རང་རེའི་རྫོང་གི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་ལ་ཅུང་ཙམ་དཔྱད་པ།

རང་ཉིད་ཀྱིས་ལོ་མང་པོར་མི་རིགས་སློབ་ཆུང་དུ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་དང་། ནམ་རྒྱུན་འཚོ་བའི་ཁྲོད་ནས་བོད་རིགས་སློབ་མར་བསམ་བློ་བརྗེ་རེས་བྱས་པ། ལས་གྲོགས་དང་སློབ་ཆུང་རྒྱའི་སྐད་ཡིག་གི་སློབ་ཁྲིད་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་དགེ་གྲོགས་རྣམས་དང་གྲོས་སྡུར་བྱས་པ་བརྒྱུད། རང་རེའི་རྫོང་གི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་ཐད་ནས་ལྟ་ཚུལ་དང་བསམ་འཆར་འགའ་བརྗོད་པར་བྱ་བ་ལ།
 
གཅིག  རང་རེའི་རྫོང་གི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་གཞི་རྩའི་གནས་ཚུལ་དང་གནས་པའི་གནད་དོན།
 
       ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འཛིན་མའི་ཁྱོན་ལ་འཕྲོས་པའི་སྐལ་བཟང་གི་དུས་འདིར།  རང་རྫོང་ལ་བསྡོས་པས་སློབ་གྲྭ་ཆུང་འབྲིང་བཅུ་གཅིག་ཡོད་ལ། རྫོང་མཁར་དུ་གནས་པའི་ཆ་ཚང་སློབ་འབྲིང་ལས་གཞན་ཚང་མ་མི་རིགས་སློབ་གྲྭ་ཆུང་འབྲིང་ཤ་སྟག་ཡིན།  སློབ་གྲྭ་འདི་དག་གི་སློབ་མའི་ཐོན་ཁུངས་ནི་གཞི་རིམ་འབྲོག་ཁུལ་ཡིན་པས་ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད་ན་ཡང་། ལྡོག་སྟེ་རྒྱ་སྐད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཙམ་ཡང་བྱ་མི་ཐུབ།  སློབ་གྲྭ་འདི་དག་གིས་སྐད་རིགས་གཉིས་པ་སྟེ་རྒྱ་ཡིག་སློབ་ཁྲིད་ཀྱི་སྐབས་སུ་སྐད་བརྡ་རྣམ་པ་རིགས་གསུམ་སྤྱོད་བཞིན་ཡོད་དེ།  གཅིག་ནི་རྒྱ་རིགས་དགེ་རྒན་གྱིས་རྒྱ་སྐད་ཁོ་ན་སྤྱད་དེ་སློབ་ཁྲིད་བྱེད་པ།  གཉིས་ནི་རྒྱ་སྐད་ལ་ནང་བྱན་མི་ཆུད་པ་དང་སྒྲ་འབྱིན་ཚད་ལྡན་མིན་པའི་གྲངས་ཉུང་མི་རིགས་དགེ་རྒན་གྱིས་སྐད་བརྡ་འདྲེས་མ་སྤྱད་དེ་སློབ་ཁྲིད་བྱེད་པ།  གསུམ་ནི་རྒྱ་སྐད་ལ་ནང་བྱན་ཆུད་པ་དང་སྒྲ་འབྱིན་ཚད་ལྡན་ཡིན་ལ།  བོད་སྐད་བཤད་ཤེས་ཤིང་བོད་ཡིག་མི་ཤེས་པའི་གྲངས་ཉུང་མི་རིགས་དགེ་རྒན་གྱིས་ཚད་ལྡན་གྱི་རྒྱ་སྐད་གཙོར་བཟུང་སྟེ་སློབ་ཁྲིད་བྱེད་པའི་མཚུངས་སུ་ཕ་སྐད་ཀྱིས་ངོ་སྤྲོད་ཙམ་བྱེད་པ་བཅས་སོ། །
 
       རྫོང་ཡོངས་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ་རྒྱའི་སྐད་ཡིག་གི་སློབ་ཁྲིད་ལ་སྐད་བརྡ་འོས་འཚམ་གདམ་གསེས་བྱེད་པ་ནི་ཚན་རིག་ཡིན་མོད།འོན་ཀྱང་སློབ་གྲྭ་ཁ་ཤས་སུ་སློབ་མའི་གནས་ཚུལ་དངོས་ལ་བསམ་གཞིག་མི་གཏོང་བར་རང་སྣང་གང་དྲན་བྱེད་ཀྱིན་འདུག དཔེར་ན།སློབ་ཆུང་གི་ལོ་རིམ་དང་པོའི་སྐབས་སུ་རྒྱ་རིགས་དགེ་རྒན་གྱིས་རྒྱ་སྐད་ཁོ་ན་སྤྱད་དེ་སློབ་ཁྲིད་བྱས་པའི་སློབ་མའི་རྒྱུགས་འབྲས་མ་ལེགས་ཚེ།སློབ་གྲྭ་དེ་གའི་མགོ་ཁྲིད་ཚན་ཆུང་གིས་དགེ་རྒན་བརྗེ་སྤོར་བྱེད་པ། ལོ་རིམ་གཉིས་པའི་སྐབས་སུ་དགེ་རྒན་བརྗེ་སྤོར་བྱས་ཏེ་རྒྱ་སྐད་ལ་ནང་བྱན་མི་ཆུད་པ་དང་སྒྲ་འབྱིན་ཚད་ལྡན་མིན་པའི་དགེ་རྒན་དེས་སྐད་བརྡ་འདྲེས་མ་སྤྱད་དེ་སློབ་ཁྲིད་བྱས་པའི་སློབ་མ་དེ་ར་མིན་ལུག་མིན་དུ་གྱུར།ལོ་རིམ་གསུམ་པའི་སྐབས་སུ་ཡང་བསྐྱར་དགེ་རྒན་བརྗེ་སྤོར་བྱས་ཏེ་རྒྱ་སྐད་ལ་ནང་བྱན་ཆུད་ཅིང་སྒྲ་འབྱིན་ཚད་ལྡན་ཡིན་པའི་གྲངས་ཉུང་མི་རིགས་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ཚོད་ལྟ་རབས་དང་རིམ་པ་བྱེད་བཞིན་མཆིས།དི་འདྲའི་ཚད་ལྡན་མིན་པའི་དགེ་རྒན་བཀོད་སྒྲིག་དེ་དེང་རབས་སློབ་གསོའི་གཞུང་ལུགས་དང་མི་འཚམ་ལ།དེས་ཐད་ཀར་དུ་རྒྱའི་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་ཐད་ལ་གེགས་རྐྱེན་ཐེབས་ཡོད་པས། ཐོག་མ་ཉིད་ནས་སྐད་བརྡ་ཡང་དག་པ་ཞིག་གདམ་དགོས་པའི་གལ་ཆེན་རང་བཞིན་རྟོགས་ཐུབ།
 
       རྒྱ་སྐད་ཁོ་ན་བེད་སྤྱོད་པའི་རྣམ་པ་འདི་ལག་བསྟར་བྱས་ན་དགེ་སློབ་གཉིས་ཀྱི་ཕན་ཚུན་ལ་བརྡ་མི་འཕྲོད་པས།རྒྱ་ཡིག་བསླབ་ཚན་གྱི་ནང་དོན་སློབ་མར་ཇི་བཞིན་ཤེས་སུ་འཇུག་པའི་དཀའ་ཁག་དང་འཕྲད་སྲིད་དེ།ང་ཚོ་ས་གནས་འདིའི་འབྲོག་པའི་བུ་བུ་མོར་ཆུང་དུས་ནས་བཟུང་རྒྱ་སྐད་ཀྱི་ཁོར་ཡུག་མེད་པ་དང་ཚད་ལྡན་གྱི་བྱིས་སྙོར་སློབ་གྲྭ་མེད་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རྒྱ་ཡིག་གི་རྨང་གཞི་ཧ་ཅང་ཞན་པས། དགེ་སློབ་བར་གྱི་བསམ་བློ་བརྗེ་རེས་ཐད་ལ་གེགས་རྐྱེན་ཐེབས་ཏེ་སློབ་སྐབས་གཅིག་གམ་གཉིས་འགོར་རྗེས་འཛིན་གྲྭ་ཡོངས་ཀྱི་སློབ་མའི་བརྒྱ་ཆའི་གྱ་ལྔ་རྗེས་ལུས་སློབ་མར་གྱུར་འདུག་ལ།སློབ་གྲྭས་རྒྱའི་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་ལ་ཁག་ཐེག་བྱེད་དཀའ་བའི་གནས་སུ་ལྷུང་ཡོད།སྐད་བརྡ་འདྲེས་མ་སྤྱད་དེ་སློབ་ཁྲིད་བྱས་ན་རྒྱའི་སྐད་ཡིག་གི་རྒྱུགས་འབྲས་སྔོན་མའི་དཔེ་དང་བསྡུར་ན་ཅུང་ཙམ་མཐོར་འདེགས་སུ་གཏོང་ཐུབ་མོད། སློབ་མས་སློབ་ཆུང་གི་མི་ལོ་དྲུག་རིང་ལ་རྒྱ་ཡིག་རྒྱ་སྐད་ལ་སློབ་གཉེར་བྱས་ཀྱང་སློབ་ཆུང་མཐར་ཕྱིན་རྗེས་ད་དུང་རྒྱ་སྐད་ཀྱིས་དགེ་རྒན་དང་སློབ་གྲོགས་ཕན་ཚུན་ལ་སྤྱིར་བཏང་གི་ཁ་བརྡ་ཙམ་ཡང་བྱེད་མི་ཐུབ།ང་ཚོས་རྒྱ་ཡིག་ལ་སློབ་སྦྱོང་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པས་ཚད་ལྡན་གྱི་རྒྱ་སྐད་བཤད་ཤེས་པ་དང་རྒྱ་ཡིག་འབྲི་ཀློག་ཤེས་རྒྱུ་དེ་ཡིན།དེར་བརྟེན།སྐད་བརྡ་འདྲེས་མས་སློབ་ཁྲིད་བྱེད་ཐབས་འདི་གྲངས་ཉུང་མི་རིགས་བྱིས་པའི་རྒྱ་ཡིག་སྦྱོང་བའི་དམིགས་ཡུལ་དང་མི་འཚམ།གྲངས་ཉུང་མི་རིགས་ཀྱི་དགེ་རྒན་དེས་ཚད་ལྡན་གྱི་རྒྱ་སྐད་སྨྲ་ཤེས་པ་དང་།སློབ་ཁྲིད་ཀྱི་སྐབས་སུ་རྒྱ་སྐད་གཙོ་བོ་དང་བོད་སྐད་ཀྱིས་རམ་འདེགས་བྱེད་པའི་སློབ་ཁྲིད་བྱེད་ཐབས་འདི་བདག་གིས་བསམ་ན་ང་ཚོའི་རྫོང་གི་མི་རིགས་སློབ་གྲྭ་ཆུང་འབྲིང་ལ་ཆེས་ཕན་པའི་སློབ་ཁྲིད་སྐད་བརྡ་རེད་སྙམ།ང་ཚོས་བྱེད་ཐབས་འདི་སྤྱད་དེ་སློབ་ཁྲིད་བྱས་ན་དགེ་སློབ་གཉིས་ཀར་འཚམ་པར་མ་ཟད། རྒྱའི་སྐད་ཡིག་གི་སློབ་གསོ་སྤུས་ཚད་ཐད་ལའང་ནུས་པ་ཆེན་པོ་ཐོན་ངེས།

གཉིས། རྒྱའི་སྐད་ཡིག་གི་སློབ་ཁྲིད་ཆོས་ཉིད་གཞིར་བཟུང་སྟེ་རྒྱ་སྐད་ལ་ཧུར་བརྩོན་བྱེད་པ།
 
          རྫོང་ཡོངས་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་ཚང་མས་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའི་མཚུངས་སུ་རྒྱའི་སྐད་ཡིག་གི་སློབ་ཁྲིད་བྱེད་ཐབས་ལ་ཡང་འབད་བརྩོན་བྱ་དགོས་ཏེ།དེ་ནི་རང་སའི་སློབ་མར་ཕན་ནུས་ལྡན་པའི་རྒྱ་ཡིག་གི་སློབ་ཁྲིད་བྱེད་ཐབས་གསར་བ་ཞིག་འཚོལ་ཞིབ་བྱ་དགོས་པར་མ་ཟད་ཞིབ་འཇུག་གཏིང་ཟབ་བྱ་དགོས་ཟེར་བ་དེ་ཡིན།དཔེར་ན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་ཤོས་ཤིག་གིས་དབྱིན་ཡིག་དེ་སྐད་རིགས་གཉིས་པའི་སློབ་ཁྲིད་ཅིག་གི་ཚུལ་དུ་བཞག་ནས་ཞིབ་འཇུག་གཏིང་ཟབ་སྒོས་སྣ་འཛོམས་ཀྱི་སློབ་ཁྲིད་བྱེད་ཐབས་དང་།སློབ་མར་འཚམ་ཞིང་གོ་རིམ་ཚང་བའི་ཁྲིད་གཞི་སོགས་སློབ་ཁྲིད་ཀྱི་ཡོ་ཆས་ཚད་དང་ལྡན་པ་གསར་སྤེལ་བྱས་ཡོད། དེས་དབྱིན་སྐད་སྤྱི་སྐད་མིན་པའི་རྒྱལ་ཁབ་དེ་དག་གིས་དབྱིན་ཡིག་སློབ་པར་རམ་འདེགས་ཀྱི་ནུས་པ་བླ་ལྷག་ཏུ་ཐོན་ཡོད་པ་ལྟ་བུ་རེད།དེ་བས་བདག་གི་བསམ་པར་རང་རྫོང་གི་མི་རིགས་སློབ་མའི་རྒྱའི་སྐད་ཡིག་གི་སློབ་ཁྲིད་ཐད་ནས་ཀྱང་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་གྱི་ཉམས་མྱོང་སྡུད་ལེན་བྱས་ཏེ། རྒྱའི་སྐད་ཡིག་དེ་སྐད་རིགས་གཉིས་པར་བཞག་ནས་འབད་བརྩོན་བྱས་ན་ད་གཟོད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ངེས་རེད།མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་རྨ་ལྷོ་ཁུལ་གྲངས་ཉུང་མི་རིགས་ཀྱི་རྒྱའི་སྐད་ཡིག་གི་ཆུ་ཚད་ལ་གཞིགས་ཏེ་མི་རིགས་སློབ་གསོའི་ཐད་ནས་བཅོས་བསྒྱུར་བྱེད་པའི་ཚོད་ལྟའི་ཇུས་གཞི་སྣ་ཚོགས་དགེ་མཚན་ལྡན་པའི་སྒོ་ནས་འདོན་སྤེལ་བྱས་ཤིང་།དེ་ནི་སྐད་རིགས་གཉིས་པའི་སློབ་ཁྲིད་གཞུང་ལུགས་ཀྱི་མཛུབ་སྟོན་འོག་རྨ་ལྷོ་ས་ཆའི་གྲངས་ཉུང་མི་རིགས་ཀྱིས་རྒྱ་ཡིག་སློབ་པའི་ཁྱད་ཆོས་དང་འབྲེལ་ཏེ་རྒྱའི་སྐད་ཡིག་ལ་སློབ་གཉེར་ཡང་དག་ཅིག་བྱ་དགོས་པའི་རེ་བ་བཏོན་པ་རེད།ལྷག་དོན་རྒྱ་ཡིག་ལ་འཇུག་པའི་སྒོ་དང་ཁ་སྐད་སྦྱོང་བའི་བསླབ་ཚན་གཉིས་ཀྱིས་རང་རྫོང་གི་རྒྱའི་སྐད་ཡིག་གི་སློབ་གསོའི་སྤུས་ཚད་མཐོར་འདེགས་ཐད་ལ་སྔར་ལས་ལྷག་པའི་ནུས་པ་ཐོན་ཡོད། ཡིད་ཕངས་པ་ཞིག་ལ་རང་རྫོང་གི་སློབ་གྲྭ་ཁ་ཤས་སུ་མགོ་ཁྲིད་དང་སློབ་གསོའི་བྱ་བ་སྒྲུབ་མཁན་འགས་ཚོད་ལྟ་འདིའི་ལེགས་པའི་ཆ་མ་རྟོགས་པར་མ་ཟད། ཐ་ན་འགན་འཁུར་པ་ཁ་ཤས་ཀྱིས་ཚོད་ལྟ་འདི་ལག་བསྟར་བྱས་ན་བོད་རིགས་སློབ་མའི་རྒྱ་ཡིག་གི་ཆུ་ཚད་ལ་གནོད་པར་སེམས་ཡོད།དེ་ལས་རང་རྫོང་གི་སློབ་གསོའི་བྱ་བ་གཉེར་མཁན་ཁ་ཤས་ཀྱིས་ད་དུང་སྐད་རིགས་གཉིས་པའི་སློབ་ཁྲིད་ཀྱི་ཆོས་ཉིད་དང་ཉེར་སྤྱོད་རང་བཞིན་གཏིང་ཟབ་སྒོས་རྟོགས་མེད་པ་མཐོང་ཐུབ། དེ་བས། རྫོང་སློབ་གསོ་ཅུས་ཀྱིས་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བྱིས་པས་སྐད་རིགས་གཉིས་པ་སློབ་སྦྱོང་བྱེད་པའི་ཆོས་ཉིད་དང་དགོས་གལ་རང་བཞིན་དྲིལ་བསྒྲགས་བྱེད་པར་སྔར་ལས་མཐོང་ཆེན་དང་། བཀོལ་སྤྱོད་རང་བཞིན་ལྡན་པའི་སྲིད་ཇུས་རབས་དང་རིམ་པ་འཛུགས་དགོས་སྙམ།།
 
རྩོམ་པ་པོ་ནི་ཧི་ནན་རྫོང་གསེར་ལུང་ཤང་སློབ་ཆུང་གི་དགེ་རྒན་ཡིན།
སྤྱི་ལོ2012ལོའི09.07།པར་ངོས16
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།