སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་གྱི་རིན་ཐང་གླེང་བ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་གྱི་རིན་ཐང་སྐོར་ཕྱོགས་གསུམ་ནས་གླེང་ཡོད་དེ། སྔགས་སའི་མཚམས་ཐོག་དང་སྔགས་ས་དགེ་བཤེས་ལ་དཔྱོད་བྱེད་ཀྱི་རིན་ཐང་དང་། ཨ་མདོའི་ཡུལ་སྐད་དང་ཡུལ་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ལ་དཔྱོད་བྱེད་ཀྱི་རིན་ཐང་། འབྲོག་པའི་འཚོ་བ་དང་རིག་གནས་ལ་དཔྱོད་བྱེད་ཀྱི་རིན་ཐང་བཅས་སོ། །
གནད་ཚིག སྔགས་ས་དགེ་བཤེས། བཀའ་རྩོམ། རིན་ཐང་།
དེ་ཡང་མཁས་པས་མཛད་པའི་བསྟན་བཅོས་ཚད་ལྡན་ཞིག་ཡིན་ཕྱིན། དེས་དངོས་ཤུགས་གང་རུང་ནས་མི་རྣམས་ལ་འཇུག་ལྡོག་གི་རྣམ་གཞག་སོགས་སྟོན་པ་ཡིན་གཤིས། མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གིས་རང་རང་གི་བློའི་འཇུ་སྟོབས་ལྟར་གོ་བ་ལེན་པ་དང་། བསྟན་བཅོས་དེ་དག་གི་ཤན་ཤུགས་ཀྱིས་ཁོང་ཚོའི་སྤྱོད་ལམ་ཡང་ལེགས་པོར་བསྒྱུར་ངེས་པས། དེ་ནི་ཏག་ཏག་ལ་བསྟན་བཅོས་དེའི་རིན་ཐང་དུ་ངོས་བཟུང་ན་འགྲིག་པར་བསམས། སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་ལ་མཚོན་ན། སྔོན་ཆད་གསུང་རྩོམ་པོ་ཏི་དྲུག་ཡོད་པར་བཤད་ཀྱང་། ད་ལྟ་མིག་གི་ལོངས་སྤྱོད་དུ་འགྱུར་ཐུབ་པ་གསོལ་འདེབས་དང་བསླབ་བྱ་སོགས་ཀྱིས་གྲུབ་པའི《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས》འདི་གཅིག་པུ་རེད། ཡིན་ནའང་བཀའ་རྩོམ་གཅེས་བསྡུས་དེའི་ནང་དུ་ནང་དོན་མང་པོ་ཞིག་འདུ་བར་མ་ཟད། ཚིག་སྦྱོར་ལ་ཕལ་སྐད་ཀྱི་ཉམས་ཆེ་བས་སྤྱིར་བཏང་གི་ཡིག་ངོ་ཆོད་པ་ཚུན་ཆད་ཀྱིས་མ་མཐར་ཚིག་ངོས་ནས་གོ་བ་ལེན་ཐུབ་པ་དང་། ཟབ་མོ་ཆོས་ཀྱི་གནས་ལུགས་གོ་བདེའི་ངག་གིས་སྤེལ་བས་རང་རྒྱུད་འདུལ་བར་བྱེད་པ། དཔེ་དོན་འབྱོར་ཞིང་ཁྱིམ་པ་ཕོ་མོའི་འཚོ་བ་དང་ཡང་ཉེ་བར་འབྲེལ་བ་སོགས་ཀྱི་རིན་ཐང་མང་ཡང་། འདིར་སྤྱི་ཁོག་གི་ཆ་ནས་ཁོང་གི་བཀའ་རྩོམ་གྱི་རིན་ཐང་ཅུང་ཟད་ཅིག་གླེང་ཁུལ་བྱས་ན།
དང་པོ། སྔགས་སའི་མཚམས་ཐོག་དང་སྔགས་ས་དགེ་བཤེས་ལ་དཔྱོད་བྱེད་ཀྱི་རིན་ཐང་།
དེ་ཡང་སྔགས་སའི་མཚམས་ཐོག་གོང་མ་སྤྱི་ལོ1912ལོར་ཕྱག་བཏབ་པ་ནས་ད་ལྟའི་བར(2012ལོའི་བར)ཏག་ཏག་ལ་ལོ་ངོ་བརྒྱ་སོང་འདུག་པ་དང་། རྒྱ་བཟའི་མཚམས་ཐོག་ཞོལ་མ་སྤྱི་ལོ1902ལོར་ཐོག་མར་ཕྱག་བཏབ་པ་ནས་ད་ལྟའི་བར་ལོ་ངོ་བརྒྱ་དང་བཅུ་སོང་བ་དང་། སྔགས་ས་དགེ་བཤེས་སྤྱི་ལོ1878ལོར་སྐུ་འཁྲུངས་ནས་ད་ལྟའི་བར་ལོ་ངོ་བརྒྱ་དང་སོ་བཞི་འདས་པ་དང་སྤྱི་ལོ1959ལོར་སྐུ་གཤེགས་ནས་ད་ལྟའི་བར་ལོ་ངོ་ང་གསུམ་འགོར་བའི་རིང་ལ་མཚམས་ཐོག་གོང་ཞོལ་གྱི་གདན་རབས་ཁ་ཚང་ཞིག་དང་། སྔགས་ས་དགེ་བཤེས་ཀྱི་རྣམ་ཐར་རྒྱས་པ་ཞིག་དུས་ད་ལྟའི་བར་དུ་མིག་གི་ལོངས་སྤྱོད་དུ་གྱུར་མ་ཐུབ་པ་ལའང་ཕྱི་ནང་གི་རྒྱུ་རྐྱེན་ཡོད་ཀྱང་། འདི་ལྟར་རེ་ཆད་དང་ངན་ཁག་གི་ལམ་དུ་བཀྲི་ནས་བཞག་ན་འོས་མིན་པས། དགོན་པའི་གདན་རབས་དང་བླ་མའི་རྣམ་ཐར་འབྲི་བ་ལ་གཞི་འཛིན་སའི་ཁུངས་ཞིག་དང་ལོ་རྒྱུས་ཀྱི་གནས་བབ་མཚོན་པའི་གསུང་རྩོམ་སོགས་ཉེ་བར་མཁོ་ན། སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་ལས་ཚུལ་དེ་རིགས་ཅུང་མང་སྟེ། དཔེར་ན། སྔགས་སའི་མཚམས་ཐོག་གོང་མའི་གནས་དེར་སྔོན་དམ་པ་གང་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བ་དང་གནས་དེའི་ཁོར་ཡུག་གི་བཀོད་པ་སོགས་འདི་ལྟར་བསྟན་ཡོད་དེ། སྒོས་ཤར་ཕྱོགས་རྨ་རྒྱལ་གངས་ཀྱི་འདབས། །མགོན་ཀླུ་སྒྲུབ་རྣམ་སྤྲུལ་བལྟམས་པའི་ཡུལ། །ས་ཁྱབ་འབྲོང་རྐ་གསུམ་མིང་ཆགས་པ། །ཕྱོགས་ཀུན་བཀྲ་ཤིས་རྟགས་ཀྱིས་མཛེས། །མཐའ་ཉལ་འགྲོའི་རྒྱུན་གྱི་ར་བས་བསྐོར། །སྟོད་གངས་རིའི་རི་བོ་མཁའ་ལ་བསྙེགས། །སྨད་ལྷ་ཤིང་ཀླུ་ཤིང་ནགས་ཀྱིས་མཛེས། །བར་སྤང་རི་བྲག་དང་ཤུག་པས་བརྒྱན། །ས་དེ་དཀྱིལ་འབྲོང་ཐུ་ཞེས་གྲགས་པ། །ཕུ་རྫ་རིས་སྤྲིན་དཀར་ཅོད་པན་འཛིན། །མདའ་ཐང་ཆེན་གསེར་གྱི་མེ་ལོང་བརྡལ། །ཉིན་བྲག་རི་དུང་གི་ཕྲེང་བ་བསྒྲིགས། །སྲིབ་སྤངས་རི་རིན་ཆེན་སྤུངས་པ་འདྲ། །དཔལ་བཀྲ་ཤིས་དགེ་མཚན་སྟོང་གིས་གཏམས། །རྗེ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱིས། །ས་འདི་རུ་ཞབས་ཀྱི་པདྨོ་བཀོད། །གདོན་ནག་ཕྱོགས་འབྱུང་བོ་རྒྱང་དུ་བསྐྲད། །ཀླུ་སྲིན་པོ་བྱང་ཆུབ་ལྷ་རི་སོགས། །ལྷ་དཀར་ཕྱོགས་སྐྱོང་རྣམས་དམ་ལ་བཞག །ཆོས་ཚུལ་བཞིན་སྒྲུབ་པ་གཉེར་དུ་གཏད། །གནས་བཀྲ་ཤིས་ཆོས་རྫོང་གདན་ས་འདིར། །མགོན་སྐྱབས་གནས་ཟླ་བའི་མཚན་ཅན་དང་། །རྗེ་ངག་དབང་བཟང་བོ་ལ་སོགས་པའི། །ཁོང་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས། །ཞེས་འབྱུང་བ་དང་། དེ་བཞིན། སྔགས་ས་དགེ་བཤེས་ཀྱི་རྣམ་ཐར་གྱི་ས་བོན་བཙལ་ནའང་ཡོད་དེ། མི་ང་ནི་འོད་གསལ་ལྷ་ལས་ཆད། །སྟོད་ས་སྐྱ་འཁོན་གྱི་གདུང་རྒྱུད་ཡིན། །དཔོན་ལྷ་རྗེ་བྲག་སྣ་བྱ་བ་དེ། །ས་མདོ་སྨད་ཕྱོགས་སུ་རྐང་འཁྱར་ནས། །གཞི་རེབ་གོང་གསེར་མོ་ལྗོངས་སུ་ཆགས། །བུ་མདོ་སྡེ་སྐལ་བཟང་འབུམ་བྱ་བས། །མདའ་ཉག་ཕྲན་བརྒྱབ་ནས་ཤ་བ་བསད། །བུ་གསུམ་གྱིས་ཕ་ཡི་ངག་བཞིན་དུ། །རྭ་བཅུ་ལྡན་ལུས་ཀྱི་གང་ཟིན་བཟུང་། །བུ་ཤ་བའི་ཕོ་བ་འཛིན་པ་དེ། །ཕ་ལྷ་རྗེ་ཕ་ས་བོན་ཁོག་གི། །ལྷ་རི་ཆེ་ལྷ་ཞོལ་ཕ་མཁར་བཏབ། །གྲོང་བློན་ཆེ་ཆ་རྟིང་གསུམ་དུ་གྱེས། །རོང་སངས་རྒྱས་འབུམ་གྱི་བུ་རྒྱུད་ལ། །ལྷ་རྟ་མཆོག་གར་གྱི་རྣམ་རོལ་བ། །དཔོན་རོང་སྔགས་ཁྲ་མོ་སིལ་སིལ་འཁྲུངས། །སྲས་ཕ་ཤུལ་ཆོད་པ་རྣམ་གསུམ་ཡོད། །དུས་ད་ལྟ་སྔགས་ས་ཕ་ཚོ་གསུམ། །དེ་གསུམ་གྱི་རུས་རྒྱུད་འཁྲུལ་མེད་ཡིན། །དཔོན་མི་ཆེན་ཚེ་འབུམ་རྒྱལ་གྱི་དུས། །ས་མང་འབའ་བྱ་གསུམ་བརྒྱུད་ནས་འཁྱར། །ངའི་ཕ་ས་རྐ་དབུས་འབྲོང་ཐུ་གསུམ། །ལྷ་གུར་མགོན་སྤྲུལ་བའི་མི་དབང་མཆོག །དཔོན་ཁམས་གསུམ་དབང་སྡུད་ཡི་དམ་སྐྱབས། །སྟོབས་བློ་རིག་རྩལ་གྱིས་ས་འདི་ཐོབ། །དཔོན་དེ་ཡི་ཚ་བོ་ང་ཡི་ཕ། །ཕ་མགོན་པོ་ཚེ་བརྟན་ཁམས་ལས་གྲུབ། །ཅེས་སྔགས་སའི་ཁྱིམ་རྒྱུད་ཀྱི་སྐྱེས་ཁུངས་གསལ་བོར་བསྟན་ཅིང་། ཁོང་གི་ཡབ་མེས་དག་གིས་གནས་འདི་ཐོག་མར་ཇི་ལྟར་བདག་གིར་བཟུང་ཚུལ་སོགས་དངོས་ཤུགས་གང་རུང་ནས་མངོན་འདུག་ལ། ལྷག་པར་སྔགས་ས་དགེ་བཤེས་ཀྱི་རྣམ་ཐར་གྱི་འགངས་ལྟ་བུ་ཡང་མཚོན་ཡོད་པར་འདོད་དེ། ལོ་རབ་བྱུང་བཅོ་ལྔའི་ས་སྟག་གི། །ཟླ་གཉིས་པའི་བཅུ་བདུན་ནམ་གུང་སྐྱེས། །ས་ཆོས་ལུང་རི་རྒན་མཐོན་པོའི་མགུལ། །མི་ང་ཡི་ལྟེ་ཕྲག་འཕོ་བའི་གནས། །ལྷ་བྱང་ཆུབ་ལྷ་རི་ཞལ་དཀར་འདི། །མི་ང་ཡི་སྐྱེས་ལྷ་གཉན་པོ་ཡིན། །གནས་བཀྲ་ཤིས་ཆོས་རྫོང་གདན་ས་འདི། །མི་ང་ཡིས་དགོན་གཞི་བཟུང་བའི་ས། །ལྷ་ཕྱག་ན་པད་དཀར་འཆང་བ་འདི། །མི་ང་ཡིས་སྒྲུབ་པའི་ཡི་དམ་ཡིན། །མགོན་ནག་པོ་ཆེན་པོ་ཕྱག་དྲུག་པ། །མི་ང་ཡིས་བསྟེན་པའི་ཆོས་སྐྱོང་་ཡིན། །ལམ་དཀའ་ཐུབ་སྨྱུང་བར་གནས་པ་འདི། །མི་ང་ཡིས་ཉམས་སུ་ལེན་བྱའི་ཆོས། །ཆོས་ཀུན་གྱི་ཡང་སྙིང་ཡི་གེ་དྲུག །མི་ང་ཡིས་བཟླ་བྱའི་གཟུངས་སྔགས་ཡིན། །ཟས་དཀར་གསུམ་མངར་གསུམ་ཕྱིང་རས་གོས། །མི་ང་ཡིས་བཙུགས་པའི་ཆོས་ལུགས་ཡིན། །ཞེས་གསུངས་ཡོད་པས། འདི་ལས་སྔགས་ས་དགེ་བཤེས་ལ་ཆ་རྒྱུས་མེད་མཁན་ཞིག་ལ་མཚོན་ནའང་སྤྱི་ཁོག་གི་ཆ་ནས་ཅུང་ཟད་ཅིག་ངེས་ཐུབ་པ་དང་། མ་ཟད་འདི་ནི་ཁོང་གི་རང་རྣམ་ཧ་ཅང་བསྡུས་པ་ཞིག་ཀྱང་ཡིན་པས། སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་འདི་ལ་ཡང་དང་བསྐྱར་དུ་དཔྱད་ཞིབ་བགྱིས་ཚེ། སྔགས་སའི་མཚམས་ཐོག་གི་ལོ་རྒྱུས་གནད་བསྡུས་ཤིག་ངོས་དང་ཟུར་མི་འདྲ་བ་ནས་རྙེད་ཐུབ་ལ། དེ་བཞིན་སྔགས་ས་དགེ་བཤེས་ཀྱི་རྣམ་ཐར་གྱི་འགངས་ཀྱང་གསལ་བོར་བསྟན་ཡོད་པས། ཞིབ་འཇུག་བྱེད་མཁན་དག་གིས་སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་འདི་གཞི་བྱས་ནས་འབྲེལ་ཡོད་དགོན་པའི་བཅའ་ཡིག་སོགས་བསྡུར་ནས་དཔྱད་ཞིབ་མང་དུ་བགྱིས་ན། སྔགས་སའི་མཚམས་ཐོག་གི་ལོ་རྒྱུས་དང་སྔགས་ས་དགེ་བཤེས་ཀྱི་རྣམ་ཐར་ཅུང་གསལ་བོ་ཞིག་བྲི་ཐུབ་ངེས་རེད།
གཉིས་པ། ཨ་མདོའི་ཡུལ་སྐད་དང་ཡུལ་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ལ་དཔྱོད་བྱེད་ཀྱི་རིན་ཐང་།
དེ་ཡང་ཡུལ་སྐད་ཅེས་པ་ནི། སྐད་ཆ་ཞིག་ལ་ས་གནས་དང་དུས་སྐབས། སྤྱི་ཚོགས་ཀྱི་འགྱུར་བ་བྱུང་སྟེ།
ཡི་གེའི་བཀླག་གདངས་དང་། ཐ་སྙད། སྒྲའི་སྦྱོར་ཚུལ་ཅི་རིགས་ཀྱི་ཆ་ནས་ཐུན་མོང་གི་སྐད་ཆ་དང་མི་མཐུན་པའི་ཆ་དེ་ལ་ཟེར[1]ཞིང་། བོད་ཀྱི་དབང་དུ་བྱས་ན། ས་གནས་ཀྱི་ཡུལ་སྐད་ལ་ཆེ་ས་ནས་དབུས་སྐད་དང་། ཁམས་སྐད། ཨམ་སྐད་ཅེས་གསུམ་ཡོད་ཅིང་། ཤེས་ནས་སྨྲ་མཁན་དག་གིས་ཨམ་སྐད་ནི་ཕལ་ཆེར་འབྲོག་སྐད་ཤས་ཆེ་བར་བར་བཤད། དེ་བས་རང་ཉིད་ཁོར་ཡུག་གང་ཞིག་ནས་ནར་སོན་ན། དེའི་ཡུལ་སྐད་ཀྱིས་ངང་ངམ་ཤུགས་ཀྱིས་ཤན་ཤུགས་ཐེབས་སྲིད་པས། ཤེས་མེད་ཚོར་མེད་ངང་ཡུལ་སྐད་དེས་དྲངས་པའི་གླུ་ངག་གཏམ་གསུམ་ལ་གོམས་པར་བྱེད། མ་ཟད་ད་དུང་རང་གིས་སྤྱོད་པའི་ཡུལ་སྐད་ལ་དུངས་པ་ཟབ་པ་དང་བྱང་ཆ་ལྡན་པའི་རྩོམ་པ་པོ་སྐོར་ཞིག་ཡུལ་སྐད་ཀྱི་ལམ་ནས་རྩོམ་པ་གནང་བར་དགྱེས་ཏེ། དཔེར་ན། ཞང་སྟོན་བསྟན་པ་རྒྱ་མཚོ་དང་། མཁས་དབང་དགེ་འདུན་ཆོས་འཕེལ། གུང་ཐང་བསྟན་པའི་སྒྲོན་མེ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ནི་ཨ་མདོའི་ཡུལ་སྐད་ལ་བཅིངས་པའི་རྩོམ་ཡིག་འབྲི་བར་ཤིན་ཏུ་དགྱེས་པས། ཡུལ་སྐད་ཀྱི་ཁྱད་ཆོས་ལྡན་ཞིང་ཉམས་སྣང་གིས་ཕྱུག་པའི་བརྩམས་ཆོས་མང་པོ་སྤེལ་ཡོད།དཔེར་ན། ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི་ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན་ཞེས་པར། ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན། །དུས་དབྱར་དགུན་མེད་པར་ཁོམ་དུས་མེད། །རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་པོ། །ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད། །ཕོ་འདོད་ཆགས་ཅན་གྱི་བློ་གཡེངས་པོ། །སེམས་རླུང་རྒོད་ལག་པས་ཁོག་དུས་མེད། །དབྱར་སོས་ཀའི་དུས་ཀྱི་བོང་གསེབ་དེ། །ཕོ་རང་ངེ་རང་ངེ་འདུག་དུས་མེད། །ཅེས་ཡུལ་སྐད་ཀྱི་ལམ་ནས་གསུངས་ཡོད་པས་ཉམས་སྣང་གིས་ཕྱུག་པ་ཞིག་ཡིན་པས། ཨ་མདོའི་ཡུལ་སྐད་དང་ལྷག་པར་ཡུལ་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་པ་གཏོང་ན། མཁས་དབང་དག་གིས་ཡུལ་སྐད་ཀྱིས་མཛད་པའི་གསུང་རྩོམ་ལ་མཇལ་ན་དེའི་རིན་ཐང་ངོ་མ་རྟོགས་སླའོ། །དེ་བཞིན་སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་ལ་མཚོན་ནའང་ཨ་མདོའི་ཡུལ་སྐད་ལ་བཅིངས་
ནས་གསུངས་ཡོད་དེ། བཀའ་རྩོམ་གཅེས་བསྡུས་ཀྱི་མགོ་ནས་མཇུག་བར་བཀླགས་ན། “ལས་སྐ”དང་།
“ཁ་རྒྱབ”“ཐོ་ཐུག”“ཇེ་ཐུར”“སྡོམ་མ་ཐོངས”“ཀུ་རེ་གཏོམས”“ཤི་རེ་གྱིས”“རྒྱུ་འབྲས་སྣོག”“ན་རག”སོགས་ཨ་མདོའི་ཡུལ་སྐད་ཀྱི་ཐ་སྙད་བཀོལ་ཡོད་ཅིང་། ཨ་མདོའི་ཡུལ་སྐད་ལས་ཀྱང་འབྲོག་སྐད་རྣལ་མར་གཞོལ་ཆེ་སྟེ། དཔེར་ན། རོང་བ་ཞིག་ཡིན་ཚེ། “སྡོམ་ན་ཐོངས”ཞེས་ཟེར་བ་ལས“སྡོམ་མ་ཐོངས”ཞེས་རྗེས་འཇུག་མ་སྒྲ་གསལ་བོར་མི་འབྱིན་པ་སོགས་ཀྱིས་ཤེས་སླ། དེ་ལྟའི་ཡུལ་སྐད་ཀྱི་ཐ་སྙད་སྤྱད་དེ། ཡང་ཅིག་སྐྱེ་བོ་ངན་པ་རྣམས། །ཕ་མའི་ཐོག་ཏུ་ཁྱི་ལྟར་རྒྱུག །ཕ་ལ་མིག་ལོག་རྒྱབ་ལོག་སྟོན། །ཨ་མ་རྐང་ཐོ་ལག་ཐོས་སྣོ། །ཆུང་མ་རྡོ་དང་དབྱུག་པས་བཅོམ། །ཆུང་མའི་ཕ་མ་རྣམ་གཉིས་དང་། །ཉེ་དུ་ཤི་བ་ཐམས་ཅད་ཀྱི། །ཉིན་རེ་བཞིན་དུ་མིང་ནས་འབོད། །ཁྱིམ་ཚང་བཟའ་བ་ཆེ་ཆུང་ལ། །ངོ་དཀར་སྟོན་ས་གཅིག་ཀྱང་མེད། །ཅེས་ཡུལ་སྐད་ཀྱི་ལམ་ནས་གསུངས་ཡོད་པས། ཡིག་སྐད་ཀྱི་ལམ་ནས་གསུངས་པ་ལས་ཀྱང་བདེན་སྣང་སྟེར་ཞིང་ས་ཆ་ཡུལ་ཕྱོགས་ཀྱི་འཚོ་བ་དང་ཡང་ཐག་ཉེ་བ་ལྟ་བུའི་ཉམས་སྣང་སྟེར་བས། དེ་ནི་ཞིབ་ཏུ་དཔྱད་ན་ཡུལ་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བྱེད་ནུས་ཤིག་ལ་རག་ལས་འདུག་གོ། །དེ་བཞིན། བུ་ངན་ག་འདྲ་གསོ་རེག་ལ། །ཁྱི་རྒན་ཞིག་ཀྱང་གསོས་པ་དགའ། །ཞེས་དང་། དགུན་དཔྱིད་ཚར་ཁ་ཡག་པའི་དུས། །ཤག་གོ་ཚང་གི་ལུ་གུ་རྐུ། །ཞེས་དང་། རང་བྱས་གཞན་མགོར་ཨེ་ཕོང་ལྟ། །མི་ཚེ་གང་ལ་རྒྱུ་འབྲས་སྣོག །ཞེས་སོགས་མང་དུ་འབྱུང་བས། ཨ་མདོའི་ཡུལ་སྐད་དང་ཡུལ་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་པ་གཏོང་ན། སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་དེར་དེ་དག་ལ་དཔྱོད་བྱེད་ཀྱི་རིན་ཐང་ལྡན་ལྡན་ནོ། །
གསུམ་པ། འབྲོག་པའི་འཚོ་བ་དང་རིག་གནས་ལ་དཔྱོད་བྱེད་ཀྱི་རིན་ཐང་།
དེ་ཡང་རིག་གནས་ཞེས་པར་གོ་བ་མང་ཡང་། དེའི་སྤྱིར་བཏང་གི་གོ་བ་ནི་མིའི་འཚོ་སྡོད་ལ་གོ་ཆོད་པའི་རིག་པ་མཐའ་དག་ལ་ཟེར་བ་ཡིན་པས། འོ་སྐོལ་ཚོའི་རྒྱུན་ལྡན་འཚོ་བའི་འགྲོ་འདུག་སྤྱོད་གསུམ་སོགས་རིག་གནས་ཤིག་དང་དམ་དུ་འབྲེལ་ཡོད་དེ། དཔེར་ན། འདུག་སའི་ཁང་བ་ཞིག་བཞེངས་པའི་དབང་དུ་བྱས་ན། དེ་ལའང་བཟོ་ལས་ཀྱི་ཤེས་བྱ་དགོས་པ་དང་། བཟའ་བཏུང་གི་ཕྱོགས་ལའང་དེའི་སྐོར་གྱི་ཤེས་བྱ་བདོག་པས། བཟའ་བཏུང་རིག་གནས་ཞེས་དམངས་སྲོལ་གྱི་སྐབས་ན་འབྱུང་བ་བཞིན་ནོ། །དེ་བཞིན་སྐབས་སུ་བབ་པའི་བཤད་བྱ་འབྲོག་པའི་འཚོ་བ་དང་རིག་གནས་ཀྱང་ཚུལ་དེ་ལས་མ་འདས་ཏེ། དཔེར་ན། འབྲོག་པའི་སྦྲ་ནག་ཕུབ་སྲོལ་གྱི་དམངས་སྲོལ་རིག་གནས་གཅིག་པུ་ལས་ཀྱང་འབྲོག་པའི་འཚོ་བ་དང་རིག་གནས་ཤིག་ངང་གིས་རྟོགས་འོང་། སྔགས་ས་དགེ་བཤེས་ཀྱང་ཨ་མདོའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་ནར་སོན་པའི་གོ་རིམ་ཁྲོད་དུ་ཨ་མདོའི་ཡུལ་ནས་དགེ་རྒན་བསྟེན་ནས་སློབ་གཉེར་གནང་བས། ཨ་མདོའི་འབྲོག་པའི་འཚོ་བ་དང་རིག་གནས་ལ་རྒྱུས་ལོན་མངའ་ཕྱིར། ཁོང་གི་སྨྱུག་རྩེ་ལས་འབྲོག་པའི་འཚོ་བ་དང་རིག་གནས་སྟོན་པའི་སྐོར་ཅུང་མང་སྟེ། དཔེར་ན། དགོང་ཙིག་རྒད་པོས་འདི་སྐད་ཟེར། །བུ་ངན་གླེན་པ་གོ་མེད་པོ། །མ་ཎི་པདྨེ་ཧཱུཾ་ར་ད། །ང་ཡིས་བཤད་གིན་མ་བསྡད་ན། །ཁྱེད་ཀྱིས་ཅི་ཡང་མི་ཤེས་པས། །མ་རྒན་གན་ཚོ་མ་ཎི་ཐོན། །ར་དང་ཤབ་གཟན་འོལ་རྩི་གྱིས། །གཡག་རྒན་འབྲི་རྒན་ག་དང་ག །ངན་ན་འགྲོ་གི་མ་འཇུག་དང་། །ཤབ་གཟན་ཚེ་བླུ་ཚོན་པོ་ག །དཔྱིད་ཀ་ཤི་ན་རྗིད་པ་ཡིན། །གན་ཚོ་ག་ཡིས་བརླག་བཏང་ན། །འདང་རྒྱག་ཅང་ར་ཨེ་ཡོད་ཀི། །ལུ་གུ་གན་ཚོ་ཝོང་སོང་ཟིག །ལག་མོ་གན་ཚོ་མི་སོས་ག །ཞེས་རྩེད་མཚར་གྱི་ཉམས་དང་ལྡན་པའི་སྒོ་ནས་དེ་ལྟའི་ཚུལ་མིན་གྱི་གཤིས་སྤྱོད་ལ་སུན་འབྱིན་བྱས་ཡོད་ཀྱང་།དེའི་ཤུགས་ན་ཤབ་གཟན་ཚོན་པོ་དཔྱིད་ཀ་ཤི་ན་རྗིད་པ་ཡིན་ཚུལ་སོགས་དམངས་སྲོལ་གྱི་ཤེས་བྱའང་ཡོད། དེ་བཞིན། ཉིན་གཅིག་ཨ་མས་བུ་མོ་དང་། །མནའ་མ་རྣམས་ལ་བསླབ་བྱ་སྟོན། །ཐག་རིང་མགྲོན་པོ་གལ་ཆེན་ལ། །ཇ་བཟང་སྐོལ་ལ་ཤིང་ཙེ་ཞོག །ཐག་ཉེའི་ཟ་ཟི་ལང་ལོང་ལ། །ཆུ་རྐྱང་ཞབས་ལ་ཆུར་སྒོང་གཏོར། །ཨ་མཆོད་ཡོད་དུས་ཆུར་རྫིས་དྲོངས། །རྩམ་པ་རེ་ཚོས་ཚ་ལ་གྱིས། །ཞོ་དར་ཡོད་ན་དེ་ཡིས་ཆོག །རྒད་པོ་བླ་རྒན་ངེད་རྣམས་ཚོ། །ཇ་རེ་ཡོད་ན་ཆོག་ནི་ཡེད། །ཁྱེད་རང་གཞོན་པ་རྣམས་ཚོས་ར། །ཅིག་ཅིག་ཚོད་ཚོད་བྱས་ན་བཟང་། །ཕོ་ལོང་ཨ་དིར་རྒྱགས་ཆེ་ན། །འགྲུལ་བའི་སྔོན་དུ་གཡག་ཚོ་འཆོར། །ལུག་རྫི་དང་ནི་གཡོག་མོ་ལ། །མར་མེད་རྩམ་པ་ནག་ཐོ་བྱིན། །ཤ་ཡི་ནང་ནས་གྲོད་པུ་དང་། །གློ་བ་རྒྱུ་སྟོང་ཤ་འཇའ་བྱིན། །ཁུ་རྐྱང་ཁ་ལ་རྩམ་དྲི་གྱིས། །དཀར་ཆུར་སྐོལ་དུས་ཆུར་ཁུ་བླུད། །བྱིས་པ་རྣམས་ཚོ་དར་བས་གསོས། །འོ་འཇོག་ཡོས་མར་ལན་རེར་བྱིན། །བཀྲུ་ཆུ་བཤལ་ཆུ་ཁྱི་ལ་བླུད། །བཀྲུ་བཤལ་མེད་དུས་བསྐྱུར་ན་ཆོག །ཁྱིམ་མཚེར་སྣ་གསུམ་སྟེར་བའི་ཚེ། །གཡོས་སོར་གསུམ་དང་ཁྲག་སོར་ལྔ། །བྲང་ཤ་གྲུ་བཞི་ཤོ་རྡེའུ་ཙམ། །རྒན་མོ་ང་ཡི་སྟེར་ལུགས་ཡིན། །ཞེས་ཨ་མ་རྒན་མོ་ཞིག་གིས་རང་གི་བུ་མོ་དང་མནའ་མར་གདམས་པའི་ཁ་ཏ་སློབ་གསོ་ལྟ་བུ་ཞིག་སྟེ། བཤད་ས་བུ་མོ་དང་ཉན་ས་མནའ་མའི་དཔེ་ལས་མ་འདས་ཀྱང་། འདིའི་ཤུགས་སུ་མགྲོན་པོ་བཟང་ངན་དང་གལ་ཆེན་ཡིན་མིན་ལྟར་ཟས་ཟ་མ་ཡང་དེ་བཞིན་གཡོས་སྐོལ་བྱ་དགོས་པ་པ་དང་། དེ་བཞིན་ཁྱིམ་གྱི་གཡོག་མོ་དང་སྒོ་ཁྱི་སོགས་ཀྱི་ཟ་འཐུང་ཡང་དེ་བཞིན་བཀོད་སྒྲིག་བྱས་འདུག་པས། འདི་ལས་འབྲོག་པའི་བཟའ་བཏུང་རིག་གནས་ཀྱི་རྒྱུན་ཤེས་ཀྱང་མི་ཉུང་བ་ཞིག་བསྟན་ཡོད་པ་སོགས་མདོར་ན་འབྲོག་པའི་འཚོ་བ་དང་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན། སྔགས་ས་དགེ་བཤེས་ཀྱི་བཀའ་རྩོམ་ནི་ངེས་པར་བལྟ་དགོས་པའི་དཔྱད་གཞི་ལེགས་པོ་ཞིག་གོ། །
ལུང་ཁུངས།
[1]ལྕགས་ཐར་རྒྱལ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། p28


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།