ཁྱིམ་ཚང་སློབ་གསོའི་ཤན་ཤུགས་སྐོར་མདོ་ཙམ་གླེང་བ།

སྤྱིར་བཏང་དུ་མི་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཨང་དང་པོ་ནི་ཁྱིམ་གྱི་སློབ་གསོར་འབྲེལ་ཡོད་པས། དེ་བཞིན་དུ་བྱིས་པའི་ཕ་མ་དང་དགེ་རྒན། སྤྱི་ཚོགས་ཀྱི་ལས་སྒོ་སོ་སོའི་ཟ་ཟུར་རེ་རེ་ནས་ཀྱང་འབྱུང་འགྱུར་གྱི་མི་རབས་གསར་བ་བདེ་ཐང་ངང་འཚར་ལོངས་ཡོང་མིན་ལརྒྱབ་སྐྱོར་དང་།རོགས་འདེགས། གོ་སྐོན་སློབ་གསོའི་བྱ་འགུལ་རབས་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད། དཔེར་ན།ཚགས་པར་དང་རླུང་འཕྲིན། རླུང་འཕྲིན་གྱི་དྲ་བ། བརྙན་འཕྲིན།དྲ་རྒྱའི་གནས་ཚུལ་བཅས་ནས་ཀྱང་ཕར་བ་གྲུ་འདེགས་ཀྱི་ཚུལ་དུ་སྒོ་ཀུན་ནས་སློབ་གསོ་བཏང་དང་གཏོང་བཞིན་ཡོད།ཉིད་ཀྱི་བསམ་པར་འདི་དག་ལས་ཀྱང་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་སློབ་གསོ་ནི་ཁྱིམ་གྱི་སློབ་གསོ་ཨང་དང་པོ་ཡིན་པར་བསམས་ཏེ་གཤམ་དུ་འདིའི་སྐོར་ནས་ཅུང་ཟད་གླེང་བར་བྱའོ།།
 
    དང་པོ། ཁྱིམ་གྱི་སློབ་གསོའི་བཟང་ཕྱོགས་སྐོར།
 
    ང་རང་ཚོ་སྨྲ་ཤེས་དོན་གོའི་གང་ཟག་སུ་ཡང་དང་པོ་ཙ་ན་རང་གི་དྲིན་ཆེན་ཕ་མ་དང་ཁྱིམ་གཞིས།རང་འཚོ་གནས་ཀྱི་ཁོར་ཡུག་བཅས་ལ་ཁ་འབྲལ་ཐབས་མེད། འཚར་ལོངས་ཀྱི་ཁོར་ཡུག་ཅི་འདྲ་ཞིག་ཡིན་པ་དེ་འབྲེལ་གྱི་མི་དེ་ཡང་ཕལ་ཆེར་དེ་དང་ཆ་མཚུངས་པའི་རང་གཤིས་ཤིག་རང་རྐྱ་འཕེལ་ཡོད།བྱིས་པའི་ཕ་མ་ཡིན་ནའང་རིག་གཞུང་གི་ཐད་ནས་འདྲ་མིན་སྣ་ཚོགས་ཡོད་དེ། དེ་ལ་ཐད་ཀར་འབྲེལ་བ་མེད་པ་ཡིན་ཏེ།འོན་ཀྱང་རིག་གཞུང་གི་མཁྱེན་རྒྱ་ཅུང་ཟད་ཡོད་མཁན་གྱི་ཕ་མ་ཡིན་ན་རང་གི་བྱིས་པ་ལ་ཆུང་དུས་ནས་ཁ་མིག་ཡར་ལྟ་དང་། བཟང་ཕྱོགས་ཀྱི་སྐད་ཆའམ་ཡ་རབས་སྨྲ་མཁས་དང་ལྡན་པའི་སྤྱོད་པ།རྒན་ལ་བཀུར་ཞིང་། ཆུང་ལ་བྱམས་པ།བརྩེ་སེམས་ཀྱིས་ཡོངས་སུ་ཕྱུག་པའི་སྦྱོང་རྡར་བཅས་རིམ་བཞིན་སྔ་མོ་ནས་རྒྱུད་ལ་གོམས་ལོབས་སུ་སོང་ཚེ་བྱིས་པ་འདི་འདྲའི་རང་བཞིན་ཅན་ལ་སློབ་གསོ་གང་ཡིན་ནའང་སྐྱོན་ཡོན་དང་བླང་དོར་ཡོད་པའི་སྒོ་ནས་མྱོང་དགའ་ཡོད་ཅིང་། མཐོང་ཐོས་མྱོང་གསུམ་གང་ཡིན་ནའང་བསླབས་པ་དོན་ཡོད་ཅིང་།དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་དོན་ཐོག་ཏུ་བདེ་བླག་ངང་མ་འཁྱོལ་ནའང་མཇུག་ཡག་ལ་ཕལ་ཆེར་འདི་དག་ལམ་ལོག་ཏུ་མི་འགྲོ་བའི་ཁག་ཐེག་ཀྱང་ཡོད།དེ་ལས་ལྡོག་སྟེ་ཕ་མ་རྣམས་རིག་གཞུང་གི་མཁྱེན་རྒྱ་མེད་པ་རྣམས་ཀྱིས་ཀྱང་རང་གི་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ལ་གོ་སྐོན་སློབ་གསོའི་ཁ་ཏ་འོས་འཚམ་གྱིས་མི་རྒྱག་མཁན་དང་། ཡང་ནལམ་ལོག་ཏུ་ཁྲིད་པ། དེ་མིན་ཡར་རྒྱས་ཀྱི་སྒོ་འཕར་རྩ་བ་ནས་གཅོད་པ་བཅས་ནི་དྲིན་ཆེན་ཕ་མའི་གྲས་ན་འཇིག་རྟེན་འདིར་ད་སྔ་བྱུང་མེད་ལ། ཕྱིས་ཀྱང་འབྱུང་མི་སྲིད་དོ།།
 
    དེ་བཞིན་དུ་གོང་རིམ་རྒྱལ་ཁབ་ཀྱིས་ཀྱང་ཁྱིམ་ཚང་སློབ་གསོའི་རིམ་པ་དང་མཉམ་དུ《ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་སྲུང་སྐྱོང་བྱེད་པའི་སྐོར་གྱི་སྲོལ་ཡིག》ལག་སྟེར་སྒོས་བྱིས་པ་འཚར་ལོངས་ཀྱི་སློབ་གསོའི་སྒོ་མོར་ཟུར་བརྒྱན་ཏེ་རོགས་འདེགས་ཀྱིས་སྤྱི་ཚོགས་འཆམ་མཐུན་ལ་ཁ་ཕྱོགས་རྒྱུའི་བཟང་སྤྱོད་རབས་དང་རིམ་པ་ཞིག་གི་ཁྲིམས་མཐུན་ཁེ་དབང་སྒྲོག་པ་དང་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད། འདི་དག་ཚང་མའི་བརྒྱ་བཤད་ཀྱི་མདོ་དོན་ཡང་ཁྱིམ་ཚང་སློབ་གསོའི་སྣེ་ཁྲིད་ཨང་དང་པོ་དང་ཕ་མ་གཙོར་བྱས་པའི་ཁྱིམ་གྱི་སློབ་གསོའི་ཁ་དབུགས་ལས་བསྟམས་པའི་བུ་རྒྱུད་དག་གི་ཕྱིས་འབྱུང་གི་འཚར་ལོངས་ལ་རོགས་ཁྲིད་ཀྱི་སྒུལ་ཤུགས་བཟང་པོ་ཞིག་གི་ལམ་ཆེན་བསྐྲུན་ཆེད་རེད། གལ་ཏེ་ཁྱིམ་ནང་གི་བུ་རྒྱུད་དག་ངན་ལངས་སྐྱག་ལངས་དང་། གཅེས་ཤོར་ལངས་ཤོར་དུ་གྱུར་པའི་བསམ་ཚུལ་སྣ་ཚོགས་དང་། བྱ་སྤྱོད་སྣ་ཚོགས་ཀྱིས་བཅིངས་པ་ཞིག་ཡིན་ཚེ་དེ་ལ་རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་སྲོལ་ཡིག་ཅི་འདྲ་ཞིག་ཡོད་ཀྱང་ཕན་མི་ཐོགས་པས།དང་པོར་ཕ་མ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ནང་ཁ་ཞེ་གཉིས་མེད་ཀྱིས་དོ་འཁུར་དང་། ཡིད་གཟབ། སྤྱི་ཚོགས་ཀྱི་སྒོ་ཀུན་ལ་ཅུང་ཟད་འཐུས་ཚང་བའི་སྒོ་ནས་བསམ་བློ་བཏང་སྟེ་རང་གི་བུ་རྒྱུད་དག་ལ་འགྲོ་འདུག་སྤྱོད་གསུམ་དང་། སྐད་ཆ་བརྗོད་ལུགས།གུས་བཀུར་བྱེད་སྟངས།འཚོ་བ་སྤྱོད་ལུགས། རྒན་བཀུར་ཆུང་བྱམས།ཐ་ན་ཁྱིམ་ཚང་རང་ངོས་ནས་ཀྱང་བྱིས་པ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་གོང་དུ་སྤེལ་བ། སྤྱི་ཚོགས་ཀྱི་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་ལ་ཅི་ནུས་ཀྱིས་འོས་ཤིང་འཚམ་པའི་སྒོ་ནས་སློབ་གསོ་དང་རོགས་རམ་བྱ་དགོས།
 
    ཡང་གཅིག་བཤད་ན། ཕ་མ་ནི་བྱིས་པ་རྣམས་ཀྱི་ཆེས་ཐོག་མའི་དགེ་རྒན་ཡིན་ལ།དེ་བཞིན་དུ་ཕ་མའི་གཤིས་ཀ་དང་ཁྱིམ་སྐྱོང་བྱེད་སྟངས་སོགས་ཇི་འདྲ་ཡིན་ན་བུ་རྒྱུད་ཀྱང་དེ་དག་དང་ཐད་ཀར་འབྲེལ་བ་ཡོད་དེ།ངས་འདི་ནས་བརྗོད་འདོད་པའི་ཚིག་གི་རྩ་བ་ཡང་ཁྱིམ་ཚང་སློབ་གསོ་གོང་དུ་སྤེལ་ནས་རང་གི་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་མདུན་ལྗོངས་གསར་རིའི་ཕྲེང་བ་ལྟ་བུ་ཞིག་བཞེང་རྒྱུ་དེ་ཡིན།ཡར་རྒྱས་ཀྱི་སློབ་གསོ་སྤེལ་བ་ལ་མཐུན་རྐྱེན་གྱིས་གླེང་སློང་བ་གཏན་ནས་མིན་ལ།འདི་ལ་ཐད་ཀར་སྐོམ་པ་ཆུ་འདོད་ལྟར་གྱི་དགོས་རྒྱུ་ནི་བྱིས་པ་ཆུང་དུས་ནས་བཅོས་མིན་སྙིང་གིས་རྟག་ཏུ་ཁ་བརྡ་སློབ་གསོ་བྱ་རྒྱུ་དེ་རེད།ཁ་བརྡ་སློབ་གསོ་བྱས་པའི་མཐའ་མར་ཡང་ཕྱིས་འབྱུང་གི་བྱིས་པ་རྣམས་ཀྱི་མདུན་ལམ་ལ་རང་ཤུགས་ཀྱིས་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་འགྲོའོ།།
 
    གཉིས་པ། ཁྱིམ་ཚང་སློབ་གསོའི་ཡིད་གཟབ་སྐོར།
 
    སྤྱིར་བཏང་དུ་སློབ་གསོའི་སྡེ་ཡང་ཁྱིམ་ཚང་སློབ་གསོ་དང་།སྤྱི་ཚོགས་སློབ་གསོ།སློབ་གྲྭའི་སློབ་གསོ་བཅས་གཞི་གསུམ་གྱིས་གྲུབ་པ་ནང་བཞིན།འདི་གསུམ་ལས་ཀྱང་ཤན་ཤུགས་ཆེས་ཆེ་བ་ནི་ཁྱིམ་ཚང་སློབ་གསོ་ལ་ཐུག་ཡོད་པས་ཐམས་ཅད་ཀྱིས་ཁྱིམ་ཚང་སློབ་གསོ་འོས་ཤིང་འཚམ་པ་རེ་སྤེལ་རྒྱུ་དང་།ཁྱིམ་ཚང་སློབ་གསོ་འདི་སྤེལ་བའི་དགེ་བ་ཡང་སློབ་གྲྭའི་སློབ་གསོའི་ཡར་སྔོན་གྱི་རྨང་གཞི་བརྟན་པོ་ཞིག་འདིང་ཆེད་ཡིན།འདི་ལྟར་བྱིས་པ་སློབ་གྲྭར་མ་ཞུགས་པའི་སྔོན་གྱི་སློབ་གསོ་སྤེལ་རྒྱུ་ནི་ཅི་ནས་ཀྱང་ཤུགས་སྣོན་བྱ་དགོས་པས་ཐམས་ཅད་ཀྱིས་རྒྱ་ཡན་དུ་གཏོང་མི་རུང་།ལྷག་པར་བྱིས་པའི་ཐོག་དང་པོའི་དགེ་རྒན་ཏེ་ཕ་མ་རྣམ་གཉིས་ཀྱིས་རང་གི་བྱིས་པ་ཡོད་ས་ནས་བཟའ་འཛིང་དང་།ཁ་རྩོད་བརྒྱབ་ན་བྱིས་པའི་བསམ་བློ་ནར་སོན་པའི་བར་སྒང་ལ་རྨ་ཁ་ཚབས་ཆེན་བཟོ་འགྲོ་བ་དང་། བྱིས་པའི་གྲོགས་པོ་རང་ཁྱིམ་ལ་བསླེབས་དུས་ཕ་མ་སུ་ཡིན་ཡང་དགའ་བསུ་དགོས་པ་ལས་དེ་ལ་རྣམ་འགྱུར་ངན་པ་སོགས་ཀྱིས་ལས་ཀ་སོགས་སྒྲུབ་མི་རུང་བ་དང་། བྱིས་པས་བཏོན་པའི་དྲི་བར་ཕ་མས་གང་ཐུབ་ཀྱིས་ལན་འདེབས་པ་ལས་དེ་ལ་དམའ་འབེབས་ཀྱིས་དྲི་བའི་ལན་ཁ་མཐའ་གཅིག་ཏུ་གཅོད་མི་རུང་།གལ་ཏེ་འདི་འདྲ་བྱས་ཚེ་རྗེས་ནས་བྱིས་པའི་གསོན་སྙིང་དྲག་ཏུ་འཕར་ལྡང་བྱེད་པའི་མི་ཚེའི་བགྲོད་ལམ་ལ་རྨང་རྡོས་དགག་འགྲོ་བ་དང་།ད་དུང་བྱིས་པ་དང་མཉམ་དུ་རང་ཁྱིམ་ལ་བསླེབས་ཡོང་བའི་བྱིས་གྲོགས་འདྲ་མིན་གྱི་སྔོན་ནས་ཕ་མས་ངེས་པར་ཡིད་གཟབ་བྱ་དགོས་རྒྱུ་ནི་རང་ཉིད་ཀྱི་ཕྲུ་གུའི་སྐྱོན་མཚང་འབྲུ་མི་རུང་བས་ཁར། དེ་མིན་གྱི་སྐྱོན་ཆ་ལ་ཐད་ཀར་དམིགས་བཙུགས་ནས་ནན་བཤད་བྱེད་པ་དང་། བྱིས་པའི་བྱས་ཉེས་ལ་ལམ་སེང་རླུང་ལངས་མི་ཉན།བྱིས་པ་ལ་ལས་རང་ཁྱིམ་ལ་ཏག་ཏག་མགྲོན་པོ་བསླེབས་དུས་མ་རབས་ཐ་ཤལ་གྱི་སྤྱོད་པ་དང་། ཁ་ནས་མ་རུང་བའི་སྐད་ཆ་འདྲ་མིན་རྒྱུན་མི་ཆད་པར་ལབ་ལ། ཁོང་ཁྲོ་སོགས་དེ་ལས་ཆེ་བ་དང་། འདི་ལས་རྔམ་པ་ནི་ང་ཚོ་སུ་ཡིན་ཡང་འཕྲད་མྱོང་བས།འདིའི་ཕྱོགས་ནས་ཁྱིམ་ཚང་གི་སློབ་གསོ་གཏོང་མཁན་ཕ་མ་གཉིས་ཀྱིས་རང་གི་བྱིས་པའི་འཚར་ལོངས་ལ་ཁ་ཡ་ཅུང་ཟད་བྱས་མེད་པ་དང་།གལ་ཏེ་བྱེད་པའི་དབང་དུ་བཏང་ན་ཡང་།རང་གི་བྱིས་པ་ནི་ཡིད་བཞིན་དབང་གི་རྒྱལ་པོ་བཞིན་གཞན་གྱི་བྱིས་པ་ལས་གོང་ནས་གོང་དུ་ཡིན་པའི་རྙིང་ཞེན་གྱི་འདུ་ཤེས་ཡིན་ན་འདྲ། གང་ལྟར་ཚད་ལྡན་མིན་པའི་འཇིག་རྟེན་ལྟ་ཚུལ་ཞིག་ཆགས་འདུག འདི་ནང་བཞིན་ཉིན་ནས་ཟླ་དང་། ཟླ་ནས་ལོ་བཞིན་མི་ཚེའི་ཆུ་རྒྱུན་རིང་མོར་སོང་ན་རྗེས་ནས་བྱིས་པ་རང་ཉིད་ཀྱིས་རང་ཚུགས་ཐུབ་དཀའ་བ་དང་། རང་སྟོབས་རང་སྤེལ་གྱི་བསམ་བློ་ཞིག་ནམ་ཡང་ཆགས་མི་ཐུབ་པར་མ་ཟད།ད་དུང་བྱ་བ་ཆེ་མ་ཆུང་གསུམ་གང་ལའང་གཞན་བརྟེན་གྱི་འཚོ་བ་སྤྱོད་པའི་གཤིས་སུ་གྲུབ་འགྲོའོ།།
 
    མདོར་ན། གོང་དུ་བརྗོད་པའི་ཁྱིམ་ཚང་སློབ་གསོའི་ཡིད་གཟབ་ཐད་ཀྱི་བརྗོད་ཟིན་པ་དང་།ད་དུང་ལྷག་ཏུ་ཡོད་པའི་ཡིད་གཟབ་ཐད་ལ་བལྟ་ན་སླ་བར་མཐོང་སྲིད་ཀྱང་ཁྱིམ་བདག་མང་ཆེ་བས་འཚོ་བ་དངོས་ནང་ལག་ལེན་དུ་འཁྱོལ་དཀའ་བས་ང་ཚོ་བྱིས་པའི་ཁྱིམ་བདག་རྣམས་ཀྱི་རྒྱུན་ལྡན་གྱི་གཏམ་སྤྱོད་གཉིས་ནི་ཁྱིམ་ཚང་སློབ་གསོའི་རིགས་ཤིག་ཏུ་ཐད་ཀར་ངོས་འཛིན་དགོས། དཔེར་ན།དུས་ཚོད་གང་འདྲ་ཞིག་ལའང་ཕ་མས་ཕྲུ་གུར་སྐྱག་རྫུན་ཤོད་མི་རུང་ཞེས་པ་ནི་ལག་ལེན་དུ་འཁྱོལ་བར་དཀའ་མོད་ཀྱང་། འདི་ལ་ང་ཚོ་ཁྱིམ་བདག་གིས་ཀྱང་དཔྱད་པ་སྔོན་དུ་བཏང་ནས་རང་གི་སྣང་བར་གང་དྲན་གྱིས་གཏམ་བརྗོད་བྱེད་མི་རུང་།ད་སྐབས་ཁྱིམ་ཚང་ཕལ་མོ་ཆེ་ནི་བུ་ཕྲུག་ཁེར་སྐྱེས་ཀྱི་གནས་སུ་གཞལ་ཡོད་སྟབས། བྱིས་པ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་གཅེན་གཅུང་མིང་སྲིང་གི་རོགས་ཟླ་མེད་པའི་ཞེན་ཆ་དང་། ཁྱིམ་བདག་རང་སྟེང་ནས་ཀྱང་གཞན་གྱི་བྱིས་པ་དང་འབྲེལ་འདྲིས་ཀྱི་སྐུལ་ལྕག་མེད་པའི་སྐྱོན་ཆ་བཅས་ནི་རང་ཉིད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འགལ་རྐྱེན་དུ་འགྲོ་བ་ལས་བྱིས་པ་རང་ངོས་ཀྱི་ལུས་སེམས་བདེ་ཐང་ཡོང་བའི་སློབ་གསོར་ཕན་པ་མི་འབྱུང་བས་དེང་གི་ཁྱིམ་བདག་རྣམས་ཀྱིས་འདིའི་ཕྱོགས་སུ་དོ་གལ་ཆེན་པོས་ཡིད་གཟབ་དང་ཕན་བདེའི་སློབ་གསོ་སྐོར་ལ་ཤུགས་སྣོན་རྒྱག་དགོས་པའོ།།
 
    རྩོམ་པ་པོ་ནི་ཡུལ་ཧྲུའུ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཡིན།
 
    མཚོ་སྔོན་བོད་ཡིག་གསར་འགྱུར། 2014.06.06།པར་ངོས16པ།
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།