བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས་སྐོར་གླེང་བ།

 སློབ་གསོ་ནི་རྒྱལ་ཁབ་ཅིག་གམ་ཡང་ན་མི་རིགས་ཤིག མི་སྒེར་གང་ཞིག་ཡིན་རུང་ཡར་རྒྱས་གོང་འཕེལ་འབྱུང་བའི་རྩ་བར་གྱུར་ཡོད་པ་ནི་སྤྱི་ཚོགས་ཀྱི་ལག་ལེན་ལས་ར་འཕྲོད་བྱུང་ཡོད།གནས་ཚུལ་འདིར་དམིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྩ་བ་ནི་སློབ་གསོ་ཡིན་པ་དང་།ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྙན་ཞུའི་ནང་སློབ་གསོ་ནི་མི་རིགས་འཕེལ་རྒྱས་འབྱུང་བའི་རྨང་རྡོ་ཡིན་ལ། སློབ་གསོ་འདྲ་མཉམ་ཡོང་རྒྱུ་ནི་མི་རིགས་འདྲ་མཉམ་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་རེད་ཅེས་བསྟན་ཡོད་པ་རེད། ཀུན་གྱིས་མཁྱེན་གསལ་ལྟར་མི་རིགས་འཕེལ་རྒྱས་འབྱུང་བའི་རྩ་བ་ནི་སློབ་གསོར་རག་ལས་ཤིང་། སློབ་གསོ་འཕེལ་རྒྱས་འབྱུང་བའི་རྩ་བ་ནི་དགེ་རྒན་ལ་རག་ལས་པས། ང་ཚོ་ལ་མཚོན་ནའང་བོད་ཀྱི་སློབ་གསོའི་ལས་དོན་སྒྲུབ་མུས་ཡོད་པ་དག་གིས་བོད་ཀྱི་སློབ་གསོའི་རིག་པར་རྒྱུས་ལོན་དང་ངེས་ཤེས་གསལ་བོ་ཡོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བས།འདིར་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས་སྐོར་མདོ་ཙམ་གླེང་བར་བྱ་སྟེ།
 
    བོད་ཀྱི་སློབ་གསོ་འཕེལ་བའི་ལོ་རྒྱུས་ཀྱང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར། ཐུན་མོང་གི་ཐོན་སྐྱེད་ཡོད་པ་ནས་སྤྱི་ཚོགས་འཕེལ་འགྱུར་གྱི་འགྲོས་རིམ་ནང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་སློབ་གསོ་དར་བ་ནས་རིམ་གྱིས་བྱུང་བ་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། སྒྲུང་ལྡེའུ་བོན་གསུམ་གྱི་སློབ་གསོ་དང་བོད་ཆེན་པོའི་དུས་སྐབས་ཀྱི་སློབ་གསོ།བསྟན་པ་ཕྱི་དར་སྐབས་ཀྱི་སློབ་གསོ།ཉེ་རབས་སློབ་གསོ། དེང་རབས་སློབ་གསོ་བཅས་སློབ་གསོའི་རྣམ་པའང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་རྣམ་པ་གཞན་དུ་འགྱུར་བཞིན་ཡོད་ནའང་།བོད་ཀྱི་སྲོལ་རྒྱུན་སློབ་གསོའི་བརྒྱུད་རིམ་ནང་བོད་གངས་ཅན་ལྗོངས་སུ་མཁས་དབང་མང་པོ་བྱོན་ནས། དེ་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བསྟན་བཅོས་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་ན་ནི་རི་རབ་ལས་ཀྱང་དཔངས་མཐོ་བ་དང་ནམ་མཁའ་བཞིན་དུ་ཁྱོན་ཡངས་པ།རྒྱ་མཚོ་བཞིན་དུ་རྔམས་མཐུག་པས་བོད་ཀྱི་རིག་གནས་ཞེས་རིན་ཐང་གཞལ་དུ་མེད་པའི་ཡིད་བཞིན་གྱི་ནོར་བུ་དང་གཉིས་སུ་མ་མཆིས་པ་འདི་འདྲ་ཞིག་ཤུལ་དུ་བཞག་པ་ལ་བརྟེན་ནས་དོན་མཐུན་གྱི་སྙན་པའི་གྲགས་པའང་འཛམ་གླིང་དུ་ཁྱབ་པ་འདི་བྱུང་བ་ལགས་ན།འདིའི་འབྱུང་ཁུངས་སུ་གྱུར་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོར་བོད་རང་གི་ཁྱད་ཆོས་ལྡན་པའི་སློབ་གསོའི་སྒྲིག་གཞི་ཧ་ཅང་འཐུས་སྒོ་ཚང་ལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྨོས་མེད་རེད།
 
    གཅིག སློབ་སྦྱོང་གི་ལམ་ལུགས་དང་སློབ་ཁྲིད་བྱ་ཐབས།བོད་ཀྱི་སློབ་གསོའི་ལམ་ལུགས་ཐད། དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་བསྟུན་ནས་གསོ་སྐྱོང་བྱེད་པའི་དམིགས་ཚད་དང་ལས་འགན་མི་འདྲ་བའི་དབང་གིས་སློབ་གྲྭའི་ངོ་བོའང་མི་འདྲ་བ་ཡོད་དེ།བསྟན་པ་སྔ་དར་དུས་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ནང་དོན་སློབ་སྦྱོང་བྱེད་པའི་བསམ་ཡས་གཙུག་ལག་ཁང་ཞེས་ཆོས་ཀྱི་སློབ་གྲྭ་བཙུགས་ཤིང་། སློབ་མའི་ཁྲོད་ནས་ཆོས་ཀྱི་ཡོན་ཏན་དང་གཤིས་རྒྱུད་བཟང་བའི་སློབ་མ་ཕུལ་དུ་བྱུང་བ་བདམས་ཏེ་སློབ་དཔོན་དུ་བསྐོ་གཞག་བྱེད་ཀྱིན་ཡོད་པ་དང་། སྐབས་དེའི་དགེ་སློབ་དག་གི་འཚོ་བའི་འགྲོ་གྲོན་ནི་རྒྱལ་པོའི་མཛོད་ནས་སྦྱར་ཏེ་གཟིགས་སྐྱོང་གནང་བ་དང་ཞང་བློན་ཆེན་པོ་གྲལ་གྱི་གོང་དུ་བསྡད་ཆོག་པའི་གོ་གནས་སྤྲད་པ་བཅས་སློབ་གསོར་མཐོང་ཆེན་གནང་ཚུལ་སྦ་བཞེད་དུ་འཁོད་ཅིང་། བསྟན་པ་ཕྱི་དར་ནས་ཆོས་ལུགས་རིག་གནས་སློབ་སྦྱོང་བྱེད་སའི་ལྟེ་གནས་སུ་གྱུར་པའི་དགོན་པ་ཁག་ཏུ་སློབ་སྦྱོང་གི་ལམ་སྲོལ་རིགས་གསུམ་དར་བ་ལས། རིགས་དང་པོ་ནི་དབུས་གཙང་གི་གདན་ས་ཆེན་པོའི་མཚན་ཉིད་གྲྭ་ས་ཕལ་ཆེར་གྱི་ལག་ལེན་ལྟར་སློབ་སྦྱོང་བྱེད་སྐབས་གཙོ་གནད་ཡོད་པའི་སྒོ་ནས་ཆོས་ལུགས་སློབ་སྦྱོང་བྱེད་པའི་རིང་རིག་གནས་གཞན་དག་བསླབ་མི་ཆོག་པའི་ལམ་སྲོལ་དམ་པོ་ཞིག་ཡོད་པ་དང་། རིགས་གཉིས་པ་ནི་ཆོས་ལུགས་སློབ་སྦྱོང་བྱེད་ཞོར་སྐབས་བསྟུན་གྱིས་རིག་གནས་གཞན་དག་སློབ་སྦྱོང་བྱེད་པ་སྟེ།སློབ་གཉེར་གནང་ཐབས་འདི་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་མདོ་སྔགས་རིག་གནས་ཀུན་ལ་བྱང་བའི་གྲུབ་མཐའ་རིས་མེད་ཀྱི་མཁས་པའི་དབང་བོ་མང་པོ་བྱོན་པ་རེད།རིགས་གསུམ་པ་ནི་བོད་ཀྱི་སློབ་གསོའི་ཐོག་གི་འཕེལ་རྒྱས་གསར་བ་ཞིག་སྟེ། གཞུང་ཆེན་ལྔར་སློབ་གཉེར་བྱེད་པའི་ཐོག་བོད་ཀྱི་སྨན་རྩིས་ལ་སློབ་སྦྱོང་བྱེད་པའི་ཆེད་ལས་ཟུར་དུ་ཕྱེ་ནས།རིག་གནས་སློབ་གཉེར་གྱི་འདུན་པ་ཅན་ལ་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་པར་མ་ཟད། བོད་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་དུ་གཏོང་བའི་གནས་གཞི་བརྟན་པོ་ཞིག་བཙུགས་པ་རེད།
 
    སློབ་ཁྲིད་ཅེས་པ་ནི་དགེ་རྒན་གྱིས་ཤེས་བྱ་ཁྲིད་པ་དང་སློབ་མས་ཤེས་བྱར་ཉན་པའི་ཐུན་མོང་གི་འགུལ་སྐྱོད་ཅིག་སྟེ།སློབ་མས་སློབ་སྦྱོང་བྱེད་པ་བརྒྱུད་ནས་ཤེས་ཡོན་ཇེ་མཐོར་གཏོང་བ་དང་ཆབས་ཅིག བསམ་བློ་དང་ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱེད་པ་ཞིག་ལ་ཟེར་ཞིང་།སློབ་ཁྲིད་ལའང་ནང་གསེས་སུ་བཤད་ཁྲིད་དང་དམར་ཁྲིད། མྱོང་ཁྲིད་བཅས་རིགས་གསུམ་ཡོད་ལ། དེ་ལས་བཤད་ཁྲིད་ཅེས་པ་ནི་དགེ་རྒན་གྱིས་སློབ་མར་འཁྲིད་བྱའི་གཞུང་དེའི་ཚིག་དང་དོན་རྣམས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གསལ་བཤད་བྱས་པ་ལ་བརྗོད་པ་དང་།དམར་ཁྲིད་ནི་མཐོང་སྣང་དུ་རྒྱུ་བའི་དཔེ་རིས་ལྟ་བུ་ལ་བརྟེན་ནས་གསལ་བཤད་བྱེད་པ་སྟེ་དེང་སང་གི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ལ་གོ་བ་ཡིན།མྱོང་ཁྲིད་ཟེར་བ་ནི་དགེ་རྒན་གྱིས་རང་གི་ཉམས་མྱོང་དང་སྦྱར་ནས་སློབ་མར་སློབ་ཁྲིད་བྱས་ཏེ་སློབ་མར་ཉམས་མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་འཇུག་པ་ལ་ཟེར།ཁྲིད་སྟངས་རིགས་འདི་དག་ཀྱང་ཕན་ཚུན་འབྲེལ་ནས་ཡོད་པར་མ་ཟད་སློབ་མའི་ཆུ་ཚད་ལྟར་གང་ལ་གང་འཚམ་གྱིས་བཀོལ་བ་དང་།ཆུ་ཚད་ཞན་པའི་སློབ་མ་རྣམས་ལ་གོ་སླ་ཞིང་དོན་བསྡུས་པའི་དམར་ཁྲིད་དང་མྱོང་ཁྲིད་ཀྱི་ཐབས་ཤེས་གནང་སྲོལ་འདུག་ཁར་སློབ་ཁྲིད་གནང་སྟངས་ཐད་ལའང་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་ཐོག་མར་མདོར་བསྡུས་ཤིང་གོ་སླ་བ་དང་།བར་དུ་རྒྱས་པར་ངོ་སྤྲོད་པ་དང་། དེ་ནས་དགེ་སློབ་གཉིས་ཀྱི་བགྲོ་གླེང་བརྒྱུད་དཀའ་གནད་དོགས་གཅོད་བྱེད་པ་དང་དོན་བསྡུས་ནས་འཆད་པ།སློབ་ཁྲིད་རྗེས་མར་ཁྲིད་ཟིན་པའི་ནང་དོན་སློབ་མའི་རྒྱུད་ལ་བརྟན་ཆགས་ཤིག་ཡོང་ཆེད་དྲི་བ་འདོན་པ་དང་དོགས་དཔྱོད་གནང་བ་སོགས་ཀྱི་ཕག་སྲོལ་ཡོད།
 
    གཉིས། སློབ་དེབ་དང་དགེ་རྒན།སློབ་གསོའི་སྲོག་ཤིང་དུ་གྱུར་པའི་སློབ་དེབ་ཀྱང་སློབ་མའི་རྒྱུད་ཚོད་རབ་འབྲིང་ཐ་གསུམ་དང་སྦྱར་ནས་རྒྱས་བསྡུས་འབྲིང་གསུམ་དུ་བཟོས་ཡོད་པ་ནི།ཤེས་ཚད་མཐོ་བའི་སློབ་མ་དག་ལ་འཁྲིད་བྱའི་གཞུང་ཆ་ཚང་ཡོད་པའི་སློབ་དེབ་དེ་ནི་སློབ་དེབ་རྒྱས་པའི་རིགས་དང་། གཞུང་ཆེན་བཀའ་པོད་ལྔ་དང་རིག་གནས་ཆུང་བའི་ཁག་སོགས་སློབ་ཚན་ལྟེ་བའི་ནང་ནས་གནད་ཆེ་བ་འགའ་ཞིག་ཕྱོགས་བསྡུས་ཀྱིས་བདམས་པའི་འདེམ་སྒྲིག་སློབ་དེབ་དང་། དངོས་གཞིའི་སློབ་དེབ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཞར་བྱུང་གི་ཤེས་བྱ་ལྟ་བུ་ཟུར་ལྟའི་སློབ་དེབ་བཅས་སློབ་མའི་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས་བསྒྲིགས་པའི་སློབ་ཁྲིད་ཡིག་ཆ་འཛོམས་པོ་ཡོད།
 
    དགེ་རྒན་ཞེས་པ་ནི་ཆོས་གཞུང་ལས་རང་ཉིད་ཀྱི་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང་། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ་དང་།རང་ཉིད་ལས་ཡོན་ཏན་གྱིས་རྒན་པ་ཡིན་པས་དགེ་རྒན་ཞེས་ཐོགས་པར་གསུངས་ཤིང་།དེ་སྔ་དབུས་གཙང་གི་གདན་ས་ཆེན་པོ་ཁག་ན་དགེ་རྒན་ལའང་ཁག་ཐེག་དགེ་རྒན་དང་དཔེ་ཆའི་དགེ་རྒན། ཟུར་ཁྲིད་དགེ་རྒན་བཅས་རིགས་གསུམ་ཡོད་ཅིང་།དེའི་ནང་གི་ཁག་ཐེག་དགེ་རྒན་ནི་སློབ་མའི་རྒྱུན་ལྡན་གྱི་འཚོ་བ་དང་སློབ་སྦྱོང་། སྒྲིག་ལམ། དཔེ་ཆའི་དགེ་རྒན་འཚོལ་རྒྱུ་སོགས་ཀྱི་ཐད་ལ་སློབ་སྟོན་དང་ལྟ་རྟོག་མཛད་མཁན་ཡིན་པ་དང་། དཔེ་ཆའི་དགེ་རྒན་ནི་དཔེ་ཆ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལ་གོ་ཞིང་། ཟུར་ཁྲིད་དགེ་རྒན་ནི་དགེ་རྒན་གྱིས་སློབ་མའི་ཁྲོད་ཀྱི་ཡོན་ཚད་ཆེས་མཐོ་བ་དག་བདམས་ཏེ་སློབ་མ་གཞན་པ་ཚོར་ཟུར་དུ་སློབ་ཁྲིད་བྱེད་དུ་བཅུག་པ་ལ་ཟེར་བ་དང་། དེ་ནི་དགེ་རྒན་གྱི་དཔུང་ཁག་སྐྱེད་སྲིང་བྱེད་པ་དང་སློབ་སྦྱོང་ལ་ཅུང་ཞན་པའི་སློབ་མའི་ཡོན་ཚད་ཇེ་མཐོར་གཏོང་བ་ལ་ནུས་པ་ཆེན་པོ་ལྡན་པ་རེད།
 
    གསུམ། དགེ་རྒན་གྱི་འོས་ཚད་དང་སློབ་མའི་ཆ་རྐྱེན། དགེ་རྒན་གྱི་མཚན་ཉིད་ནི་མདོ་རྒྱུད་ལས་མང་དུ་གསུངས་ཀྱང་དེ་དག་ལས་ཚིག་དོན་གསལ་བར་བསྡུས་པ་ལ་རྗེ་ས་པཎ་གྱིས“གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ་དང་།ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པ་བཅས་སྤྱོད་ཡོན་ཀུན་སློང་གསུམ་གྱི་ཡོན་ཏན་ལྡན་དགོས་པར་གསུངས་པ་དང་།གཞན་ཡང་མདོ་སྡེ་རྒྱན་ལས“བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །”ཞེས་བཤེས་གཉེན་གྱི་འོས་ཚད་ནི་ཡོན་ཏན་བཅུ་ལྡན་དུ་གསུངས་འདུག་ལ། ད་ལྟའི་དུས་སུ་དེ་འདྲ་འོང་དཀའ་མོད་མ་མཐར་ཡང་དུལ་བ་དང་ཡོན་ཏན་ལྷག་པ།སྐྱོ་ངལ་མེད་པའི་ཆ་རྐྱེན་འདི་གསུམ་ཙམ་དགེ་རྒན་དག་ལ་ངེས་པར་འཛོམ་དགོས་པར་སྙམ།
 
    སློབ་མའི་མཚན་ཉིད་ལ་དབུ་མ་བཞི་བརྒྱ་བ་ལས“གཟུར་གནས་བློ་ལྡན་དོན་གཉེར་བའི།། ཉན་པོ་སྣོད་ཅེས་བྱ་བར་བཤད། །”ཅེས་དང་། ས་པཎ་མཆོག་གིས“བློ་གསལ་ཤེས་འདོད་བླ་མར་གུས”ཞེས་བློ་ནི་རང་བཞིན་གྱིས་གསལ་བ་སྟེ།སྐྱེ་སྟོབས་ཀྱི་རིག་པ་ལྡན་པས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ནུས་པ་དང་།ཤེས་བྱའི་གནས་ལ་རྟག་གུས་ཀྱི་བརྩོན་འགྲུས་དང་ལྡན་པས་སློབ་འདོད་ཀྱི་འདུན་པས་མི་གཏོང་བ།དགེ་བའི་བཤེས་གཉེན་ལ་སྒོ་གསུམ་རྣམ་པར་དག་པས་གོང་བཀུར་བྱེད་ཅིང་སློབ་ཁྲིད་ལ་དགའ་སྣང་གིས་ཁེངས་ཏེ། མུ་འགོད།རྩོམ་པ་པོ་ནི་རྨ་ལྷོ་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།
མཚོ་སྦོན་བོད་ཡིག་གསར་འགྱུར།2012.11.02།པར་ངོས16།
 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།