མདོ་སྨད་རྒན་གྱ་ཡུལ་གྱི་སྲོལ་རྒྱུན་གྱི་བྱིས་པ་གཉོར་སྐྱོང་བྱེད་ཐབས་དང་དེ་ལས་འཕྲོས་པའི་སློབ་གསོ་སྐོར་གླེང་བ།

སློབ་གསོ་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་བཀོད་ཀྱི་ལས་ཀ་ཞིག་ཡིན་ལ། མི་གང་གི་མི་ཚེ་དང་མདུན་ལམ་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱིན་ཡོད་པས། སློབ་གསོ་ཡག་པོ་ཞིག་མྱོང་རྒྱུ་ནི་མི་ཀུན་གྱི་ཆེས་རྩ་བའི་ཐོབ་ཐང་ཞིག་རེད། ཁྱིམ་གྱི་སློབ་གསོ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན། བྱིས་པ་ཆུང་ཆུང་བཙས་མ་ཐག་པའམ་ཡང་ན་དེ་ལས་ཀྱང་སྔ་བ་མའི་མངལ་དུ་ཆགས་པ་ནས་བཟུང་ཕ་མས་རང་གི་བྱ་བ་སྤྱོད་སྟངས་སོགས་ཀྱིས་བྱིས་པ་ལ་ཚད་སྣ་ཚོགས་ཀྱི་བག་ཆགས་འཇོག་པ་དག་ཡིན་པས་སློབ་གསོ་ཀུན་གྱི་ཐོག་མ་ཡིན་ལ། དེས་མིའི་ཀུན་སྤྱོད་དང་གཤིས་ཀ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པས། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་གང་ལའང་མེད་པའི་ཁྱད་ཆོས་དང་རྣམ་པ་གལ་ཆེན་ལྡན་ནོ། །

རང་ཅག་བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་འོག་ཐུན་མོང་མ་ཡིན་པའི་བྱིས་པའི་ཁྱིམ་གྱི་སློབ་གསོའི་རྣམ་པ་གྲུབ་ཡོད་པ་སྟེ། བུད་མེད་ལ་མངལ་ཆགས་པ་ནས་བཟུང་འཛེམ་བྱ་ཧ་ཅང་མང་བ་དང་། བྱིས་པ་བཙས་པ་ནས་བཟུང་གཉོར་སྐྱོང་དང་སྲུང་སྐྱོབ་བྱེད་སྟངས་ཐད་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་རབ་དང་རིམ་པ་ཞིག་ཡོད་པ་དེ་དག་ནི་མཐར་གཏུགས་ན་ང་ཚོ་བོད་ཀྱི་བྱིས་པའི་ཁྱིམ་གྱི་སློབ་གསོ་རེད་ཅེས་བཤད་ཆོག་ཆོག་རེད། གོམས་སྲོལ་དེ་དག་ཕྱི་ཚུལ་ནས་བལྟས་ན་ལ་ལ་ཧ་ཅང་གིས་གནས་ལུགས་དང་མི་མཐུན་ཞིང་། རྨོངས་དད་ཀྱི་བྱ་སྤྱོད་ཅིག་ཏུ་རྩི་མཁན་ཡོད་ནའང་། ང་ཚོས་ཞིབ་ཏུ་དཔྱད་ཅིང་བརྟགས་ན་རྨོངས་དད་ཀྱི་སེང་རས་འོག་ཚན་རིག་གི་རང་བཞིན་མ་ཉམས་པར་མཐོང་ལ། མི་གཤིས་ཀྱིས་རབ་ཏུ་ཕྱུག དེ་ནི་མི་ཞིག་གིས་རང་སྣང་གང་ཤར་གྱིས་གསར་གཏོད་བྱས་པ་མ་ཡིན་པར་རིག་གནས་དང་སྤྱི་ཚོགས་ཁོར་ཡུག་ངེས་ཅན་གྱི་རྨང་གཞི་ལས་བྱུང་བ་ཡིན་ཏེ། རང་ཅག་མེས་པོ་ཚོས་མཐོ་སྒང་གི་རང་བྱུང་ཆ་རྐྱེན་འོག་དཀའ་ཐུབ་ཀྱིས་དུས་ཡུན་རིང་བོར་འཚོ་གཞེས་གནང་བའི་ཉམས་མྱོང་དངོས་ལས་གྲུབ་པ་དང་། དེ་ནས་རྒྱུན་འཛིན་དར་སྤེལ་བྱས་ཏེ་ད་བར་དུ་མ་ཉམས་པར་དམངས་ཁྲོད་དུ་དར་ཁྱབ་ཆེ་ལ། དེས་བོད་ཀྱི་སྤྱི་ཚོགས་སྟེང་རང་སྟེང་གི་དགེ་མཚན་མི་དམན་པ་ཐོན་དང་འཐོན་བཞིན་འདུག་སྟེ། ཚད་མཐོ་བའི་སྒོ་ནས་བོད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། མི་རིགས་ཀྱི་གཤིས་ཀ་ཆགས་པ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས། མ་ལག་ཅུང་ཆ་ཚང་བའི་བོད་ཀྱི་བྱིས་པའི་ཁྱིམ་གྱི་སློབ་གསོ་རུ་བརྩི་ཆོག་ཆོག་རེད། འདིར་མདོ་སྨད་རྒན་གྱའི་ཡུལ་གྱི་རྣམ་པ་ཅུང་ཕུན་སུམ་ཚོགས་པ་དང་། བརྒྱུད་རིམ་ཞིབ་ཅིང་ཕྲ་བའི་བྱིས་པ་གཉོར་སྐྱོང་བྱེད་སྲོལ་མཚམས་སྦྱོར་བྱས་ནས་དེ་ལས་འཕྲོས་པའི་སློབ་གསོའི་རྣམ་པ་ཚང་མར་དཔྱད་གཞིར་བཀོད་པ་ཡིན།

དང་པོ། སྦྲུམ་གྱི་དུས། མངལ་གྱི་སློབ་གསོ་ཞེས་པ་ནི། རང་ཅག་བོད་ལ་མཚོན་ན་མིང་ཚིག་གསར་བ་ཞིག་རེད་ལ། ལྷག་པར་དམངས་ཁྲོད་དུ་མཚོན་ན་དགོད་བྲོ་བ་ཞིག་ཡིན་ལས་ཆེ། ང་ཚོར་གནའ་སྔ་མོ་ཕར་ཞོག ད་ལྟའང་མ་ལག་ཆ་ཚང་བའི་མངལ་གྱི་སློབ་གསོའི་རིག་པའི་གཞུང་ལུགས་ཤིག་མེད། ཡིན་ཡང་། དེས་ང་ཚོས་མངལ་གྱི་སློབ་གསོ་མི་བྱེད་པ་མ་མཚོན་པར། དེ་ལས་ལྡོག་སྟེ་དམངས་ཁྲོད་དུ་ཕ་མེས་ཡང་མེས་ཀྱི་རིང་ནས་རྒྱུན་འཛིན་དར་སྤེལ་བྱས་ཏེ་ད་དུང་ཡང་ལག་བསྟར་བྱེད་བཞིན་པའི་སྦྲུམ་མར་བླ་ལྷག་གིས་སྲུང་སྐྱོབ་དང་སྦྲུམ་མའི་ཟ་ལུགས་འདུག་སྲོལ་སོགས་ལ་མཉམ་འཇོག་བྱེད་དགོས་ཚུལ་སྣ་ཚོགས་ཤིག་ཡོད་པ་ནི་ང་ཚོ་བོད་ཀྱི་མངལ་གྱི་སློབ་གསོ་ཡིན་ཏེ། དེ་དག་ཚང་མ་ནི་མ་བུ་གཉིས་ཀྱི་བདེ་ཐང་དང་ལྷག་པར་དུ་བྱིས་པ་བློ་རིག་འཛོམས་ཤིང་བསོད་ནམས་ཆེ་བ་དང་། དབང་བོ་དྭངས་ཤིང་ཁ་ངོ་གཙང་མ་ཞིག་སྐྱེས་ནས་བདེ་ཐང་ངང་སློབ་གསོ་མྱོང་བའི་ཆེད་དུ་ཡིན་པ་རེད། གཅིག བཟའ་བཏུང་གི་སྐོར། བཟའ་བཏུང་ནི་ཚེ་སྲོག་གི་རྟེན་གཞི་དང་འཚོ་བཅུད་ཀྱི་འབྱུང་ཁུངས་ཡིན། བྱིས་པའི་(མངལ་གྱི)འཚོ་བཅུད་ནི་མའི་ལུས་པོ་བརྒྱུད་ནས་བསྡུ་ལེན་བྱེད་པ་ཡིན་པས། སྦྲུམ་མའི་འཚོ་བཅུད་ནི་བྱིས་པའི་འཚོ་བཅུད་རེད། དེ་བས་སྦྲུམ་མའི་འཚོ་བཅུད་ནི་ཧ་ཅང་གིས་གལ་ཆེ་བར་འདུག རྒན་གྱ་ས་ཆ་རུ་སྦྲུམ་མ་ལ་ཆེད་དུ་གཡོ་སྦྱོར་བྱེད་པའི་ཁ་ཟས་ཡོད་དེ། བག་ལེབ་སྲབ་མོ་བསྲེགས་ཏེ་འོ་མའི་ནང་དུ་བསྐོལ་བ་དང་། ཚྭ་དང་ཅ་སྒ། གཡེར་མ་སོགས་བྲོ་རྫས་ཚད་རན་བསྣན་ནས་དྲོན་པོར་འཐུང་ན་ལུས་པོ་ཡོངས་ལ་དྲོད་སྦྱིན་པ་དང་རྔུལ་ཆུ་འཛུམ་ལ། ཁོག་པའི་ནང་གི་ནད་གཞི་སོགས་ཕྱིར་འབྱིན་པའི་ཕན་ནུས་ཡོད་པར་བཤད། ཁ་ཟས་དེའི་མིང་ལ"བསྲེགས་ཐང"ཟེར། དེའི་མི་ཚད་དུས་རྒྱུན་གྱི་ཟས་རིགས་སྐམ་ལུག་ཤ་དང་མར་ཕྱུར་བ། ཞོ་འོ་མ་སོགས་དྲོད་ཚད་མཐོ་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པས་མིའི་ལུས་པོར་ཧ་ཅང་ཕན། སྦྲུམ་མིའི་བཟའ་བཏུང་ལ་གང་འདོད་དུ་མི་བཟའ་བར་འཛེམ་བྱ་ཡང་འགའ་རེ་ཡོད་དེ། སྤྱིར་བཏང་དུ་གྲང་བའི་རིགས་དང་རློན་པའི་རིགས་མི་བཟའ་བ་དང་། རི་སྤྱང་སོགས་ཀྱིས་བསད་པའི་ཤ་མི་ཟ་བ། ས་ཐག་རིང་དང་མགྲོན་པོས་ཁྱེར་འོང་བའི་ཟས་མི་བཟའ་ལ། དམིགས་བསལ་གྱིས་མེ་མགོར་གཡུགས་པའམ་ཤུག་བདུག་བྱས་རྗེས་བཟའ་སྲོལ་ཡང་ཡོད། དེ་དག་ནི་རྐྱེན་ངན་པར་གྱུར་ནས་བྱིས་པའི་མཚན་འགྱུར་བའམ་སྐྱེས་ཚད་མ་རན་གོང་ལ་སྐྱེ་བའི་ཉེན་དོགས་ཡོད་པ་དང་ཐ་ན་མ་བུའི་སྲོག་ལའང་ཉེན་ཁ་འབྱུང་ངེས་པར་སྙམ། འདི་ལས་ང་ཚོས་ཚོར་ཐུབ་པ་ནི་གཟབ་ནན་སྒོས་མངལ་བུའི་འཚོ་བཅུད་ལ་དོ་སྣང་བྱེད་པ་སྟེ། འཚོ་བཅུད་ནི་ཚེ་སྲོག་གི་སྒུལ་ཤུགས་ཡིན་ལ། མ་བུའི་ཆེས་ཐོག་མའི་བརྩེ་དུང་གི་འབྲེལ་ཐག་གམ་འབྲེལ་ཟམ་ཡིན་པས། མ་འོངས་པར་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་སློབ་གསོ་ཡག་པོ་མྱོང་ཐུབ་པའི་རྨང་གཞི་རེད།
 
 གཉིས། སྤྱོད་ལམ་གྱི་སྐོར། བོད་ཀྱི་བུད་མེད་གང་དེར་མངལ་ཆགས་རྗེས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལ་ཉམས་འཇོག་བྱེད་པ་སྟེ། དུས་རྒྱུན་ཁྱིམ་ལས་ཙག་ཙིག་བྱེད་པ་ལས་རི་མགོར་རྫི་རུ་མི་འགྲོ་བ་དང་། ཁུར་རྒྱུ་འདེགས་རྒྱུ་སོགས་ཕུང་བོར་གནོད་པའི་ལས་ཀ་ལྕི་མོ་མི་བྱེད་པ་རེད། ཡིན་ཡང་། འགུལ་སྐྱོད་ནི་བྱ་དངོས་ཀྱི་ཆོས་ཉིད་ཡིན་པ་བཞིན་མངལ་ཆགས་རྗེས་སྒྱིད་ལུག་གི་དབང་དུ་མི་འགྲོ་བར་སྒར་དང་དགོན་སྡེ་དང་། ལྷ་ཁང་འདུ་ཁང་ལ་སྐོར་བ་བརྒྱག་པ་ནི་ལུས་ཀྱི་སྤྱོད་པ་དང་། ཡིད་དང་ངག་གི་སྒོ་ནས་འུར་སྒྲ་ཆེན་པོ་དང་ཀུ་ཅོ་མི་བྱེད་པ་དང་། ཚིག་ངན་མི་སྨྲ་བ། ཁ་རྩོད་དང་ཞེ་སྡང་མི་ལང་བ། དུས་རྒྱུན་དུ་མ་ཎི་སྒྲོལ་མ་སོགས་ཁ་འདོན་མང་བོ་བྱེད། དེང་སང་སྨན་དཔྱད་སྟེང་ནས་ཀྱང་སྦྲུམ་མས་ཚད་རན་པའི་སྒོ་ནས་ལུས་པོ་འགུལ་སྐྱོད་བྱེད་པ་དང་འཆམ་འཆམ་བྱེད་པ། སེམས་པ་རྣལ་ལ་ཕབ་རྒྱུ་བཅས་ལ་མཐོང་ཆེན་རྒྱ་ཆེར་བྱེད་བཞིན་འདུག དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ལས་ཀ་ནི་སུན་སྣང་ཆེ་བ་ཞིག་ཡིན་པས་ན། ལྷ་ཁང་འདུ་ཁང་ལ་སྐོར་བ་བྱས་ནས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་པ་དང་ལྷག་པར་དུ་མངལ་གྱི་བྱིས་པ་བདེ་ཞིང་འཚམས་པར་ཡོང་བའི་སྨོན་ལམ་བརྒྱབ་ན་འཚོ་བའི་ཁྲོད་ཀྱི་ཉག་ཉོག་དཀའ་སྡུག་སོགས་བརྗེད་འགྲོ་བ་དང་། ལུས་སེམས་རྣལ་ལ་འབབ་ཐུབ་ལ། སྒྲོལ་མ་སོགས་ཁ་འདོན་ཡང་དང་བསྐྱར་དུ་བྱེད་པ་དེས་མངལ་བུ་ལ་བག་ཆགས་འཇོག་གི་ཡོད་སྲིད་དེ། བོད་ཀྱི་བྱིས་པ་ཆུང་ཆུང་གིས་ཀྱང་མ་ནི་ཡིག་དྲུག་སློབ་མི་དགོས་པར་འདོན་ཤེས་པ་དང་། བོད་ཀྱི་བླ་མ་དང་གྲྭ་བས་གཞུང་བཀའ་པོད་ལྔ་སོགས་བློ་ངོར་ཤར་མར་འཛིན་ཐུབ་པ་གང་མང་ཡོད་པ་དེ་ནི་བོད་ཀྱི་ཨ་མ་དག་གི་བྱ་སྤྱོད་འདི་དང་འབྲེལ་བ་གཏན་ནས་མེད་པར་ཁ་ཚོན་གཅོད་དཀའ་བར་འདུགའདིར་ད་དུང་འཛེམ་བྱ་འགའ་ཞིག་ཡོད་དེ། མངལ་ཡོད་པའི་བུད་མེད་མི་ཚོགས་ཆེ་ས་དང་ལྟད་མོ་སོགས་ལ་མི་འགྲོ་བ་དང་། རང་ཁྱིམ་ལ་ཐག་རིང་མགྲོན་པོ་ཐོན་ཚེ་སྔོན་ལ་མི་འབུད་པ་རེད། ཁ་དཔེ་ལ་"མི་གཙང་ཡང་ལམ་མི་གཙང་"ཞེས་མི་གང་དེ་ས་དང་ལམ་སྣ་ཚོགས་བརྒྱུད་ནས་འོང་བས་གདོན་འདྲེ་སོགས་ཀྱི་གྲིབ་མས་མངལ་གྱི་བྱིས་པ་ལ་གནོད་འཚེ་གཏོང་བར་དོགས་པ་ལས། མི་དེར་ཐེ་ཚོམ་ཟ་བ་དང་བརྩི་བཀུར་མ་བྱས་པ་ཞིག་གཏན་ནས་མ་རེད། རང་གི་བཟའ་མིའམ་ཤ་ཉེ་གང་ཡིན་ཡང་ཐག་རིང་ལ་སོང་ནས་ལོག་ན་དེ་འདྲ་ཡིན། དེ་བས་སྦྲུམ་མ་ཡོད་པའི་ཁྱིམ་ཚང་དུ་མགྲོན་པོ་སོགས་གང་བྱུང་དུ་མི་འགྲོ་བ་དང་། ཁྱིམ་དེ་ཡིས་ཀྱང་ཁྱིམ་སྒོར་མེ་ཕུང་གི་ཐོ་བཞག་སྟེ། མགྲོན་པོ་དང་ཐག་རིང་ནས་ལོག་པའི་མི་རྣམས་མེ་ཐོ་སྟེང་བགོམས་ནས་ཡོང་ན་ད་གཟོད་གདོན་བགེགས་སོགས་ཀྱི་འཇིགས་སྐུལ་མེད་པར་འདོད། ང་ཚོས་ཞིབ་ཏུ་བརྟགས་ཚེ། མི་ཚོགས་ཆེ་ས་རུ་འུར་སྒྲ་དང་འཚང་ཁ་ཆེ་ལ། དོན་དག་སྣ་ཚོགས་འབྱུང་ངེས་པས། དབང་བོའི་སྟོབས་ཆུང་ཞིང་ཚོར་བ་རྣོ་བའི་མངལ་བུ་ལ་མཚོན་ན་ཅུང་བཟོད་དཀའ་བ་ཞིག་ཡིན་སྲིད་པས། ཆོས་ལུགས་ཀྱི་ཕྱི་རིམ་འོག་བོད་མི་ཚོའི་བུ་ཕྲུག་གཉོར་སྐྱོང་གི་ཕྲ་ཞིང་ཞིབ་པའི་ལྟ་ཚུལ་དེ་མཐོང་ཐུབ།
 
 གསུམ། བྱིས་པ་བཙའ་བའི་སྐོར། དམངས་ཁྲོད་དུ་ལོ་ན་བཞི་བཅུ་ལོན་མ་ལོན་ཡན་གྱི་བུད་མེད་དར་མ་ཕལ་ཆེར་གྱིས་བྱིས་པ་བཙའ་དུས་སྐྱེ་ལེན་བྱེད་ཐུབ་ལ། ཐ་ན་རང་གིས་རང་ལ་སྐྱེ་ལེན་བྱེད་ཐུབ་མཁན་གང་མང་ཡོད་པས། བྱིས་པ་བཙའ་དུས་སྨན་པ་མེད་ཀྱང་རུང་ལ། བཟི་སྨན་སོགས་རྫས་འགྱུར་གྱི་སྨན་རིགས་གང་ཡང་བཀོལ་སྤྱོད་བྱེད་ཀྱི་མེད་པར་རང་ཁྱིམ་གྱི་ཚེ་སྲོག་གསར་བ་བསུ་མ་བྱེད་པ་རེད། བྱིས་པ་བཙའ་དུས་ད་དུང་སྣང་མེད་བྱེད་མི་རུང་བ་ཞིག་ནི་སྦྲུམ་མའི་འདུག་སྟངས་སྟེ། ནུབ་ཕྱོགས་སྔོན་ཐོན་རྒྱལ་ཁབ་ཀྱི་ཆེད་མཁས་པ་མང་བོས་ཁས་ལེན་བྱེད་པའི་ཡང་དག་པ་དང་། བྱིས་པ་སྐྱེ་བདེ་བ་དང་མ་བུ་གཉིས་ཀྱི་སྡུག་བསྔལ་བལྟོས་འཇོག་གིས་ཆུང་བར་བཟོ་བའི་འདུག་སྟངས་ནི་གོག་འདུག་དང་ཙོག་འདུག་སོགས་ཡིན་པ་དང་། གན་རྐྱལ་དུ་ཉལ་བའི་སྐྱེ་སྟངས་དེ་ནི་སྨན་ཁང་ནང་གི་སྐྱེ་ལེན་སྨན་པ་རང་ལ་སྟབས་བདེ་བ་ཙམ་ལས་དེ་འདྲའི་ཡག་པོ་ཞིག་མིན་པར་འདུག དེ་བས་ང་ཚོའི་བོད་ཀྱི་བུད་མེད་ཚོས་བྱིས་པ་བཙའ་དུས་ཕལ་ཆེར་གོག་འདུག་བྱེད་པ་ཡིན་པས་ཚན་རིག་དང་ཡོངས་སུ་མཐུན། བྱིས་པ་བཙའ་དུས་འཛེམ་པར་བྱ་རྒྱུ་འགའ་ཞིག་ཡོད་པ་ནི། ཁང་བའི་ཚ་ཐབ་བམ་ཡར་རྒྱུད་ནས་བཙའ་མི་རུང་བར་གོ་ཁ་སོགས་ནས་བཙའ་དགོས། དེ་ནི་ཕལ་ཆེར་བོད་ཁྱིམ་གྱི་ཡར་རྒྱུད་དུ་མཆོད་བཤམས་ཡོད་པའི་རྐྱེན་གྱིས་ཡིན་སྲིད། ད་དུང་བྱིས་པ་སྐྱེས་རྗེས་བུ་རོགས་གང་སར་མི་འཕེན་པར་རང་ཁྱིམ་གྱི་ནོར་ལྷས་སོགས་ནས་ས་གྲུ་མོ་གང་ཙམ་བརྐོས་ནས་འོག་ཏུ་འཇུག་པ་རེད། དེ་ལྟར་མ་བྱས་ཚེ་བྱིས་པས་ནུ་ཞོ་འཐུང་མ་ཐག་ཕྱིར་བསྐྱུགས་ཏེ་ཁོག་ལ་ཟས་མི་འགྲོ་བའི་བཤད་སྲོལ་ཡོད། བཤད་ཚུལ་འདི་རྣམས་ཐོས་མ་ཐག་བདེན་པར་མཐོང་དཀའ་ཡང་། ཡོད་ཚད་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འདང་བརྒྱབ་པ་རེད། ཡར་དཀོན་མཆོག་ལ་མཆོད་བཤམས་དང་བཀུར་བསྟི་བྱེད་པ་ནི་བོད་མི་རིགས་ཀྱི་དད་མོས་ཡིན་པས། བྱིས་པ་བཙའ་དུས་ཀྱང་ཁང་བའི་མཐོ་ས་ཚ་ཐབ་དང་ཡར་རྒྱུད་མཆོད་ཁང་དང་ཉེ་ས་ནས་མི་བཙའ་བར་གོ་ཁ་ནས་སྐྱེ་བ་ནི་འཇིག་རྟེན་དུ་ཐོག་མར་སླེབས་པའི་ཕྲུ་གུ་ལའང་ཆོས་དད་ཀྱི་བག་ཆགས་བཞག་པ་རེད། བུ་རོགས་གང་བྱུང་དུ་མི་གཡུགས་པ་དེས་ཀྱང་བོད་མི་རིགས་ཀྱི་བག་ཡོད་དང་རང་བྱུང་ལ་བརྩི་འཇོག་བྱེད་པའི་བསམ་བློ་མཚོན་ཏེ། བུ་རོགས་ནི་ཟླ་བཅུ་ཙམ་ལ་བྱིས་པ་དང་མཉམ་དུ་གནས་ཤིང་མཉམ་དུ་ཐོན་པས། རྒན་གྱའི་ཁ་སྐད་དུ་"རོགས་པ་"ཞེས་བྱིས་པའི་གྲོགས་ལ་བརྩི་བཞིན་ཡོད་ལ། གང་བྱུང་དུ་མི་འཕེན་པར་ནོར་ལྷས་སོགས་ས་ཡག་ས་རུ་སྦས་ནས་ཕྱིར་རང་བྱུང་ཁམས་སུ་ལོག་པར་བྱེད་པ་རེད། འདི་ལས་བོད་མི་རིགས་ཀྱི་བརྩེ་དུང་ཕུན་སུམ་ཚོགས་པ་དང་བྱིས་པའི་མཛའ་བརྩེ་ལ་བརྩི་འཇོག་བྱས་པའི་སྣང་ཚུལ་མཚར་བོ་མཐོང་ཐུབ། གཉིས་པ། ཕྲུ་གུའི་དུས། རྒན་གྱ་ས་ཆར་བྱིས་པ་སྐྱེས་པ་ནས་བཟུང་ལོ་གསུམ་ལོན་པའི་བར་ཆོ་གའམ་ལུགས་སྲོལ་ཆེ་མ་ཆུང་གསུམ་རབ་དང་རིམ་པ་ཞིག་ཡོད་ལ། དེ་དག་ནི་བྱིས་པའི་མི་ཚེའི་ཆེས་ཐོག་མའི་མྱོང་བ་དག་ཡིན་ལ། རང་བཞིན་གྱིས་བྱིས་པ་གཉོར་སྐྱོང་གི་ཅུང་ཆ་ཚང་བའི་མ་ལག་ཅིག་གྲུབ་འདུག་པ་སྟེ། བྱིས་པའི་ཁ་ཟས་དང་། ལྭ་བ། དབང་བོར་སྲུང་སྐྱོབ། སྐད་ཆ་སྦྱོང་བརྡར་སོགས་ཆེས་རྩ་བའམ་གལ་ཆེ་བའི་གཉོར་སྐྱོང་གི་ཐབས་ལམ་དག་ཡིན་པས། མ་ལག་འདི་ཡང་སྟེས་དབང་ཞིག་མ་ཡིན་པར་བསམ་བློ་དང་ཞིབ་འཇུག་ཡོད་པའི་སྒོ་ནས་གྲུབ་པ་ཞིག་ཡིན་ལས་ཆེ། གཤམ་དུ་རེ་རེ་བཞིན་གླེང་བར་བྱའོ། །
 
གཅིག སྐྱེ་བསང་གཏོང་བ། གལ་སྲིད་བུ་ཞིག་སྐྱེས་ཚེ། མྱུར་དུ་བསང་བཏང་ནས་དུང་འབུད་པ་དང་། བུ་མོ་ཞིག་ཡིན་ཚེ་དེ་ལྟར་མི་བྱེད་པ་རེད། མི་རིགས་གཞན་གྱིས་བལྟས་ན་འདི་ནི་མངོན་སུམ་གྱི་ཕོ་མཆོག་མོ་དམན་གྱི་སྣང་ཚུལ་ཞིག་ཡིན་མོད་ཀྱང་། དོན་དམ་པར་གནའ་སྔ་མོར་བོད་ཀྱི་སྤྱི་ཚོགས་ནང་ཕོ་ནི་དུས་རྒྱུན་ཕྱི་ལ་སོང་ནས་རི་དྭགས་རྔོན་པ་དང་། ཡང་ན་ཕྱིའི་དགྲ་སོགས་འདུལ་བའི་དྲག་པོའི་ལས་ལ་ཞུགས་དགོས་པས་ནམ་ཡང་ཚེ་སྲོག་ལ་ཉེན་ཁ་ཅུང་ཆེ་བ་དང་། མོ་ནི་ཕལ་ཆེར་ཁྱིམ་ལས་དང་བྱིས་པ་གཉོར་སྐྱོང་བྱེད་རྒྱུ་ལས་སྲོག་ཉེན་ཆེ་བའི་ལས་ལ་ཞུགས་མི་དགོས་པ་རེད། དེ་བས་སྐྱེས་པ་ཕོ་རྣམས་ཀྱིས་དུས་རྒྱུན་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱས་ནས་སྐྱབས་བཅོལ་བའི་སྲོལ་དེ་མ་བཅོས་རྒྱུན་འབྱམས་སུ་སོང་སྟེ། སྐྱེས་མ་ཐག་པའི་བུ་ཆུང་ཡང་སྐྱེས་ལྷ་གཞི་བདག་གིས་སྲུང་ཞིང་མ་འོངས་པར་ལས་རླུང་འཕེལ་བའི་ཆེད་བསང་གཏོང་བ་དེའོ། །
 
གཉིས། བང་ལྭ་གོན་པ། ལྟོ་རྒྱབ་ནི་མགོ་ནག་མི་ཡི་མེད་དུ་མི་རུང་བ་དང་ཆེས་རྩ་བའི་འཚོ་བའི་རྒྱུ་ཆས་ཡིན་པས། བྱིས་པ་འཇིག་རྟེན་དུ་ཐོན་མ་ཐག་ནས་ཕ་མས་གྲ་སྒྲིག་བྱས་ཡོད་པ་སྟེ། རེག་བྱ་ཆེས་འཇམ་པའི་ཚར་པགས་སོགས་ཀྱི་ཉལ་ཐུལ་གྱིས་བཏུམ་པ་དང་། རས་འཇམ་པོས་ཁུག་མ་བཟོས་ཏེ་ནང་དུ་ཐལ་བ་བླུགས་ནས་ཆུ་གདན་བྱེད་པ་དང་། ཐལ་བ་ཉིན་རེ་བཞིན་བརྗེ་དགོས་པ་རེད། རྒན་གྱ་ནས་དེ་ལས་ཀྱང་ཆེས་དོ་སྣང་བྱེད་པ་ནི། ཚེ་སྲོག་གསར་བ་དེ་འཇིག་རྟེན་དུ་བསླེབས་རྗེས་ངེས་པར་དུ་ལྭ་བ་གོང་མེད་ཅིག་གྱོན་དགོས་པ་རེད། རྒན་གྱའི་ཁ་དཔེ་ལའང་"གོས་གོང་ཅན་བརྒྱ་གོན་གོང་མེད་གཅིག་གོན་"ཞེས་གོང་བ་མེད་པའི་བང་ལྭ་དེ་ངེས་པར་དུ་གོན་དགོས་པ་ཞིག་རེད། གོས་གོང་མེད་དེ་ཡང་རང་འདོད་དུ་བསྐོན་པ་ཞིག་མ་ཡིན་པར་དགེ་བཤེས་སོགས་འབྱུང་རྩིས་ལ་མཁས་ཤིང་རྟོགས་པའི་ཡོན་ཏན་ཅན་གྱི་གམ་ནས་རྩིས་ལུང་ལ་བལྟས་ཏེ་བྱིས་པ་རང་གི་འབྱུང་གཞི་དང་མཐུན་པའི་ཁ་དོག་གིས་སྟོད་གོས་གོང་མེད་ཅིག་བཟོས་ནས་གོན་པ་རེད། དེའི་མིང་ལ་"བང་ལྭ"ཟེར། བང་ལྭ་དེ་བྱིས་པ་ཟླ་འགའ་ལོན་པའི་བར་གྱོན་པ་རེད། བྱིས་པ་སྐྱེས་མ་ཐག་དེ་འདྲའི་ལྭ་བ་ཞིག་གྱོན་དགོས་པའི་རྒྱུ་མཚན་ནི་ཕལ་ཆེར་འདི་ལྟ་སྟེ། བྱིས་པ་ཆུང་ཆུང་གི་སྐེ་ཚིགས་ད་དུང་སྲ་ཆགས་མེད་ལ། རང་ལྕོགས་མི་ཐུབ་པ་དང་། བྱིས་པའི་ཤ་ཧ་ཅང་སྙི་བས་གོང་བ་ཅན་གྱི་གོས་གོན་ན་ལུས་ཁམས་ལ་མི་བདེ་བར་མ་ཚད། ད་དུང་སྐེ་ལ་བརྡར་བའི་ཉེན་ཁ་ཡོད། དེང་སང་གི་དུས་འདིར་ཡང་ཕྲུ་གུའི་ལྭ་བ་ཚང་མར་གོང་བ་མེད་པའང་ཕལ་ཆེར་རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས་ཡིན་སྲིད། ད་དུང་བྱིས་པར་རྐང་སྣམ་བསྐོན་པའི་སྲོལ་མེད་པ་དེ་ནི་བྱིས་པ་འཕག་འགུལ་བྱས་ན་སྟབས་བདེ་བ་ལ་གཞིགས་པ་ཡིན་པས། བོད་མི་རིགས་ཀྱི་བྱེད་སྟངས་འདི་དག་ནི་ཚན་རིག་གི་རང་བཞིན་ངེས་ཅན་ཞིག་ལྡན་པ་རེད།
 
 གསུམ། མིང་འདོགས་པ། བྱིས་པར་མིང་འདོགས་རྒྱུའང་གོང་དུ་བཤད་པའི་བང་ལྭ་ཇི་བཞིན་འབྱུང་རྩིས་ལ་བལྟས་ནས་འདོགས་པ་ལས་རང་འདོད་ལྟར་འདོགས་མཁན་ཧ་ཅང་ཉུང་མོད། གཏན་ནས་མེད་པ་ཡང་མ་ཡིན་ཏེ། བྱིས་པ་མངལ་དུ་ཡོད་དུས་ཨ་མས་སྒྲོལ་མ་འབུམ་ཚར་བཏོན་པས་བྱིས་པ་སྐྱེས་རྗེས་མིང་ལ་སྒྲོལ་མ་འབུམ་ཡང་ན་སྒྲོལ་མ་སྐྱབས་ལྟ་བུ་སོགས་འདོགས་པའི་དཔེ་དེ་དང་དེ་འདྲ་ཡོད། མིང་འདོགས་དུས་གོ་རིམ་ཞིག་ཡོད་པ་ནི་མིང་དེ་ཐོག་མར་ཀུན་ལ་མ་བསྒྲགས་པར་〖JP3〗བྱིས་པའི་རྣ་འགྲམ་དུ་སྐད་ཆུང་ངུས་བོས་རྗེས་ད་གཟོད་བསྒྲགས་པ་རེད། དེ་མིན་བྱིས་པར་མིང་དེ་མི་ཐོགས་པར་དུས་རྒྱུན་ངུ་བ་དང་ཐ་ན་ན་ཚ་འབྱུང་བའི་བཤད་ཚུལ་ཡང་ཡོད། འདི་ནི་བྱིས་པའི་སྒྲ་འཛིན་ལ་སྦྱོང་བརྡར་བྱེད་པ་ཞིག་རེད་ཅེས་བཤད་ནའང་མི་འགལ་སྙམ་བྱིས་པའི་རྣ་ལ་ཁོའི་མིང་གིས་བོས་ཏེ་ཁོས་ཐོས་པའམ་ཤེས་པ་ཡིན་ན་མིང་དེ་ཐོགས་པ་དང་མ་ཐོས་ན་མི་ཐོགས་པ་ཡིན་པས། མཐར་གཏུགས་ན་བྱིས་པས་མིང་དེ་རྣ་བས་འཛིན་ཐུབ་ཡོད་མེད་ལ་བརྟག་པ་ཞིག་རེད། འདི་ལས་ཧ་ཅང་ཀྱག་ཀྱོག་གི་སྒོ་ནས་གནའ་མིའི་བསམ་བློ་དེ་མཚོན་འདུགབཞི། སྒོར་ཕུད་པ། བྱིས་པ་སྒོར་ཕུད་པ་ནི་བྱིས་པ་འཇིག་རྟེན་ལ་ཐོན་ནས་ཐོག་མར་སྒོ་ཕྱིར་འབུད་པའི་ཆོ་ག་ཞིག་སྟེ། རྒན་གྱ་ས་ཆ་ནས་སྐྱེས་མ་ཐག་པའི་བྱིས་པ་དུས་ཡུན་ངེས་ཅན་མ་འགོར་བར་སྒོ་ཕྱི་རུ་མི་ཁྱེར་བ་དང་། ཡང་གོང་དུ་བཤད་པ་ཇི་བཞིན་འབྱུང་རྩིས་ཀྱི་ལུང་ལྟར་གཟའ་སྐར་ངེས་ཅན་ལ་ད་གཟོད་སྒོར་ཁྱེར་བ་རེད། སྒོར་ཁྱེར་དུས་ད་དུང་འབྱུང་རྩིས་ཀྱི་ལུང་ལྟར་ཁ་ཕྱོགས་གང་ལ་འཁོར་དགོས་པ་དང་། བྱིས་པའི་ལག་ཏུ་གསེར་དངུལ་སོགས་རིན་པོ་ཆེ་འཛིན་དགོས་པའམ་ཡང་ན་ཕྲེང་བ་འཛིན་དགོས་པ་སོགས་མི་མི་འདྲ་བ་ལ་བརྟེན་དེ་དག་ཀྱང་མི་འདྲ་བ་རེད། ལུགས་སྲོལ་འདི་ནི་མཐར་གཏུགས་ན་གཙོ་བོ་བྱིས་པའི་མིག་དབང་ལ་སྲུང་སྐྱོབ་བྱེད་པ་ཞིག་རེད་ཟེར་ནའང་འགལ་བ་ཅུང་ཙམ་ཡང་མི་འདུག མཐོ་སྒང་གི་ནམ་མཁའ་དྭངས་ཤིང་ཉི་མའི་འོད་ཟེར་ཆེ་བ་དང་། སྐྱེས་མ་ཐག་པའི་བྱིས་པ་ཆུང་ཆུང་གི་དབང་བོ་ཐམས་ཅད་ལ་ད་དུང་སྙོམས་ལག་རྒྱས་མེད་པའི་ཁར་འོད་ཆེ་ས་ལ་ལྟ་རྒྱུ་ནི་བྱིས་པ་ཀུན་གྱི་ཐུན་མོང་གི་རང་གཤིས་ཤིག་ཏུ་གྲུབ་ཡོད་པས། སྒོར་ཁྱེར་ན་ཉི་ཟེར་གྱིས་བྱིས་པའི་མིག་ལ་གཙེས་པར་དོགས་ནས་དེ་སྔོན་འགོག་གི་ཐབས་སུ་སྒོར་མི་ཁྱེར་བ་དེ་རེད། ལྔ། ཤ་སྟེར་བ། བོད་མི་རིགས་ནི་སྤྱིར་སྐམ་ལུག་གི་ཤ་ཟ་རྒྱུར་ཧ་ཅང་དགའ་བོ་ཡོད་ལ། ཤ་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་བཟའ་ཆས་གཙོ་བོ་ཡིན་མོད་ཀྱང་། སྐྱེས་མ་ཐག་པའི་བྱིས་པའི་ཁ་ལ་ཤ་ཡི་རིགས་གཏན་ནས་རེག་མི་སྲིད་པ་རེད། དུས་ཚོད་ངེས་ཅན་འགོར་རྗེས་ད་གཟོད་ཤ་སྟེར་བ་རེད། ཐོག་མར་ཤ་སྟེར་དུས་སྐམ་གྱི་སྙིང་སྟེར་བའི་སྲོལ་ཡོད། དེ་ནི་ཕལ་ཆེར་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་མཐོ་སྒང་གི་འབྲོང་ལྟར་ཚེ་སྟོབས་འབར་ཞིང་སྙིང་སྟོབས་ཆེ་བ་ཞིག་ཏུ་འགྱུར་བའི་སྨོན་འདུན་བཅོལ་བ་རེད། ཤ་མྱུར་དུ་མི་སྟེར་བ་འདི་ནི་ནང་ཆོས་ཀྱི་དགེ་བ་བཅུ་ལས་སྲོག་མི་ལེན་པའི་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་ཏེ། བྱིས་པ་ཆུང་ཆུང་ནས་སྡིག་པའི་རྒྱུ་ལས་བྱུང་བའི་ཤ་ཡི་རིགས་ལ་མི་རེག་པ་དེའོ། །

འདིར་ཚན་རིག་གི་རང་བཞིན་ངེས་ཅན་ལྡན་དེ། ཆུང་ཆུང་ནས་ཤ་ཡི་རིགས་བཟའ་རྒྱུ་མང་དྲགས་ན་ཁོག་པའི་ནང་དུ་འབུ་ཕྲ་སྣ་ཚོགས་འཕེལ་ནས་ནད་ཀྱི་རྒྱུར་འགྱུར་བ་དེང་སང་གི་སྨན་དཔྱད་སྟེང་ནས་ར་སྤྲོད་བྱས་འདུགདྲུག ནོལ་སྐྲ་ལེན་པ། ཆོ་ག་འདི་ནི་སྟོན་མོའི་རྣམ་པ་ཞིག་ཡིན་ལ། གོང་གསལ་དག་ལས་གཞི་རྒྱ་ཆེ་ཞིང་གཟབ་སྤྲས་ལྡན་པ་ཞིག་རེད། རྒན་གྱ་ས་ཆ་ནས་བྱིས་པ་ལོ་གསུམ་(བོད་ཀྱི་བརྩི་སྲོལ་ལྟར་)ལོན་པའི་ལོ་གསར་གྱི་ཚེས་པ་གསུམ་ཉིན་སྤེལ་བ་རེད། ཉིན་དེར་གཙོ་བོ་བྱིས་པའི་ནོལ་སྐྲ་སྟེ་མངལ་ནས་བཟུང་སྐྱེས་པའི་སྐྲ་ལོ་ཐོག་མར་བཞར་སྟེ་རལ་བ་འཇོག་པ་རེད། རལ་བ་ཡང་ཁྱིམ་ཚང་རང་རང་ལ་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་རྣམ་པ་མི་འདྲ་བ་ཡོད་ཀྱང་། ཕལ་ཆེ་བ་ནི་ཕོ་ལ་ཀླད་པའི་ཕྱི་གཙུག་ཏུ་རལ་བ་ཞིག་འཇོག་པ་དང་། མོ་ལ་མགོའི་རྩིབ་ལོག་གཉིས་སུ་རལ་བ་འཇོག་པ་རེད། རལ་བའི་སྣེ་མོ་བལ་གྱིས་མི་འཐོར་བ་བྱེད་པ་དང་དེའི་སྣེ་མོར་འགྲོན་བུ་རེ་འདོགས། བཞར་བའི་སྐྲ་བལ་ཟླུམ་དབྱིབས་སུ་བཅོས་ཏེ་ལྭ་བའི་རྒྱབ་ཏུ་འདོགས་པ་རེད། ཉིན་དེར་ད་དུང་ཁྱིམ་སྒོར་ཐབ་ཀ་ཆུང་ཆུང་ཞིག་ཀྱང་འཛུགས་ལ། སྡེ་མི་ཡོངས་མགྲོན་དུ་བོས་ནས་སྟོན་མོ་གཟབ་རྒྱས་ཤིག་བྱེད་པ་དང་། མགྲོན་པོ་ཚོས་ནོལ་སྟོན་གྱི་ལེགས་སྐྱེས་ལ་དཀར་ཡོལ་ཆུང་ཆུང་ཁ་གཙང་ནང་དུ་ཀ་ར་སིལ་ཏོག་གི་རིགས་སམ་ཡང་ན་ནས་འབྲས་སོགས་འབྲུ་རིགས་བླུགས་ནས་སྟེར་བ་དང་། གོས་སམ་རས་ཡུག་དང་ལྭ་བ་སྟེར་མཁན་ཡང་ཡོད། རང་ཁྱིམ་ཚང་གིས་ཀྱང་མགྲོན་དུ་འོང་བའི་བྱིས་པ་རྣམས་ལ་ཀ་ར་སིལ་ཏོག་གི་སྐལ་བྱིན་ཏེ་དགའ་སྟོན་ཆེན་མོ་བྱེད། འདི་དུས་བྱིས་པ་འགྲོ་ཐུབ་ཅིང་། སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཏུ་གྱུར་ཡོད་པས། དེ་ལ་དགའ་སྟོན་སྤེལ་བ་ཞིག་ཡིན་ངེས་ལ། ལོ་གསུམ་བར་དུ་སྐྲ་མི་བཞར་བ་དེ་ནི་གཅིག་ནས་མཐོ་སྒང་གི་གྲང་ངར་ཆེ་བའི་ནམ་ཟླ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། སྐྲ་ལོ་མཐུག་པོས་བྱིས་པ་རང་གི་མགོ་བོར་དྲོད་སྦྱིན་པའི་ནུས་པ་ཡོད་ལ། ཕྱོགས་གཞན་ཞིག་ནས་བྱིས་པའི་ཡན་ལག་སོགས་ད་དུང་ཡང་ཧ་ཅང་གཉོམ་པའི་ཁར། བྱིས་པ་རང་འདུག་མེད་པར་འགུལ་ལྕོག་བྱེད་རྒྱུར་དགའ་བས་སྐྲ་བཞར་ན་མགོ་ལ་རྨ་བྱེད་པའི་ཉེན་ཁའང་ཆེ་བའོ། །
 
 ད་དུང་ཐབ་ཀ་འཛུགས་པའི་སྲོལ་དེ་ནི་མ་འོངས་པར་བྱིས་པ་ནར་སོན་རྗེས་ཁྱིམ་ཐབ་དང་འཚོ་བ་ཡག་པོ་ཡོང་བའི་སྨོན་འདུན་ཞིག་རེད། གཞན་དག་གི་ཡུལ་སྲོལ་ལ།གཅིག གཉིད་གླུ། གཉིད་གླུ་ནི་བྱིས་པ་ཅུང་ཆུང་ཞིང་སྐད་ཆ་བཤད་མི་ཤེས་པའི་དུས་སུ་གཉིད་དུ་ཡུར་སྐབས་ཨ་མས་བུ་ཆུང་ལ་ལེན་པའི་ངག་གླུ་ཞིག་ཡིན་ལ། བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དུ་ཅུང་གལ་ཆེ་བ་ཞིག་རེད། རྒན་གྱ་ས་ཆའི་ཆེས་རྒྱུན་སྤྱོད་ཀྱི་གཉིད་གླུ་ནི་འདི་ལྟ་སྟེ། "ལོ་ལོ། ཨ་མའི་གཅེས་ཕྲུག་གཉིད་ལ་ཐོངས། གཉིད་ལ་ཐོངས་ར་རྟ་ཞིག་སྟེར། རྟ་གཞིས་སྒ་གཞིས་བསྟད་ནས་སྟེར། རྟ་མགོར་སྲབ་ཅིག་བཞག་ནས་སྟེར། བོང་བུའི་ཀོ་བས་ལྷམ་ཞིག་བཟོ། ཐག་གེ་ཐག་གེ་གོན་ན་སོང་། ཁྱི་ཡི་རྔ་མས་ཞྭ་ཞིག་བཟོ། འཇོལ་ལེ་འཇོལ་ལེ་གོན་ན་སོང་། ......" ད་དུང་ཡང་། "ཐང་གི་མེ་ཏོག་བལ་ནས་སྟེར། གནམ་གྱི་སྐར་མ་འཛིན་ན་སྟེར། "སོགས་སྐད་ཆུང་ངུ་དང་ངག་སྙན་མོས་བླངས་ན་བྱིས་པ་གཉིད་ཁུག་པར་བྱེད་པའི་ནུས་པ་ཡོད། གཉིད་གླུ་འདི་དག་གི་ཚིག་རྣམས་བོད་ཀྱི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སོགས་དང་འབྲེལ་ནས་བླངས་པས། ཚིག་རྣམས་དགོད་བྲོ་ཞིང་གསོན་ཉམས་ལྡན་པས་བྱིས་པའི་སེམས་ཁམས་དང་ཧ་ཅང་འཚམས་པར་མ་ཟད། ཚང་མ་བོད་མའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཆེས་རྨང་གཞིའི་ཚིག་ཚོགས་སྟེ། རྟ། བོང་བུ། ཁྱི་གུ། རྔ་མ། ཞྭ་མོ། སྲབ། སྒ ལྷམ། མེ་ཏོག སྐར་མ་སོགས་ལས་གྲུབ་ཡོད་པས་བྱིས་པར་གཉིད་གསོ་བའི་ནུས་པ་མ་གཏོགས་ད་དུང་སྔ་དུས་ནས་སྐད་ཆའི་ནུས་པ་བསྐྱེད་བསྲིང་བའི་དགེ་མཚན་ཆེས་ཆེན་པོ་ལྡན་པ་རེད། གཉིས། ཁ་རྩེ་བ། (རྩེ་དགའ་སློང་བ) བྱིས་པ་ཆུང་ཆུང་ཅི་ཡང་མི་ཤེས་པའི་དུས་ནས་བཟུང་མི་ཆེ་བ་རྣམས་ཀྱིས་བྱིས་པ་དང་སྐད་གདངས་སྣ་ཚོགས་ཀྱིས་སྐད་ཆ་བཤད་པ་འམ་བྱིས་པར་དགོད་སློང་བ་སོགས་བྱེད་ལ། རྒན་གྱའི་ཁ་སྐད་དུ་དེ་ལ་བྱིས་པར"ཁ་རྩེ་བ"ཟེར། བྱིས་པའི་ཁ་རྩེ་སྲོལ་ལ་ཆེས་རྒྱུན་མཐོང་གི་རྣམ་པ་ནི་བྱིས་པའི་མདུན་ནས་སྐད་ངག་སྙན་མོས"ཨ་མགོ་ཨ་མགོ"ཞེས་མགོ་བོ་གཡུག་གཡུག་བྱས་ན་བྱིས་པས་ཀྱང་དེ་ཡི་ལད་མོས་བྱས་ཏེ་མགོ་བོ་གཡུག་པ་དང་། "ཆ་ཡས་ཆ་ཡས"ཞེས་ལག་པ་ཐལ་མོ་བརྡེབས་ན་བྱིས་པས་ཀྱང་དེ་ལྟར་ལག་པ་བརྡབ་བརྡབ་བྱེད་པ་རེད། འདི་དག་ཚང་མ་རྩེད་མོ་དང་ཀུ་རེའི་ཚུལ་དུ་སྣང་མོད། དོན་དམ་བྱིས་པ་ཚོའི་བློ་དང་འཚམ་པའི་མགོ་བོ་ཡན་ལག་སོགས་ངོས་འཛིན་བྱེད་པའི་སློབ་གསོ་ཡི་རྣམ་པ་ཞིག་རེད་ལ། གང་ལྟར་བྱིས་པས་སྐད་ཆ་ཚིག་འབྲུ་གཅིག་ཀྱང་མི་ཁྲོལ་ནའང་ཁ་རྩེ་བ་ན་གད་མོ་ལྷུག་ལྷུག་ཏུ་ཤོར་བ་དང་ངག་ལས་སྐད་སྣ་ཚོགས་འབྱིན་པ་དེ་དག་ནི་ཁོ་ཚོས་མི་ཆེ་བ་ལ་ཨ་ལན་སློག་པའམ་ཁ་བརྡ་བྱེད་པ་རེད། འདི་ནི་ཕ་མ་བུ་ཆུང་གི་ཆེས་བཟང་བའི་འབྲེལ་འདྲིས་སམ་བརྩེ་དུང་གི་བརྗེ་རེས་ཡིན་པས། བྱིས་པའི་ལུས་སེམས་གཉིས་ལ་ཕན་པའི་སྨན་མཆོག་ཅིག་རེད། འདི་དག་ཚང་མ་ང་ཚོས་ད་ལྟའང་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་འགངས་ཆེ། དེང་སང་སྤྱི་ཚོགས་ནང་མི་རྣམས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་མཐོར་ཕྱིན་ཡོད་པས། བྱིས་པ་ལ་སྲང་ནས་རྩེ་སྤྱད་ཡ་མཚན་རེ་ཉོས་ནས་སྔོན་ལ་བཞག་སྟེ་རང་དགར་འཇོག་རྒྱུ་ཁོ་ན་ཞིག་ཀྱང་མ་ཡིན་པར། བརྩེ་དུང་གི་འབྲེལ་འདྲིས་ནི་ཟང་ཟིང་གི་དུས་རབས་འདིར་ལྷག་པར་དུ་མཁོ་ཆེ་བ་ཞིག་ཏུ་སྣང་བས། རང་ཅག་ཡབ་མེས་ཀྱི་བྱེད་སྟངས་འདི་དག་ནི་ཆེས་འོས་ཤིང་འཚམ་པ་ཞིག་ཡིན་འདུག སྐབས་འདི་ནི་ལོ་གསུམ་ཡན་ཆད་ཀྱི་བྱིས་པ་ལ་གོ་དགོས། སྐབས་འདིའི་བྱིས་པ་ནི་སྐད་ཆ་དང་འགུལ་སྐྱོད་སོགས་ཕྱོགས་གང་ཐད་ཀྱི་འཇོན་ནུས་ཅུང་ཆེ་རུ་ཕྱིན་ཡོད་པའི་མི་ཚད། ཕ་མ་ཚོས་གཉོར་སྐྱོང་བྱེད་ཐབས་དེའང་སྔོན་ཆད་ཀྱི་སྲུང་སྐྱོབ་ཀྱི་རྣམ་པ་ལས་ཐོལ་བརྒལ་བྱས་ཏེ། བྱིས་པ་རང་ཉིད་འཚོ་བ་དངོས་སུ་ཞུགས་པར་འཇུག་པ་སྟེ། རྫི་རུ་མངགས་པ་དང་། ལྕི་བ་འཐུ་རུ་འཇུག་པ་སོགས་ལག་ལེན་གྱི་ཁྲོད་འཚོ་བའི་ཤེས་བྱ་དང་ནུས་པ་བསྐྱེད་བསྲིང་དང་གོང་འཕེལ་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཁྱིམ་གྱི་སྒྲིག་སྲོལ་དང་། གཏམ་དཔེ། ལྷ་སྒྲུང་དང་གནའ་གཏམ། རྩེད་མོ་སོགས་བརྒྱུད་ནས་བྱིས་པ་ལ་གོ་འགུགས་སློབ་གསོ་དང་ཤེས་བྱ་སྣ་ཚོགས་རྒྱུད་ལ་འཇོག་གི་ཡོད་དེ། རྒན་བཀུར་ཆུང་བྱམས་དང་། མཐུན་སྒྲིལ་མཛའ་འབྲེལ། བག་ཡོད་ཞི་དུལ། ཁྲེལ་ཞི་ཐག་རིང་བ། ཐོན་སྐྱེད་དང་ངལ་རྩོལ་ལ་དགའ་བ། བདེན་དོན་སྐྱོང་བ། དྲང་བདེན་གྱི་དཔའ་བོ་ལ་ཡིད་སྨོན་དང་མིག་དཔེ་བྱེད་པ་སོགས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་བདེན་མཛེས་དགེ་གསུམ་གྱི་མཛེས་དཔྱོད་འདུ་ཤེས་རྐང་ལ་ཟུག་པར་བྱེད་ཀྱི་ཡོད་མོད། འདིར་གཙོ་བོ་ནར་མ་སོན་པའི་བྱིས་པའི་ཁྱིམ་གྱི་སློབ་གསོ་བརྗོད་པ་ཡིན་ལ། དེ་དག་ཞིབ་ཏུ་གླེང་ན་དམངས་རྩོམ་དང་འབྲེལ་ནས་བྱེད་དགོས་པས། བར་སྐབས་བཞག་སྟེ་རྗེས་ཕྱོགས་ཆེད་དུ་དམངས་རྩོམ་དང་འབྲེལ་ནས་ཁྱིམ་གྱི་སློབ་གསོའི་སྐོར་བརྗོད་པའི་གོ་སྐབས་འབྱུང་བར་སྨོན་འདུན་ཞུ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི༢༠༠༧ལོའི་ཞིབ་འཇུག་སློབ་མ།   
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།