ཅིག་ཡིན། སྐད་ཡིག་སློབ་དེབ་ཀྱི་ནང་དོན་སྒྲིག་ལུགས་ལ་བལྟས་ན།   སྐད་ཡིག་རྨང་གཞི་ཤེས་བྱ་ལའང་བརྡ་སྤྲོད་རིག་པ་དང་།   ཚིག་རྒྱན་རིག་པ།   རྩོམ་རིག་གཞུང་ལུགས། རྩོམ་འབྲི་རིག་པ་ལ་སོགས་པ་ཚང་མ་རིག་ཚན་རྨང་གཞིའི་ནང་དོན་ལ་གཏོགས་པ་ཡིན།    སློབ་མ་རྣམས་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཡང་དག་པ་ཞིག་གདམས་ན།    སྐད་ཡིག་དགེ་རྒན་གྱིས་སྒྲ་རིག་པ་བསླབས་ནས་བྱང་དགོས།   སྐད་ཆ་དང་སྒྲ་རིག་གི་ཁྱད་ཆོས་དང་ནུས་པ་དང་ཚིག་སྦྱོར་གྱི་ཆོས་ཉིད་ལ་བྱང་བར་བྱས་ནས།   སྐད་ཆའི་ཉམས་འགྱུར་གྱི་གོ་བརྡ་སྑྲོད་པའི་ནུས་པ་རྟོགས་པ་དང་བེད་སྤྱོད་བྱེད་པ་མཐོར་འདེགས་སུ་གཏོང་དགོས། ཐ་སྙད་ལ་བསླབས་ནས། ཚིག་འབྲུ། ཚིག་ཏུ་འགྲུབ་པའི་ཆོས་ཉིད་རྟོགས་པ། ཚིག་འགྲེལ་གྱི་བྱེད་ཐབས་ཤེས་པར་བྱས་ཏེ། ཚིག་བསྒྲིག་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།   ཚིག་རྒྱན་རིག་པར་བསླབས་ཏེ། ཚིག་རྒྱན་གྱི་ཐབས་དང་རྩལ་སོ་སོ་བྱང་བར་བྱས་ཏེ། སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་ནུས་པ་མཐོར་འདེགས་བྱེད་དགོས།   རྩོམ་རིག་ལ་བསླབས་ནས།   རྩོམ་ལུས་སོ་སོའི་ཁྱད་ཆོས། ལུས་ཀྱི་གྲུབ་སྟངས་དང་བརྡ་མཚོན་ཐབས་བཅས་ལ་གོ་བ་བླངས་ནས།   རྩོམ་ལུས་སོ་སོའི་རྩོམ་རིག་གི་གོ་བ་དང་འབྲི་ཚུལ་བཅས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས།   རིག་རྩལ་རིག་པ་ལ་བསླབས་ཏེ།   རྩོམ་རིག་ལོ་རྒྱུས་ཤེས་བྱ་དང་རིག་རྩལ་གཞུངས་ལུགས་ཀྱི་ཤེས་བྱ་རྟོགས་པར་བྱས་ཏེ།   རྩོམ་རིག་བརྩམས་ཆོས་ལ་དབྱེ་ཞིབ་དང་ལོངས་སྤྱོད་བྱེད་པའི་ནས་པ་མཐོར་འདེགས་སུ་གཏོང་བ། རྩོམ་འབྲི་ཤེས་བྱ་ལ་བསླབས་ནས། བརྗོད་བྱ་ཡང་དག་འདེམས་པ་དང་རྒྱུ་ཆ་འཚོལ་ཞིབ་བྱེད་པ།   ཚན་པ་བཀོད་སྒྲིག་བྱེད་པའི་ཐབས་བཀོད་བཅས་བཟུང་ནས།   ཡིག་ཐོག་གི་སྐད་ཆའི་ནུས་པ་མཐོར་འདེགས་སུ་གཏོང་བ།   དེ་དག་རེ་རེ་ལ་གཟིགས་རྒྱ་ཆེ་དགོས་ལ་བརྩོན་ཞིབ་ཀྱང་གཏིང་ཟབ་ཅིག་བྱ་དགོས།   སྐད་ཡིག་ཆེད་ལས་ཀྱི་རྨང་གཞི་ཤེས་བྱའི་ཁྱབ་ཁོངས་དང་མ་ལག   ནང་དོན་བཅས་ཀྱི་ཁྱད་ཆོས་རྟོགས་དགོས་ལ་ཤེས་བྱ་སོ་སོའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་མ་འོངས་པའི་འཕེལ་ཕྱོགས་ཀྱི་དར་རྒས་ཀྱང་རྟོགས་དགོས།   དེ་ལྟ་བྱས་ན། སློབ་དེབ་རྟོགས་ཤིང་ནང་དོན་གཙོ་གནད་འདོན་ཐུབ་པ་དང་།   ཤེས་བྱ་ཆ་ཚང་ཞིག་གདམས་ཐུབ་པ།   དོགས་གནས་གནད་དོན་འགྲེལ་ཐུབ་པ་སོགས་སྐད་ཡིག་སློབ་འཁྲིད་ཀྱི་ལག་ལེན་ཁྲོད། ད་གཟོད་བེད་སྤྱོད་ལ་ཐོགས་མེད་དང་ཚེགས་མེད་བདེ་བླག་ངང་།   སློབ་འཁྲིད་ལ་གདེང་ཡོད་སྒོས་རང་དབང་ནས་པ་དངོས་སུ་འདོན་ཐུབ་བོ། །                  

༢ སློབ་གསོའི་གཞུང་ལུགས་གསལ་རྟོགས་ཅི་ཐུབ་བྱ་དགོས།

 སྐད་ཡིག་ཚན་ཁག་ནི་སློབ་གསོའི་ཚན་ཁག་ལ་གཏོགས་ཤིང་། དེའི་མ་ལག་ཅིག་ཡིན། སྐད་ཡིག་སློབ་འཁྲིད་ནི་སློབ་གསོ་རིག་པའི་རྩ་བའི་རྩ་དོན་མཛུབ་སྟོན་དུ་བཞག་ནས།   སློབ་གསོ་རིག་པའི་ཁྲོད་ཀྱི་སློབ་འཁྲིད་གཞུང་ལུགས་སྤྱད་ནས་སྐད་ཡིག་ཁྱབ་ཁོངས་ཀྱི་མངོན་ཚུལ་རྣམས་ལ་འགྲེལ་བཤད་དང་ཞིབ་འཇུག་བྱ་དགོས་སྟབས།   སྐད་ཡིག་དགེ་རྒན་ལ་སྲ་ཞིང་བརྟན་པོའི་སྐད་ཡིག་ཚན་ཁག་ཕྱོགས་ཀྱི་རྨང་གཞི་ཤེས་བྱ་ལྡན་དགོས་པར་མ་ཟད།   སློབ་གསོ་ཚན་ཁག་ཕྱོགས་ཀྱི་རྩ་བའི་རྩ་དོན་ལའང་སྦྱངས་ཏེགདེང་ཚོད་ཡོད་དགོས་ལ། སློབ་གསོའི་ཁ་ཕྱོགས་གསལ་ཞིང་ཆོས་ཉིད་ལ་བརྩིས་ཏེ། སྐད་ཡིག་སློབ་འཁྲིད་བྱ་འགུལ་སྤེལ་བ་དང་སློབ་འཁྲིད་དམིགས་ཡུལ་ལག་བསྟར་བྟེད་པ་བཅས་ཚང་མར་སྤྱད་དེ་ཚན་རིག་གཞུང་ལུགས་ཀྱི་གཞི་འཛིན་ས་ཡོད་པར་བྱེད་དགོས།

 སློབ་གསོ་ཚན་ཁག་ཕྱོགས་ཀྱི་ཤེས་བྱ་ལ་གཙོ་བོ་ལ་རིགས་གསུམ་སྟེ།   སློབ་གསོ་རིག་པ་དང་སེམས་ཁམས་རིག་པ།   སྐད་ཡིག་སློབ་འཁྲིད་བྱེད་ཐབས་བཅས་འདུས་པ་ཡིན།

 སློབ་གསོ་རིག་པ་ནི། སློབ་གསོའི་མངོན་ཚུལ་དང་ཆོས་ཉིད་དག་གི་ཚན་རིག་ལ་ཞིབ་འཇུག་བྱེད་པ་དེ་ཡིན།   སྐད་ཡིག་དགེ་རྒན་རྣམས་ཀྱིས་སློབ་གསོ་རིག་པར་བསླབ་ན་སློབ་འཁྲིད་དངོས་དང་དམ་པོར་འབྲེལ་ཏེ། གཙོ་བོ་སློབ་གསོ་དང་སྐད་ཡིག་སློབ་འཁྲིད་ཀྱི་འབྲེལ་བར་སྦྱངས་ནས། སློབ་གསོ་དམིགས་ཡུལ་དང་སློབ་གསོའི་རྩ་དོན། གོ་རིམ། ནང་དོན་དང་ཐབས་བཀོད་བཅས་གདེང་ཚོད་ཡོད་པའི་སྒོ་ནས། སྐད་ཡིག་སློབ་གསོ་དང་ཁྱོན་ཡོངས་ནས་མི་སྣ་ཡར་རྒྱས་ཡོང་བར་གསོ་སྐྱོང་བྱེད་པའི་ཆོས་ཉིད་མཚོན་དགོས། དགེ་རྒན་དང་སློབ་མ། ཁྲིད་པ་དང་སློབ་པ། སློབ་འཁྲིད་དང་གཤིས་སྐྱོང་བའི་འབྲེལ་བ་ཡང་དག་པར་ཐག་བཅད་དེ། ཁྱོན་ཡོངས་ནས་སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་དགོས།

   སེམས་ཁམས་རིག་པ་ནི།   མིའི་སེམས་ཁམས་ཀྱི་མངོན་ཚུལ་སྣ་ཚོགས་ཀྱི་ངོ་བོ་དང་ནུས་པར་ཞིབ་འཇུག་བྱ་བའི་ཚན་རིག་ཅིག་ཡིན།   སྐད་ཡིག་དགེ་རྒན་གྱིས་སེམས་ཁམས་རིག་པར་བསླབ་དགོས་པ་ནི། གཙོ་བོ་སེམས་པམས་རིག་པའི་རྩ་བའི་རྩ་དོན་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། དགེ་སློབ་གཉིས་ཀྱི་སྐད་ཡིག་སློབ་འཁྲིད་བྱ་རིམ་ཁྲོད་ཀྱི་སེམས་ཁམས་ཀྱི་མངོན་ཚུལ་སྣ་ཚོགས་དང་བྱ་འགུལ་གྱི་ཆོས་ཉིད་ཕྱིར་མངོན་དགོས། ཕྱོགས་གཅིག་ནས་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་ཕུན་སུམ་ཚོགས་པར་འདོད་ན། དགེ་རྒན་གྱི་བསམ་བློའོ་འདུ་ཤེས་དང་གཤིས་ཀའི་སྤྱོད་སྟངས།   དགའ་སྣང་ཞེན་སྣང་། རང་གཤིས་ཁྱད་ཆོས་བཅས་ཚང་མ་སློབ་མ་ཤེས་ལྡན་ཅན་དུ་འགྱུར་བར་ཤན་ཤུགས་ཡོད་པར་ཡིད་འཇོག་བྱེད་དགོས།   ཕྱོགས་གཞན་ཞིག་ནས་སློབ་མའི་ལྟ་རྟོག་གི་ནས་པ་དང་ཚཕར་སྣང་། ཡིད་འཇོག   གཟུངས་འཛིན་གྱི་ནས་པ།   སློབ་སྦྱོང་སྙིང་རུས་དང་དགའ་སྣང་ལ་སོགས་པ། རིག་སྟོབས་དང་རིག་སྟོབས་མ་ཡིན་པའི་གཤིས་ཀའི་ཞིབ་འཇུག་དང་གསོ་སྐྱོང་ལ་ཡིད་འཇོག་སྒོས་སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཚད་མཐོར་འདེགས་པར་ཁག་ཐེག་ཡོང་བར་བྱེད་དགོས།

    སྐད་ཡིག་སློབ་འཁྲིད་བྱེད་ཐབས་ནི། སྐད་ཡིག་སློབ་འཁྲིད་ཀྱི་ཆོས་ཉིད་དང་ཁྲིམས་སྲོལ(གནས་ལུགས)སྐོར་ལ་ཞིབ་འཇུག་བྱེད་ཡས་ཀྱི་ཚན་རིག་ཅིག་ཡིན། དེས་སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དང་རྩ་དོན། གོ་རིམ། ནང་དོན་དང་ཐབས་ལམ་བཅས་ཀྱི་གཞི་རྩའི་གཞུང་ལུགས་དང་དགེ་རྒན་རྣམས་ཀྱིས་སློབ་འཁྲིད་རྩ་འཛུགས་དང་བྱ་འགུལ་སྤེལ་བར་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་བའི་རྩ་དོན་ཡོངས་སུ་རྟོགས་པར་སྤྲོས་བཤད་བྱས་ཡོད། སྐད་ཡིག་དགེ་རྒན་རྣམས་ཀྱིས་སློབ་འཁྲིད་བྱེད་ཐབས་ཀྱི་རྩ་བའི་ཆོས་ཉིད་རྟོགས་པ་དང་བྱང་བར་བྱས་ཏེ། སློབ་འཁྲིད་ལག་ལེན་ཁྲོད་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གཞུང་ལུགས་དང་ཆོས་ཉིད་དེ་དག་བཀོལ་སྤྱོད་བྱས་ཏེ། སྐད་ཡིག་སློབ་ཁྲིད་ཀྱི་ནས་པ་མཐོར་འདེགས་བྱེད་པ།   དེ་ནི་སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་དང་མཐོ་རུ་འདེགས་པའི་གཞི་རྩའི་གནད་དོན་ཞིག་ཡིན།

༣ ཇི་སྙེད་ཤེས་བྱའི་ཚོགས་སྡུད་པ།

   དེང་རབས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། ཚན་རིག་གསར་བ་མི་མཐུད་དར་ཞིང་།   སྣ་འཛོམས་ཚན་རིག་འཕེལ་རྒྱས་འགྲོ་བཞིན་པ་དང་། རིག་གནས་དང་རང་བྱུང་རིག་པ་ཕན་ཚུན་འདྲེས་འདུག དེས་སྐད་ཡིག་དགེ་རྒན་རྣམས་ལ་སྔར་ལས་ལྷག་པར་ཕུན་སུམ་ཚོགས་པ་དང་ཁྱབ་ཆེ་བའི་སློབ་འཁྲིད་ནང་དོན་འདོན་སྤྲོད་བྱས་པ་ཡིན་ལ།   རིག་གནས་སློབ་སྦྱོང་ལའང་ཧ་ཅང་གཟབ་ཅིང་ནན་མོའི་རེ་བ་བཏོན་པ་རེད། ད་ལམ་སྤྱད་བཞིན་པའི་སློབ་དེབ་ཤེས་བྱ་ཀུན་འདུས་ཆེན་མོ་བཞིན་མ་ལུས་ཀུན་འཛོམས་ཤིག་མིན་ནའང་། གནའ་དེང་དང་ཀྲུང་ཕྱི། རིག་གནས་དང་རང་བྱུང་རིག་པ་མེད་པ་ཞིག་མིན།

སྐད་ཡིག་སློབ་འཁྲིད་ཀྱི་ནང་དོན་ལ།   སྐད་ཡིག་དང་སློབ་གསོ་ལ་སོགས་པའི་ཤེས་བྱའི་ཕྱོགས་གཏོགས་པར་མ་ཟད། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ལ་སོགས་པའི་ཕྱོགས་ཀྱང་གཏོགས། དེའི་ཕྱིར།   སྐད་ཡིག་དགེ་རྒན་ཚད་ལྡན་ཞིག་བྱ་ན། སྐད་ཡིག་ཆེད་ལས་ཀྱི་གཞི་རྩའི་ཤེས་བྱ་དང་གཞི་རྩའི་གཞུང་ལུགས་བྱང་ཆུབ་དགོས་ལ།   དཔེ་ཆ་གཟིགས་རྒྱ་ཆེ་བ། གྲུབ་མཐའ་སྣ་མང་སྡུད་པ།   མུ་མཐུད་ཤེས་བྱ་འི་ཁྱབ་ཁོངས་སྔོག་འདོན་བཅས་བྱས་ཏེ། མིའི་རིགས་ཀྱི་ཤེས་རིག་སྤྱད་དེ། རང་ཉིད་གྱ་ནོམ་པར་གཏོང་བར་དགའ་དགོས། དེ་ལྟར་ན། ད་གཟོད་སྐད་ཡིག་སློབ་འཁྲིད་ཀྱི་དགོས་གལ་ཆེ་བའི་རེ་བ་དང་འཚམ་ལ། སློབ་མའི་སྦྱང་འདོད་ཀྱི་ཤེས་བྱ་དང་བདེན་ལུགས་ལ་བསྙེགས་པའི་ཞེན་པ་བསྐང་ཐུབ་པ་དང་། རིག་གནས་ཁྲིད་སྦྱང་དང་མཛད་སྐྱོང་གནང་བ། དོགས་སེལ་བཅས་ཀྱི་སློབ་གསོའི་ནུས་པ་ལེགས་སྤེལ་བྱེད་ཐུབ་བོ། །

གསུམ་པ།   སྐད་ཡིག་དགེ་རྒན་གྱི་བྱེད་སྒོའི་ནུས་པ།

 སྐད་ཡིག་དགེ་རྒན་རྣམས་ཤེས་བྱ་རྒྱ་ཆེ་དགོས།   གལ་ཏེ་ཤེས་བྱས་དབུལ་ན་སློབ་དེབ་ལ་བརྩོན་ཞིབ་དང་སློབ་འཁྲིད་ནང་དོན་རྟོགས་པ་དང་འཛིན་པའི་ཐབས་བྲལ་བ་ཡིན། སྐད་ཡིག་དགེ་རྒན་རྣམས་ལ་ནས་པའང་བརྟན་པོ་ཞིག་འཛོམས་དགོས། གལ་ཏེ་ནུས་པ་ཞན་ན་སྐད་ཡིག་སློབ་འཁྲིད་བྱ་འགུལ་རྩ་འཛུགས་དང་སྤེལ་བར་བྱེད་པ་དང་སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་དང་ལས་འགན་འགྲུབ་ཐབས་མེད། དེར་བརྟེན། ཤེས་བྱ་དང་ནས་པ་གཉིས་ཚད་ལྡན་གྱི་སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན་གཅིག་ཀྱིང་མེད་མི་རུང་བར་གལ་ཆེ་བ་གཅིག་མཚུངས་ཡིན།

༡ སྐད་ཡིག་དགེ་རྒན་གྱི་སློབ་འཁྲིད་གཞི་རྩའི་ནས་པ།

 སྐད་ཡིག་དགེ་རྒན་གྱི་གཞི་རྩའི་ནས་པ་ནི་ཉན་པ། འཆད་པ། ཀློག་པ། འབྲི་བ་བཅས་སྣ་བཞིའི་གྲུབ་པ་ཡིན། དེ་དག་ནི་སྐད་ཡིག་དགེ་རྒན་རྣམས་ཀྱི་སློབ་འཁྲིད་བློ་སྦྱོང་ཐད་མེད་དུ་མིམརུང་བའི་ཆེས་གཞི་རྩའི་ནུས་པ་ཡིན་ལ། སྐད་ཡིག་སློབ་འཁྲིད་བྱ་བའི་ལས་དོན་གྱི་གཞི་རྩའི་བྱེད་ཐབས་ཤིག་ཀྱང་ཡིན།   དེས་སྐད་ཡིག་དགེ་རྒན་རྣམས་རྒྱུ་སྤུས་མཐོར་འདེགས་དང་ཤེ་བྱ་གདམས་པ། ཉམས་མྱོང་སྤྲོད་པ། གསར་འགྱུར་བརྗེ་རེས། ནུ་སརྩལ་སྦྱོང་བརྡར། རིག་སྟོབས་བསྐྱེད་པ་བཅས་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་འགན་ཡོངས་སུ་འགྲུབ་པ་ལ་དོན་སྙིང་གལ་ཆེན་ཞིག་ལྡན་པ་རེད།

(༡)ཉན་པའི་རྨང་གཞིའི་ནུས་པ།

 ཉན་པའི་རྨང་གཞིའི་ནུས་པ་ནི། གཙོ་བོ་དགེ་རྒན་གྱིས་སློབ་མ་དང་རང་ཉིད་ཀྱི་ངག་བརྡ་སྤྲོད་པའི་སྐད་ཆ་གོ་བརྡ་འཕྲོད་པའི་ནུས་པ་དང་ཉན་དཔྱ་ནུས་པ་ཡིན།

 སློབ་འཁྲིད་གང་རིགས་ཀྱི་རྒྱུད་རིམ་ཆ་ཚང་མ། དགེ་སློབ་གཉིས་ཀྱིས་འཕྲིན་གསར་བརྗེ་རེས་དང་ཕན་ཚུན་ལ་བསམ་བློ་མཐུན་སྦྱོར་གྱི་གོ་རིམ་ཡིན། དགེ་རྒན་རྣམས་ཀྱིས་ངག་བརྡ་ལ་བརྟེན་ནས་ཤེས་བྱ་གདམས་པ་དང་གནས་ལུགས་འཆད་པ་མ་ཟད། ཉན་པའི་ནུས་པར་བརྟེན་ནས་ཀྱང་སློབ་མའི་འཕྲིན་གསར་བསྡུས་པ་ཕྱིར་བཟློག་དང་རྒྱུས་ལོན་བྱས་ཏེ། དུས་ཐོག་ཏུ་སློབ་འཁྲིད་སྤྱོད་སྟངས་བརྗེ་སྤོར་སྒོས་སློབ་འཁྲིད་འབྲས་བུ་ལེགས་པོར་འབྱུང་བར་ཁག་ཐེག་བྱེད་དགོས། གལ་ཏེ། སློབ་འཁྲིད་བྱ་རིམ་ཁྲོད་སློབ་མས་དྲི་བ་འདོན་པ་དང་སློབ་ཚན་བསྐྱར་བཤད་གནད་དོན་འགྲོལ་བ། བློར་འདོན་དང་གྱེར་འདོན། སློབ་ཁང་དུ་གྲོས་བསྡུར་བྱེད་པ། དགེ་རྒན་གྱི་སློབ་འཁྲིད་ལ་བསམ་འཆར་དང་རེ་བ་བཏོན་པ་ལ་སོགས་པ་མཐའ་དག་ལ།   རྣམ་པར་དཔྱོད་པའི་ཤེས་རབ་ཟབ་མོས་བླང་དོར་གྱི་གནད་མི་འཛོལ་བར་བྱ་དགོས་ན། ཐ་སྙད་ལ་ནི་མ་བསྟན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། ཅེས་པ་ལྟར། ཚིག་དོན་མཐའ་དག་ལ་བསམ་བྱུང་གི་བློས་དཔག་པར་བྱ་དགོས་པར་མ་ཟད། ཚིག་གི་སྦྱོར་ལུགས་དང་དོན་གྱི་གནད། བརྡ་སྤྲོད་ཀྱི་ཐབས་དང་འབྲས་བུ་བཅས་ལའང་ལེགས་པར་དཔྱོད་དེ། དཔེ་བསྟུན་སློབ་འཁྲིད་དང་མཛུབ་ཁྲིད་ལ་ཤུགད་བསྣོན་བྱ་དགོས། དེ་མཚུངས་སུ། སྐད་ཡིག་དགེ་རྒན་ལ་ཁ་སྐད་ལ་ཉན་དཔྱོད་ནུས་པའང་ཅུང་ལྡན་དགོས། རང་ཉིད་ཀྱིས་འཆད་པའི་སྐབས་སུ་སྐད་གདངས་དག་མིན་དང་སྒར་གདངས་མཐོ་དམའ། མྱུར་བུལ། ཚིག་དོན་འགྲིག་མིན། འབྲས་བུའི་བཟང་ངན་བཅས་ལ་དུས་དང་རྣམ་པ་ཀུན་ཏུ་ཉན་བཤད་བརྒྱུད་ནས་སྙོམ་སྒྲིག་དང་ཚོད་འཛིན་བྱས་ཏེ། ཁ་སྐད་ཀྱི་བརྡ་སྤྲོད་རྣམ་དག་དང་ཚད་ལྡན་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་ཡོང་བ་བྱ་དགོས།   


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།