བོད་ཀྱི་ཤིང་བཟོའི་འབུར་བརྐོས་སྒྱུ་རྩལ་ཐད་ལ་རགས་ཙམ་དཔྱད་པ།

གཙོས། དཀའ་ཐུབ་རྒྱལ་གྱིས་བརྩམས།  

ནང་དོན་གནད་བསྡུས། ཤིང་བཟོའི་འབུར་བརྐོས་ནི་བོད་ཀྱི་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་ཡོད་ལ་རྣམ་པ་ཕུན་སུམ་ཚོགས་པ། དེ་ནི་མི་རིགས་གཞན་གྱི་འབུར་བརྐོས་སྒྱུ་རྩལ་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཆ་དང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པས་འདིར་ཤིང་བཟོའི་འབུར་བརྐོས་སྒྱུ་རྩལ་གྱི་བཟོ་ལུགས་བརྒྱུད་རིམ་དང་ལག་རྩལ་དེ་མིན་ཚོན་རྩི་བྱུག་སྟངས་སོགས་ལ་རང་གི་ནུས་ཚོད་ཀྱིས་ལྟ་ཚུལ་བཏོན་ནས་དཔྱད་ཁུལ་བྱས་ཡོད།

བརྡ་ཆད་གཙོ་བོ། འབུར་བརྐོས་སྒྱུ་རྩལ།  བཟོ་ལུགས་ལག་རྩལ།   ཚོན་རྩི་བྱུག་སྟངས།

d20f1ab75b7d99d030f32ac68b48ae8e.jpg

གླེང་སློང་བ།

བོད་ཀྱི་ཤིང་བཟོའི་འབུར་བརྐོས་སྒྱུ་རྩལ་ཐད་ལ་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་རྒྱལ་ཁབ་ཕྱི་ནང་ཀུན་དུ་སྙན་པའི་གྲགས་པ་ཆེ་ཆེར་ཁྱབ་ཡོད། དེ་ལ་དངོས་ཡོད་ཀྱི་ཞིབ་འཇུག་གི་གནས་ཚུལ་དང་བོད་རྒྱ་ཤིང་བཟོའི་འབུར་བརྐོས་སྒྱུ་རྩལ་གྱི་ཆེད་བྲིས་དཔྱད་རྩོམ་ཡང་ཤིན་ཏུ་མང་པོ་ཡོད་དེ་སྨན་སྒང་བ་ཡོན་ཏན་ཚེ་རིང་གིས་བརྩམས་པའི་བོད་ཀྱི་ཐང་ག་རི་མོའི་རྨང་གཞི་རྩ་གནད་མཁོ་འདོན་དང་ལག་རྩལ་གྱི་མན་ངག་བཙན་ཐབས་སུ་རྟོགས་པའི་ལེགས་བཤད་ཀྱི་དམིགས་སྒོ་ཅུང་ཟད་བསྟན་པ་དང་དེ་མིན་བསྟན་པ་རབ་བརྟན་གྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་བརྗོད་པ་དེ་བཞིན་དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན།པདྨ་གཡུ་སྒྲོན་སོགས་ཀྱིས་བརྩམས་པའི་བོད་ཀྱི་ལག་རྩལ་ཀུན་འདུས་ཆེན་མོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཐུན་མོང་རིག་གནས་ཀྱི་རྣམ་བཞག དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་བཟོ་གནས་སྐྲ་རྩེའི་ཆུ་ཐིགས། དཀའ་ཆེན་བློ་བཟང་ཕུན་ཚོགས་ཀྱིས་བརྩམས་པའི་ལྷ་རིས་ཐིག་རྩ་ཀུན་གསལ་མེ་ལོང་ཞེས་པ་དང་བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་བོད་ཀྱི་ཆོས་ལུགས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་བོད་དབྱིན་གསུམ་ལས་བརྩམ་པའི་རྨད་བྱུང་ཞང་ཞུང་གི་འབྲི་རྩལ། བརྩོན་འགྲུས་རབ་རྒྱས་དང་རྡོ་རྗེ་རིན་ཆེན་གྱིས་མཛད་པའི་བོད་ཀྱི་རི་མོ་སྤྱིའི་རྣམ་བཞག་བློ་གསལ་འཇུག་སྒོ།  གཞན་ཡང་丹巴饶旦教授出版的《西藏美术史略》《汉藏藏汉美术词典》《藏族绘画》བྱ་བྲལ་དཔལ་ལྡན་བློ་གྲོས་བཟང་བོས་མཛད་པའི་བཟོ་རིག་བསྟན་བཅོས་མདོ་རྒྱུད་གསལ་བའི་མེ་ལོང། འཚོ་མཛད་པ་བསྟན་པ་རྒྱ་མཚོས་མཛད་པའི་ཐིག་རྩའི་རྣམ་བཞག་མེ་ཏོག་ཕྲེང་མཛེས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའི་དུས་ཀྱི་འཁོར་ལོའི་ཐིག་རྩ་སོགས་གནའ་དེང་གི་མཁས་པ་མང་བོའི་དཔྱད་འབྲས་བགྲང་གིས་མི་ལང་བ་ཡོད་ལ།འདིར་བོད་ཀྱི་ཤིང་བཟོའི་འབུར་བརྐོས་སྒྱུ་རྩལ་སྐོར་ལ་བོད་ཀྱི་ལག་རྩལ་ཀུན་འདུས་ཆེན་མོ་རུ་ཕྲ་ཞིབ་སྒོས་གསུང་ཡོད་ལ་དེ་མིན་བྲིས་འབུར་བརྐོས་ཀྱི་སྒྱུ་རྩལ་གནས་བབས་དང་བརྐོ་བྲིས་བཟོ་ལུགས་ཀྱི་ཐབས་ཚུལ་མན་ངག་ཟབ་མོ་གནང་ཡོད། དཔྱད་གཞི་དེ་དག་གཙིགས་སུ་བཟུང་ནས་ཁུངས་ལུང་རྒྱུ་མཚན་གྱི་ལྟ་ཚུལ་རེ་བཏོན་ན་བརྟེན་ས་དང་རྒྱུ་བཅོལ་ས་ཞིག་ཡོད་པས་གོ་རིམ་མི་འཆོལ་བར་བདེ་ལེགས་ཡོང་བ་དང་ལྷག་པར་དུ་ཁ་བྱང་འདི་ལྟ་བུ་ཞིག་འདེམས་ནས་དཔྱད་ན་འདིའི་སྐོར་ལ་དཔྱད་འབྲས་ཉུང་བ་དང་དཔྱད་རྩོམ་གསར་འབྲི་བ་ཞིག་ལ་མཚོན་ནས་བཤད་ན་བསྐྱར་ཟློས་དང་རིན་ཐང་མེད་པའི་གནས་སུ་མི་འགྲོ་བ།གཞན་བོད་ཀྱི་བྲིས་འབུར་རིག་གནས་དང་ཤིང་བརྐོ་བཟོ་ལུགས་འདི་མི་རིགས་གཞན་གྱི་བཞུ་ལུགས་བཟོ་ལུགས་དང་བསྡུར་ན་ཐུན་མིན་གྱི་རིན་ཐང་དང་ཁྱད་ཆོས་གང་དག་ཡོད་པ།དེ་མིན་བོད་ཀྱི་ཤིང་བཟོའི་ལག་རྩལ་དང་ཤིང་བརྐོས་བཟོ་ལུགས་ལ་བརྟེན་ནས་རང་གི་མི་རིགས་ཀྱི་ལག་ཤེས་བཟོ་ལས་རིག་གནས་ལ་རྒྱུས་ལོན་དང་དེ་མིན་རིག་གནས་དེའི་ཤུགས་ལས་མཉམ་དུ་བརྡོལ་བའི་རི་མོའི་སྒྱུ་རྩལ་དང་ཆོས་ལུགས་ཀྱི་མཚོན་པའི་དོན་སྙིང་གཏིང་ཟབ་མོ་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱས་ན་དཔྱད་རིན་དང་རིག་གནས་མིའི་རིགས་རིག་པའི་ངོས་ཐད་སོགས་ནས་དོན་སྙིང་གཞན་དང་མི་འདྲ་བ་ཡོད་པས་འདིར་ཁུངས་སུ་དྲངས་ནས་དཔྱད་ཞིབ་དང་དབྱེ་ཞིབ་ཙམ་བྱས་པ་ཡིན།

ས་བཅད་དང་པོ།  ཤིང་དཀྲོལ་ལག་བཟོའི་སྐོར་གླེང་བ།

དང་པོ།  ཤིང་བཟོའི་ལོ་རྒྱུས་རགས་བཤད།

ཤིང་བཟོ་ནི་ལོ་རྒྱུས་སྟེང་ཡུན་རིང་ལྡན་ལ་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་མཛེས་དཔྱོད་འདུ་ཤེས་འཛིན་སྟངས་སོགས་ལ་ཅུང་ཆ་རྒྱུས་ཡོད་པ་མ་ཟད་མི་རིགས་འཚོ་སྡོད་ཀྱི་གནས་གཞི་དང་བསྟུན་ནས་དར་ཞིང་ཁྱིམ་གཞི་གསར་བསྐྲུན་དང་ལྷ་ཁང་འདུ་ཁང་སོགས་མི་རྣམས་འཚོ་སྡོད་བྱེད་སའི་ཡུལ་དང་འགྲོགས་ནས་དར་ཞིང་དེ་དག་སྐབས་དང་བསྟུན་ནས་གསར་དུ་བསྐྲུན་མཁན་གྱི་ལས་རིགས་ལག་བཟོ་བ་ཞིག་ཡིན་ཞིང་།བོད་དུ་ཆེ་མ་ཆུང་གསུམ་གྱི་ཕོ་བྲང་དང་རིག་གནས་གཙུག་ལག་ཁང་། དེ་མིན་ཕོ་བྲང་པོ་ཏ་ལ་གཙོ་བྱས་པའི་འཛུགས་བསྐྲུན་རིག་གནས་དང་ལྷ་ཁང་འདུ་ཁང་སོགས་ཀྱི་བཟོ་བཀོད་ཁྱད་ཆོས་ལ་བོད་མི་རིགས་ཀྱི་ཤིང་བཟོ་བའི་ཆུ་ཚད་དང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཁྱད་ཆོས་ངོ་མཚར་བས་ཤིང་བཟོ་བའི་ལག་རྩལ་དང་ཤིང་མཁན་རང་གི་ལོ་རྒྱུས་རྒྱུན་རིང་བ་ཤེས་ཐུབ།ཤིང་གི་ཁང་བ་དང་ཅ་ལག་དངོས་པོ།ཅོག་ཙེ་དང་ཤིང་བརྐོས་རྒྱུ་ཆ་སོགས་ངོ་མཚར་བ་དེ་དག་གིས་མི་རིགས་འདི་ལ་བཟོ་རིག་དར་སྔ་བ་དང་བཟོ་རིག་གི་ལག་རྩལ་དང་ཁྱད་ཆོས་དེ་མི་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པ་དང་བཟོ་བ་དང་བཟོ་སྐྲུན་རིག་གནས་ཁྱད་དུ་འཕགས་པ་ཡོད་པ་གསལ་རྟོགས་བྱུང་ཐུབ།།     

གཉིས་པ།  དེང་སྐབས་སྤྱི་ཚོགས་ཁྲོད་ཀྱི་གནས་སྟངས།

མགར་བ་ཤིང་བཟོ་སོགས་བོད་གནའ་རབས་དུས་སུ་ཧ་ཅང་ཉུང་ལ་ལག་རྩལ་ཏེ་དེང་གི་ཆར་དང་འདྲ་བར་ཆེད་ལས་སོགས་བརྒྱུད་ནས་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་དཔུང་སྡེ་དགེ་རྒན་མེད་པས་ལྷག་ཏུ་མགར་བ་ལ་དམའ་འབེབས་དང་དམན་སར་འཇོག་བཞིན་ཡོད་དཔེར་ན་མགར་བའི་ཟས་མི་ཟ་བ་དང་མགར་བའི་ཁྱིམ་ལ་མི་འགྲོ་བ།མགར་བས་དངོས་པོ་སོགས་བྱིན་ན་ཡང་མི་ལེན་པ་སོགས་གནས་ཚུལ་ཧ་ཅུང་ཛ་དྲག་ཡིན་པ་ང་ཚོས་པན་ཆེན་རིན་པོ་ཆེ་མགར་བ་རྡོ་རྗེ་ཚང་ལ་ཕེབས་པ་ཞེས་པའི་སློབ་ཚན་ལས་ཤེས་ཐུབ་པ་ལྟར།ཤིང་བཟོ་ནི་དེ་དང་མི་འདྲ་བར་གཙིགས་མཐོང་བྱེད་པའི་ཚུལ་ནི་ཟས་དྲ་སྒྲིག་གི་སྟེང་ནས་ཡང་ས་ཆ་ལ་ལར་ཤིང་བཟོ་ལ་ལྷག་དུ་བརྩི་མཐོང་བྱེད་པའི་སྣང་ཚུལ་ཡོད་སྟེ།དཔེར་ན་ཁྱིམ་ཚང་རང་གི་ཟས་ལས་ཆེས་བཅུད་ཅན་དང་ཞིམ་མངར་ཅན་པོ་ཤིང་བཟོ་ལ་བྱིན་ནས་ཁོས་སྔོན་ལ་ཟོས་རྗེས་ད་བཟོད་དེ་དག་གིས་ཟ་བཞིན་ཡོད་པ་རེད།གནས་ཚུལ་འདི་དག་གི་ཐད་ནས་གནའ་རབས་དང་མི་རབས་སྔོན་མའི་སྔོན་མར་ཤིང་བཟོའི་གནས་སྟངས་ཐད་ནས་གོ་གནས་ཆེན་པོ་བཟུང་ཡོད་པ་དང་དེ་ནི་མགར་བ་དང་རྡོ་བཟོ་སོགས་ལས་ཆེ་ཆེར་བརྒལ་ཡོད་པ་ལོ་རྒྱུས་ལ་ཕྱིར་མིག་ལྟོས་པ་ཙམ་གྱིས་ཤེས་སྲིད་ལ་རང་གི་ཉེ་འཁོར་གྱི་ཉེ་མི་དང་རྒན་གྲས་དག་ལ་དྲིས་ན་ཀུན་གྱིས་ལྟ་བ་གཅིག་མཐུན་ཡིན་པའི་ཆ་ནས་ཁྱིམ་ཚང་གི་བརྩི་བཀུར་དང་ལག་རྩལ་མི་སྣ་ཁག་ལས་ཅུང་ཡག་ཤོས་ཀྱི་གོ་གནས་བཟུང་ཡོད།དེང་གི་དུས་ལ་སྤྱི་ཚོགས་དེང་རབས་ཅན་དང་གོ་ལ་ཁྱིམ་གཅིག་ཅན་དུ་འགྱུར་གྱིན་ཡོད་པས་དུས་རབས་དང་དེང་རབས་ཀྱི་རྒྱུ་ཆས་ནང་ཚགས་དང་དེ་མིན་ཨར་འདམས་དང་སོ་ཕག་སོགས་ཀྱི་དངོས་བོ་གསར་བས་སྡོད་ཁང་དང་ཁང་བ་བསྐྲུན་པ་ནི་དུས་རབས་ལ་བསྟུན་པ་ལས་སྔོན་གྱི་བཟོ་སྐྲུན་རིག་གནས་ལ་རྒྱབ་འགལ་དང་ཁ་གཏད་དུ་ལངས་བ་མིན་པར་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་སྒོས་བཟོ་རྩལ་ལག་རྩལ་ལ་རེ་འདུན་གསར་བ་བཏོན་པས་སྲོལ་རྒྱུན་ཆིག་རྐྱང་དང་དེང་རབས་ཁོ་ནའི་བཟོ་སྐྲུན་ལག་རྩལ་གཅིག་པས་གོ་མི་ཆོད་པས་ཟུང་འབྲེལ་དང་དེང་རབས་ཀྱི་འཛུགས་སྐྲུན་ལ་སྲོལ་རྒྱུན་གྱི་སྲོག་བྱུག་པའི་ཆ་དེ་དགོས་བས་རེ་ཞིག་གང་ལ་གང་ཤེད་ཆེ་བའི་ཚུལ་ལྟར་ཆིག་རྐྱང་གི་སྲོལ་རྒྱུན་ལག་རྩལ་པ་དང་དེང་རབས་ཁོ་ན་བ་མཁོ་འདོན་གྱི་ཆ་ནས་མི་བྲིན་པས་རེ་ཞིག་གོ་མི་ཆོད་ལ་བེད་སྤྱོད་མེད་པའི་ཚུལ་དུ་ལུས་ཡོད།

ས་བཅད་གཉིས་པ། ཤིང་དཀྲོལ་ལག་བཟོའི་བཟོ་རྩལ་བརྒྱུད་རིམ།

དང་པོ།  ཤིང་རྒྱུ་ངོས་འཛིན།

ཕ་བུ་ཡིན་ཡང་ཤིང་རྒྱུ་ངོས་འཛིན་པའི་སྐབས་སུ་ཁ་རྩོད་དང་ནང་འགལ་ཡོང་སྲིད།ཤིང་བཟོ་མིག་རྣོ་བ་དེ་དག་གིས་ཤིང་གི་རྒྱུ་གང་བཟང་མིན་གཡས་གཡོན་ནས་བལྟ་བ་དང་ཐད་ཀར་ལག་འཇུ་བྱས་ཏེ་བལྟས་བ་ཙམ་གྱིས་ངོས་ཟིན་ཐུབ་ལ་སྤྱིར་བཏང་གི་ཤིང་རྒྱུ་ངོས་འཛིན་པའི་གོ་རིམ་ཁྲོད་ནས་ཤིང་གི་དྲང་སྒུར་དང་ཞེང་ཚད་ཤིང་བཟོ་བའི་འཆར་བཀོད་ལྟར་གང་ལ་གང་མཁོ་སོགས་རེ་རེ་བཞིན་ཁྲེ་ཙེ་ཡིས་འཇལ་བ་དང་ཐུ་གུའི་ཐིག་འདེབས་པ་སོགས་ནི་ཤིང་རྒྱུ་ངོས་འཛིན་པའི་ཁྲོད་བྱེད་ངེས་བའི་གནད་དོན་དག་ཡིན།

གཉིས་པ།   ཤིང་རྒྱུ་བདག་ཉར་སྐོར།

ཤིང་རྒྱུ་བདག་ཉར་ནི་ཤིང་ལས་བྱེད་པའི་ཉིན་གཅིག་གི་བྱ་བ་བྱེད་ཚར་བ་དང་དེ་མིན་ཤིང་བཟོ་བ་ལས་ཀར་འགྲོ་ཁར་བདག་ཉར་དང་ལག་ཆ་ཀུན་ཚང་མིན་ཞིབ་བཤེར་ཡང་ཡང་བྱས་རྗེས་ད་བཟོད་གཞི་ནས་ལས་ཀ་སྒྲུབ་དུ་འགྲོ་བཞིན་ཡོད།ཁྱིམ་ཚང་དེ་ན་ཤིང་ལས་བྱེད་སྐབས་ཉི་མ་ནུབ་པ་དང་ངལ་གསོ་བའི་མཚམས་སུ་ད་བཟོད་ལས་ཀ་དེ་བྱེད་ཀྱིན་ཡོད་ལ་དེ་ན་ཤིང་བཟོ་བ་དང་ཤིང་མཁན་རང་གི་ཉིན་རེ་རེ་ཡི་བྱ་བ་བྱེད་སྐབས་དལ་མགོར་མི་བྱེད་པ་དང་བར་ཆད་མི་འབྱུང་བའི་ཆེད་དུ་ཡིན་པས་ལས་ག་དེ་དག་ཤིང་མཁན་གྱི་སྒྲུབ་དགོས་ལ་ཤིང་མཁན་ནི་ལས་ཀ་བྱེད་མི་གཙོ་བོ་དང་ལག་ཆ་ཤིང་ནི་བྱ་བ་བྱེད་པའི་མྱུར་མཁོ་དངོས་པོ་ཡིན་པས་ཤིང་མཁན་གྱིས་ལག་ཆ་ལ་བརྟེན་ནས་ད་ཟོད་ཤིང་ལས་བྱེད་སྒོ་སྤེལ་ཀྱིན་ཡོད།

ཤིང་བཟོ་བ་རང་གི་ལག་ཆར་རྩིས་ཆེ་ལ་ཤིང་ལས་བྱེད་ཡུལ་གྱི་ཁྱིམ་ཚང་དང་དེ་མིན་ཁྱིམ་མཚེས་གཡས་གཡོན་གྱི་བྱིས་པས་ཤིང་བཟོ་བའི་ལག་ཆར་རེག་རེག་བྱས་ན་ཤིང་མཁན་ཁྲོང་ཁྲོ་ལངས་ནས་བྱིས་པར་བཀའ་བཀྱོན་ཕབ་སྲིད།དེ་མིན་ཤིང་མཁན་གྱི་ལག་ཆ་དེ་དག་ཅུང་རིན་ཐང་ཆེར་མེད་པའི་སྣང་བ་སྟེར་ན་ཡང་དེ་ནི་ཤིང་མཁན་ཁོ་ཚོའི་ལག་བརྟེན་ཡིན་ལ་ཡོང་འབབ་དང་སྒོར་མོ་ལེན་བྱེད་ཀྱི་ལག་ཆ་ཡིན་པས་གསེར་ལྟ་བུའི་འདང་རྩིས་ཡོད།དེ་བས་ཤིང་རྒྱུ་བདག་གཉེར་རྟག་ཏུ་བྱེད་ཀྱིན་ཡོད་ལ་ལས་ཀ་གཞི་ནས་ཡོངས་འགྲུབ་བྱུང་རྗེས་དེ་དག་གི་བདག་གཉེར་ཁྲོད་དངོས་བོ་རེ་རེ་རས་སོགས་ཀྱིས་བཏུམས་པ་དང་བཙའ་ཆགས་པར་སྣུམ་བྱུག་པ་སོགས་བྱེད་བཞིན་ཡོད།དེ་མིན་ལག་ཆ་རེ་རེ་ལ་བསྡུ་བྱེད་ཀྱི་ཁུག་ཐུམ་དང་སྒམ་ཆུང་སོགས་ཡོད་པ་འདིས་སྟེང་ནས་བོད་བཟོ་ཤིང་མཁན་དེ་དག་གི་ཤིང་རྒྱུ་ལག་ཆ་བདག་གཉེར་དེ་ཧ་ཅང་ཞིབ་ཚགས་ཡིན་པ་དང་གོ་རིམ་ཡོད་རང་གི་ལག་ཆ་ལ་ཐོད་པའི་མིག་ལྟར་གཅེས་བ་སོགས་ཡིན་པས་ཤིང་རྒྱུ་བདག་གཉེར་གྱི་ལས་ཀ་དེ་ཡང་གཞན་དང་མི་མཚུངས་བ་གསལ་རྟོགས་བྱུང་ཐུབ།

གསུམ་པ།     ཤིང་བཟོའི་རྒྱུན་མཁོའི་ལག་ཆ་དང་བེད་སྤྱོད་བྱེད་ཚུལ།

ཤིང་བཟོ་བས་རྒྱུན་མཁོའི་ལག་ཆ་བེད་སྤྱོད་པའི་ཁྲོད་ནས་ལས་གང་བྱེད་པ་ལ་ལག་ཆ་གང་མཁོ་བར་གཞིགས་ནས་བེད་སྤྱོད་བྱེད་བཞིན་ཡོད་ལ་སྟ་རེ་མཁོ་སར་སྟ་རེ་དང་ལེན་མཁོ་སར་ལེན་རྒྱག་པ་ལས་ཞ་དཔེ་ལྷམ་འགེབས་བྱེད་མི་སྲིད།དེ་བས་ཤིང་ལ་ཐིག་འདེབས་པའི་སྐབས་སུ་རྒྱུན་མཁོའི་ལག་ཆ་ཐིག་ཤིང་དང་དེ་མིན་ཁྲེ་ཙེ།རྟགས་རྒྱག་བྱེད་ཀྱི་ཞ་སྨྱུག་སོགས་ལ་བརྟེན་ནས་ལས་ཀ་བྱེད་ཀྱིན་ཡོད་པ་རེད།དེ་མིན་ཤིང་ལ་བརྐོས་རྒྱག་པའི་སྐབས་སུ་བརྐོ་འབུགས་སྟ་རེ་སོགས་མཁོ་བྱེད་ལག་ཆ་ལ་བརྟེན་ནས་ལས་ཀ་ཡོངས་འགྲུབ་བྱེད་ཀྱིན་ཡོད།དེ་མིན་ཤིང་གཞོགས་གཏུབས་བྱེད་སྐབས་སོག་ལེ་དང་གློག་འཁོར་གཏུབས་བྱེད་འཕྲུལ་ཆས་སོགས་ལ་བརྟེན་ནས་ཤིང་གཏུབས་ཀྱིན་ཡོད།རྒྱུན་མཁོའི་ལག་ཆ་ནི་ཤིང་ལས་བྱེད་པའི་རྨང་གཞི་ཡིན་ལ་ཤིང་མཁན་གྱི་བྱ་བ་སྒྲུབ་པར་མེད་མི་རིང་བའི་ཡོ་བྱད་ཡིན་པས་དེ་བེད་སྤྱོད་བྱེད་སྟངས་ཡང་གོ་རིམ་ཡོད་ལ་ཞིབ་ཚགས་ཆེ་བའི་ལས་ཀ་ཞིག་ཡིན་པས་ཤིང་མཁན་གྱིས་དེ་དག་སྤྱོད་སྐབས་གཟབ་ནན་དང་བློ་རིག་སྒྲིམ་ནས་བེད་སྤྱོད་གྱིན་ཡོད།

ས་བཅད་གསུམ་པ། ཤིང་དཀྲོལ་གྱི་ལག་རྩལ་སྐོར།

དང་པོ།  འབུར་ལེན་རྒྱག་ཐབས།

 འབུར་ལེན་རྒྱག་ཐབས་ནི་ཤིང་ལས་བྱེད་པའི་ཁྲོད་མེད་དུ་མི་རུང་བའི་ལས་ཀ་ཞིག་ཡི་ལ་དེ་ནི་རྒྱུ་མཚན་མེད་པར་འབུར་ལེ་མི་རྒྱག་ལ་སྐབས་བབས་སུ་བེད་སྤྱོད་པའི་ཁེ་ཕན་དང་དམིགས་ཡུལ་ལ་གཞིགས་ནས་ད་བཟོད་འབུར་ལེན་རྒྱུག་གིན་ཡོད།དཔེར་ན།ནང་ཚགས་བྱེད་པའི་སྐབས་སུ་བར་སྟོང་རེ་རེ་ལ་ཁྲེ་ཙེ་ཡིས་འཇལ་བ་དང་ཡང་དག་པར་ཚད་རྗེས་ད་བཟོད་དེ་ལ་མཁོ་བའི་བཟོ་ཤིང་གཞོགས་གཏུབས་དང་འབུར་ལེན་རྒྱབ་ནས་བར་སྟོང་དང་ནང་ཚགས་བྱེད་ཀྱིན་ཡོད།རྒྱུན་ལྡན་འབུར་ལེན་རྒྱག་སྐབས་ངོས་སྙོམས་མིན་དང་འཇམ་པོར་གཏོང་ཡོད་མེད་ལ་ཤིང་བཟོ་བས་ཞིབ་ཏུ་བལྟས་རྗེས་ཡང་བསྐྱར་སྲབ་མཐུག་དང་ཆ་འགྲིག་ཡིན་མིན་ཞིབ་བཤེར་ཡང་ཡང་བྱས་རྗེས་ད་བཟོད་ལས་ཀ་ཡོངས་འགྲུབ་བྱེད་ཀྱིན་ཡོད།རྒྱུན་དུ་ཤིང་ལས་ཅུང་ཡག་ཤོས་དང་ཤིང་འཛེར་བ་མེད་པ་ཅན་དང་ཤིང་རྒྱུ་བཟང་པོར་བརྟེན་ནས་ད་བཟོད་འབུར་ལེན་རྒྱག་གིན་ཡོད།

གཉིས་པ།  རྟགས་དང་ཁུང་ཕུབ་རྒྱག་ཐབས།

རྟགས་རྒྱག་པ་ནི་རིམ་པ་དང་ཐོད་གཏུགས་ཡོང་བར་བྱ་ཕྱིར་དང་བར་སྟོང་གང་ལ་གང་ཙམ་མཁོ་བ་ཁྲེ་ཙེ་ག་ཙམ་མཁོ་བ་སོགས་མི་ནོར་བ་དང་ལས་ཀ་བསྐྱར་ཟློས་མི་བྱེད་པ་དང་འགོར་འགྱངས་མི་ཡོང་བའི་ཆེད་དུ་ཡིན་པས་རྟགས་ལ་བརྟེན་ནས་ཁུང་བུ་འབུགས་པ་འབུར་རྒྱག་པ་སོགས་གང་ཡིན་ཡང་མྱུར་མོའི་སྒོ་ནས་ལས་དོན་ལེགས་པར་འགྲུབ་པའི་ཐོག་མའི་ཆ་རྐྱེན་ཡིན།གལ་སྲིད་རྟགས་སོགས་ཅི་ཡང་མ་བཀོད་ན་རང་གི་བསམ་ཚོད་ཁོ་ན་བརྟེན་ནས་ཁུང་ཕུབ་དང་འབུར་རྒྱག་བྱས་ན་ནོར་འཁྲུལ་དང་སྐྱོན་ཆ་ཆེན་པོ་བཟོ་སྲིད་པས་རྟགས་རྒྱག་ནི་ཤིང་ལས་གོ་རིམ་ཁྲོད་ཀྱི་ཐོག་མའི་ལས་དོན་ཞིག་ཡིན་ལ་ལས་དོན་སོ་སོ་བདེ་བླགས་ཡོང་བའི་རྨང་གཞི་ཡིན་པས་རྟགས་རྒྱག་ལ་བརྟེན་ནས་བར་སྟོངས་བཅད་པ་དང་གཞོགས་གཏུབས་བྱེད་པ་དེ་མིན་ད་དུང་ཆེ་ཆུང་དང་ཚད་ལོན་ལེན་སོགས་ཧ་ཅང་མང་ལ་ཁུང་ཕུབ་རྒྱག་པ་ནི་གཙོ་བོ་རྟགས་གཞི་འཛིན་ས་བྱས་ནས་བརྐོ་ཤིང་གི་མགོ་ལ་ཐོ་བ་དང་སྟ་རེ་སོགས་ཀྱིས་རྒྱབ་ནས་ཁུང་བུ་ཕུག་པ་དང་དེ་དག་ཡང་ཆ་འཕྲོད་དུ་བཅུག་ནས་ཤིང་བརྐོས་ལས་ཀ་སྒྲུབ་པའི་ཤིང་བཟོ་བའི་ཤིང་ཆས་ལག་ཆ་ལ་བརྟེན་ནས་ལས་ཁུང་བུ་ཕུབ་པ་དང་འབུགས་རྒྱག་པའི་ལས་ཀ་ཞིག་ཡིན་པས་ཁུང་བུ་ཡོངས་སུ་བརྟོལ་དགོས་ཚེ་ཡོངས་སུ་བརྟོལ་དགོས་ལ་དེ་མིན་མི་དགོས་ཚེ་འཇལ་ཆས་དང་ཁྲེ་ཙེ་སོགས་ཀྱི་ཚད་པའི་གཞི་དེ་གཞིགས་ནས་ཁུང་ཕུབ་རྒྱག་གིན་ཡོད་ལ་དེ་ནི་འབུར་རྒྱག་དང་ལེན་རྒྱག་པ་གཞོགས་གཏུབས་ཀྱི་ལས་ཀག་དང་བསྡུར་ན་ཅུང་རྙོག་འཛིང་ཆེ་ལ་ཞིབ་ཆ་ལྡན་དགོས་པའི་ལས་ཀ་བྱེད་ཐབས་དེ་ཡིན།

གསུམ་པ།   བཅད་ཁ་དང་སྟེར་ཤུར་རྒྱག་ཐབས།

ཤིང་བཟོ་བས་འབུར་བརྐོས་བྱེད་སྐབས་སྐབས་བབས་ཀྱི་དགོས་མཁོ་ལ་དམིགས་ནས་བཅད་ཁ་རྒྱག་གིན་ཡོད་ལ་དེ་ནི་ཁྲེ་ཙེ་དང་འཇལ་ཆས་སོགས་ཀྱིས་ཡང་དག་པར་ཚད་རྗེས་ད་བཟོད་ལག་པ་འགུལ་ནས་ཚད་ངོས་བཟུང་གི་མཚམས་ཐིག་ནས་བཅད་ཁ་རྒྱག་གིན་ཡོད་པ་ཡིན།སྟེར་ཤུར་རྒྱག་ཐབས་ཡང་དེ་དང་འདྲ་བར་བཅད་ཁ་རྒྱབ་ཡོད་པའི་ཤིང་བཟོ་རྒྱུ་ཆ་ལ་ཤུར་རྒྱབ་ནས་རི་མོ་དང་ཚད་གཞི་ལ་གཞིགས་ནས་ལག་ལེན་དུ་འདེབས་པའི་ཤིང་བཟོའི་ལས་ཀ་བྱེད་ལུགས་ཞིག་ཡིན་ལ་དེ་ཡང་ཧ་ཅང་གི་ཞིབ་ཚགས་ཅན་དང་གོ་རིམ་ཅན་ཞིག་ཡིན།ཤིང་ལ་བཅད་ཁ་རྒྱག་པ་ལས་ཤིང་བཟོའི་ལས་ཀ་བྱེད་པའི་ཁྲོད་ནས་སྐབས་བབས་ཤིང་གི་དགོས་མཁོ་ལ་དམིགས་ནས་ཚད་ཐིག་དང་ཚད་ཤིང་གི་རྟགས་ལ་བརྟེན་ནས་བཅད་ཁ་རྒྱག་པ་དང་དེ་ནས་སྟེར་ཤུར་རྒྱག་གིན་ཡོད།ཤིང་བཟོ་བ་ཉམས་མྱོང་ཅན་དང་ཆུ་ཚད་ཅན་ཡིན་ན་ཤིང་གི་བཅད་ཁ་ལ་ཚད་ཆས་མི་མཁོ་བ་ཡང་ཡོད་ལ་དེ་དག་ནི་ཤིང་བཟོ་ལས་རིགས་སྤེལ་མང་བའི་ཁར་ད་བཟོད་ཉིན་རྒྱུན་གྱི་ལས་ཀའི་ཁྲོད་ནས་ལག་བྱང་ལ་བུད་སོང་བ་དང་གོམས་ལོབས་སུ་སོང་བས་ཡང་དང་ཡང་དུ་འཇལ་ཆས་བཟུང་ནས་ཚད་འཇལ་བྱད་མི་དགོས་བར་བཅད་ཁ་མྱུར་བར་རྒྱག་ཐུབ།དེ་མི་ཚད་སྟེར་ཤུར་རྒྱག་པ་ནི་ཡོ་འཁྱག་མི་འབྱུང་བ་དང་བཅད་ཁ་ལྟར་ཤིང་ངོས་ནས་ལས་ཀ་བྱད་པའི་གོ་རིམ་ཁྲོད་དུ་འཕྲོ་བརླག་དང་བེད་མི་ཆོད་པའི་ཚུལ་དུ་མི་འགྲོ་བས་དེ་གཉིས་ནི་ཤིང་བཟོ་བའི་ལས་ཤ་དེ་དག་རིམ་པ་ལྟར་སྒྲུབ་པའི་བརྒྱུད་རིམ་ཁྲོད་ནས་མེད་དུ་མི་རིང་ལ་གཟབ་ནན་དང་ཞིབ་ཚགས་དང་དོད་བྱེད་དགོས་བའི་ལས་ཀ་གཉིས་ཡིན།

ས་བཅད་བཞི་བ། ཤིང་དཀྲོལ་ཚོན་རྩི་བྱུག་སྟངས་དང་ཉར་ཚགས་སྐོར།

དང་པོ། ཚོན་རྩི་བྱུག་སྟངས། 

“ཚོན་སྦྱོར་མེ་དང་མ་བྲལ་ཞིང་།དམ་ཚོད་ཟུངས་ལ་སྣུམ་ཤ་འཆོར།” [༤]ཅེས་ཟེར་ཏེ་རི་མོ་དང་ཐང་ག་སོགས་ལ་ཚོན་ཆུས་དམ་བྱ་རྒྱུ་ཡན་པས་མེ་དང་དྲོད་ལ་མི་འབྲལ་བ་སོགས་བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས་ཚོན་བྱུག་གི་ཤེས་བྱའི་སྐོར་ནས་གསུང་ཡོད་།ཚོན་རྩི་བྱུག་པ་ནི་སྤྱིར་བཏང་གི་ཤིང་ལས་ལས་ཀ་འམ་ནང་ཚགས་དེ་མིན་ཀ་གདུང་སོགས་བཏེགས་ཚར་རྗེས་སམ་ནང་གི་སྒྲིག་བཀོད་དང་ཤིང་བཟོ་འཛུགས་བསྐྲུན་ཡོངས་སུ་འགྲུབ་རྗེས་ད་བཟོད་ཁྱིམ་ཚང་གི་རེ་འདུན་དང་མོས་མཁོ་ལ་གཞིགས་ནས་ཤིང་ངོས་ལ་ཚོན་རྩི་བྱུག་པའི་རྣམ་པ་དེ་ལ་བྱ་ཞིང་དེ་ནི་རི་མོའི་སྒྱུ་རྩལ་གྱི་བྱང་ཆ་དང་ཆུ་ཚད་ལ་བརྟེན་ནས་ཡོངས་འགྲུབ་བྱེད་པའི་ལས་ཀ་དེ་ཡིན།ལས་ཀ་འདི་ནི་ཐང་གའི་སྒྱུ་རྩལ་དང་འདྲ་བར་སྐྱ་ཐིག་དང་ཐོག་མར་ཇི་ཞིག་བར་དུ་ཇི་དང་དེ་ནས་ཇི་ཞིག་སོགས་རིམ་པ་ཡོད་པའི་སྒོ་ནས་བྱེད་ཀྱིན་ཡོད།ཚོན་རྩི་བྱུག་པ་ལ་ཐོག་མར་ཤིང་ངོས་གཙང་མ་ཡིན་དགོས་ལ་དེ་མིན་ཁང་བ་ཧྲིལ་བོའི་ངོས་སུ་དཀར་ཆུ་བྱུག་ནས་དེ་དག་སྐམ་པོར་གྱུར་ཚར་རྗེས་ད་བཟོད་ལྷ་བཟོ་ཡིས་ཁང་བའི་ངོས་དང་ཀ་གདུང་སོགས་ཆ་འགྲིག་ཡིན་པ་ལ་ཆ་འགྲིག་ཅན་དང་དེ་མིན་པར་ཁང་བདག་གི་རེ་བ་ལྟར་ཚོན་སྣ་གང་བྱུག་པ་དང་རྒྱལ་སྲིད་སྣ་བདུན།བཀྲ་ཤིས་རྟགས་བརྒྱད།དཀྱིལ་འཁོར་དང་སྟག་སེང་ཁྱུང་འབྲུག།དེ་མིན་ནོར་བུ་དང་བུམ་པ་རླུང་རྟ་སྡེ་བཞི་སོགས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བྲིས་ཚར་རྗེས་དེ་དག་རེ་རེ་ཡི་ཐོག་ལ་གསེར་ཆུ་དངུལ་ཆུ་བྱུག་ནས་ཚོན་སྣ་སྡེབ་པ་དང་ཁ་དོག་རྣམ་པར་བཀྲ་བའི་ཚོན་རྩི་དང་རི་མོའི་སྒྱུ་རྩལ་ཟུང་འབྲེལ་སྒོས་ཡོངས་འགྲུབ་བྱེད་པ་དེ་ཡིན། ཤིང་བཟོ་བ་བོ་འདི་ཉིད་ལྷ་བཟོ་བ་བོ་དང་འདྲ་བར་རང་གི་ལས་ཀར་དད་ཞེན་དང་དགའ་མོས་ཡོད་པ་དེ་མིན་ལྷག་པར་དུ་རི་མོའི་མཚོན་དོན་ཅན་གྱི་ལྷ་རྟེན་སོགས་བཞེངས་སྐྲུན་བྱེད་སྐབས་ལུས་ངག་གཙང་མའི་དམ་ཚིག་ཐུགས་ལ་བདམས་ནས་ལས་ཀ་བྱེད་མཁན་དེ་ཚོ་བྱིན་གྱིས་རློབས་ཞེས་བསྔགས་བརྗོད་དང་རེ་སྨོན་གནང་ཡོད།

གཉིས་པ།   ཚོན་རྩི་བྱུག་པའི་དགོས་པ།

ཚོན་རྩི་ནི་བོད་རང་གི་མཚོན་དོན་ཡོད་པའི་རི་མོའི་སྒྱུ་རྩལ་དང་རིག་གནས་མཚོན་པ་སྤྱིའི་གྱི་ཐོག་ནས་རང་གི་དད་པ་བྱེད་ས་དང་སྐྱབས་སུ་བཀུར་ས་དེ་མིན་ཚེ་གང་བོར་རང་གི་གདོངས་གྲོགས་དང་མགོན་དུ་བཞུགས་པའི་ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་སོགས་ཀྱིས་མཚོན་པའི་རིག་གནས་དང་ཆོས་ལུགས་ཀྱི་ཤན་ཤུགས་ཟབ་མོ་ཐེབས་ཡོད་པས་དེ་ལ་དགོས་པ་ཆེན་པོ་ཡོད། དེ་མིན་ཚོན་རྩི་བྱུག་ན་ཁང་བའི་ནང་གི་ཤིང་ཆས་གསར་བ་ཡིན་པའི་རྨང་གཞིའི་ཐོག་ཤིང་བཟོའི་རྒྱུ་ཆའི་མཛེས་པའི་སྟེང་ལ་རི་མོའི་སྒྱུ་རྩལ་དང་རིག་གནས་མཚོན་པའི་བོད་ཀྱི་སྒྱུ་རྩལ་གྱི་སྲོག་བྱུག་པས་སྣང་བརྙན་ལྡན་ཞིང་གསོན་ཉམས་ཐོན་པས་ངོ་མཚར་བའི་ལག་བཟོའི་སྒྱུ་རྩལ་དང་རིག་གནས་སྒྱུ་རྩལ་གྱི་བཤམས་སྟོན་ལྡན་རྟག་ཏུ་གནས་སྲིད།མི་སེམས་ཀྱི་སྣང་བ་སྐྱིད་ལ་ཤིང་གི་རྒྱུ་སྤུས་དང་འགྱུར་ལྡོག་སྲུང་འཛིན་བྱེད་ཐུབ་པར་མ་ཟད་བརྗིད་ཆགས་ཡིད་འོང་གི་སྣང་བརྙན་གསོན་པོ་རྟག་ཏུ་གནས་ཐུབ་ལ་མི་ཞིག་ལ་ཡག་ཅེས་ཀུན་གྱིས་གླེང་བ་ལས་ཚོན་བྱུག་ཚེ་གླེང་གཞིར་གྱུར་བའི་མི་དེ་ལམ་སེང་ཀུན་གྱི་མིག་ལམ་དུ་མངོན་པ་དང་ཆ་འདྲ་བར་འདུག

གསུམ་པ། ཉར་ཚགས་སྐོར།

ཤིང་བཟོ་ལག་རྩལ་བས་བསྐྲུན་པའི་ཤིང་བརྐོ་དང་ཤིང་རྒྱུ་ལས་གྲུབ་པའི་ཁང་པ་དང་ཡོ་བྱད་དེ་དག་ལ་ཚན་རིག་གིས་ཀྱང་ཁག་ཐེག་ངེས་ཅན་བྱས་ཡོད་ལ་བོད་ཀྱི་དགོན་པའི་ལྷ་ཁང་གི་རྨང་རྒྱུ་ཚང་མ་ཤིང་བཟོ་བའི་བརྐོ་ལུགས་དང་ལྷ་བཟོ་བའི་ཚོན་དང་རི་མོའི་སྒྱུ་རྩལ་གཉིས་འདུས་ཀྱིས་སྒྲུབ་པའི་རིག་གནས་སྒྱུ་རྩལ་ཞིག་ཡིན་ལ་དེ་དག་ཤིང་བཟོ་བའི་ཤིང་བརྐོས་བཟོ་ལུགས་རྒྱུ་ཆས་རྨང་གཏིང་ཞིང་ལྷ་བཟོ་བས་རི་མོའི་སྒྱུ་རྩལ་དང་རིག་གནས་རིན་ཐང་གིས་སྲོག་བྱུག་པ་རེད། ཤིང་བརྐོ་བཟོ་ལུགས་ལས་བསྐྲུན་པའི་ལྷ་ཁང་དང་བོད་རང་གི་ཁང་པ་ཆེ་མ་ཆུང་གསུམ་འདི་དག་ལ་ནི་དྲོད་གྲང་གི་སྲུང་འཛིན་ཡོད་ལ་ཚ་བ་ཆེ་བའི་སྐབས་སུ་རང་བཞིན་གྱིས་ནང་དུ་རླུང་བསུ་བཞིན་ཡོད་ལ་གྲང་ངར་ཆེ་བའི་སྐབས་སུ་ནང་ནས་ལྕགས་ཐབ་སོགས་ཀྱིས་མེ་བཏང་ཡང་དྲོད་གྲང་གི་སྙོམས་ཚད་མིའི་བདེ་ཐང་ལ་འཚམས་པ་དང་ཚེ་སྲོག་ལ་བསམ་པའི་ཚན་རིག་གི་རང་བཞིན་དང་ཐུན་མིན་གྱི་ཁྱད་ཆོས་ཡོད།དེ་མིན་ཚོན་རྩི་ལ་ཡང་དུས་ཡུན་རིང་བོར་ཡལ་དུ་མི་འགྲོ་བར་ཤིང་གི་རྒྱུ་ངོས་དང་ཚེ་སྲོག་རྒྱུན་གནས་སོགས་ལ་ཕན་པ་རྒྱ་ཆེན་པོ་ཡོད་པས་དེ་དག་ཉར་ཚགས་ཀྱི་དུས་ཡུན་རིང་ལ་ལྷག་དུ་མི་རིགས་གཞན་གྱི་མིག་ནང་ན་ཤིང་ཁང་གི་བཟོ་བཀོད་ནི་བྱིས་པའི་རྩེད་ཁང་དང་འདྲ་བར་རིན་ཐང་ཆུང་ལ་ཉར་ཚགས་ཆེར་བྱེད་མི་ཐུབ་པའི་བཟོ་ལུགས་རྗེས་ལུས་བ་ཞིག་ལ་སེམས་ཀྱིན་ཡོད།ཡིན་ཡང་དེ་ལྟ་བུ་ཞིག་གཏན་ནས་མ་ཡིན་ལ་ང་ཚོས་མི་རིགས་རང་གི་བཟོ་ལུགས་དེ་གཏན་དུ་ཤིང་ཚོན་རྡོ་གཡའ་མ་སོགས་ལ་བརྟེན་པ་ལས་མི་རིགས་གཞན་པ་དང་དེང་རབས་གྱི་ཨར་འདམ་དང་ལྕགས་སྟར་སོགས་ལ་མི་བརྟེན་པ་ནི་རྗེས་ལུས་ཞིག་ག་ལ་ཡིན།དེ་ནི་གོང་དུ་སྨྲས་པ་བཞིན་བཟོ་ལུགས་ཀྱི་རིན་ཐང་ཡོད་ལ་ཉར་ཚགས་ཀྱི་དུས་ཡུན་ཡང་རིང་བ་དང་ཚན་རིག་པས་ཀྱང་ཚོད་དཔག་དང་བཟོ་བསྐྲུན་པ་ཚོས་ཀྱང་བསམ་གཞིགས་བྱེད་མ་ཐུབ་པའི་ཆ་དང་བཟོ་ལུགས་རིག་གནས་ངོ་མཚར་བ་དང་གཞན་ལ་ངོམ་ཆོག་ཆོག་ཡིན་པའི་སྒྱུ་རྩལ་བཟོ་ལུགས་དང་རིག་གནས་ཉར་ཚགས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་རྒྱ་ཆེན་པོ་ལྡན།

ས་བཅད་ལྔ་བ། མཇུག་བསྡུ་བ།

ཕྲན་གྱི་དཔྱད་རྩོམ་འདིར་དམངས་ཁྲོད་རིག་གནས་དང་དམངས་སྲོལ་ལ་ཞིབ་འཇུག་བྱས་པ་དེ་དག་ལས་ཤིང་བརྐོས་སྒྱུ་རྩལ་དེ་མིན་རྡོ་བཟོ་དང་མགར་བཟོའི་ལས་རིག་ལག་རྩལ་སྐོར་སོགས་ལ་བོད་རིག་པའི་ཞིབ་འཇུག་དང་སློབ་གྲྭ་སོགས་མཐར་ཕྱིན་པའི་སློབ་ཆེན་པའི་སྡེ་ན་དཔྱད་འབྲས་ཉུང་བས་ཐེངས་འདིར་མཛུབ་སྟོན་རྒན་ལགས་ཀྱི་གཟབ་ནན་ཟབ་མོའི་དག་བཅོས་རབ་དང་རིམ་པ་ལས་འདི་ལྟ་བའི་དཔྱད་གཞི་ཆེད་ལས་དང་འཚམས་པའི་རྩོམ་ཡིག་ཅིག་འབྲི་ཐུབ་པ་བྱུང་ལ། གཉིས་ནས་བོད་རང་གི་ཤིང་བཟོ་སྒྱུ་རྩལ་འདི་ལ་དཔྱད་རིན་དང་ཞིབ་འཇུག་གི་རིན་ཐང་རྒྱ་ཆེ་བ།དེ་མིན་རྡོ་བཟོ་དང་མགར་བཟོའི་སྒྱུ་རྩལ་གང་ཡིན་ཡང་ཞིབ་འཇུག་གི་རིན་ཐང་བསམ་གྱིས་མི་ཁྱབ་པ་མཆིས་པས་དཔྱད་རྩོམ་འདི་འདྲ་ཞིག་འབྲི་ཁུལ་བྱས་པ་ཡིན། འདི་ལ་ནོར་སྐྱོན་དང་མི་འདང་ས་ཤིན་ཏུ་མང་བས་ཀུན་གྱིས་བསམ་འཆར་ལྷུག་པར་བཏོན་ཆོག དེ་དང་ཆབས་ཅིག་ཏུ་བོད་རང་གི་ཤིང་རྡོ་བཟོའི་སྒྱུ་རྩལ་ཐད་ལ་དུས་རབས་རིམ་བརྒྱུད་དུ་ཞིབ་འཇུག་དང་དོགས་སློང་གི་རིག་པས་དཔྱད་ཅིང་གོང་འཕེལ་དུ་ཡོང་བར་ཤོག དེ་མིན་བོད་རང་གི་ཤིང་རྡོ་ལྕགས་སོགས་ཀྱི་བཟོ་རིག་སྒྱུ་རྩལ་གྱི་ཚད་མཐོའི་རྣམ་པ་དེ་གཏན་དུ་གནས་པ་དང་།བོད་ཀྱི་བརྐོ་ལུགས་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་དེ་མིན་ཚོན་བྱུག་གི་མཛེས་རྩལ་སྒྱུ་རྩལ་སོགས་ཀྱི་རིན་ཐང་དང་ཐུན་མིན་ཁྱད་ཆོས་ཐད་ལ་སྔར་ལས་དཔྱད་ཞིབ་བྱས་ཏེ་དེ་དག་གི་ཡ་མཚན་པའི་སྒྱུ་རྩལ་རིན་ཐང་དང་རིག་གནས་ལོ་རྒྱུས་སོགས་ལ་དཔྱད་འབྲས་མི་དམན་པ་རེ་ལོན་ཐུབ་པའི་ཆོད་སེམས་དང་རེ་བ་ཟབ་མོ་སྙིང་ལ་བཅིངས་ནས་སྦྱར་བའོ།།


མཆན།

བསྟན་པ་རབ་བརྟན་གྱིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་བརྗོད་པ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིད་པར་དུ་བསྐྲུན།[C]P19

དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།[M]P441

སྨན་སྒང་བ་ཡོན་ཏན་ཚེ་རིང་གིས་བརྩམས་པའི་《བོད་ཀྱི་ཐང་ག་རི་མོའི་རྨང་གཞི་རྩ་གནད་མཁོ་འདོན་དང་ལག་རྩལ་གྱི་མན་ངག་བཙན་ཐབས་སུ་རྟོགས་པའི་ལེགས་བཤད་ཀྱི་དམིགས་སྒོ་ཅུང་ཟད་བསྟན་པ།》སི་ཁྲོན་ཏང་དེབ་ཚོགས་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང།[J]P121

{༤}དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་ཆོས་གྲགས་པདྨ་གཡུ་སྒྲོན་སོགས་ཀྱིས་བརྩམས་པའི་《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།[C]P234

ཟུར་ལྟའི་དཔྱད་གཞི།

[༡]བསྟན་པ་རབ་བརྟན་གྱིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་བརྗོད་པ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིད་པར་དུ་བསྐྲུན།

[༢]དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

[༣]སྨན་སྒང་བ་ཡོན་ཏན་ཚེ་རིང་གིས་བརྩམས་པའི་《བོད་ཀྱི་ཐང་ག་རི་མོའི་རྨང་གཞི་རྩ་གནད་མཁོ་འདོན་དང་ལག་རྩལ་གྱི་མན་ངག་བཙན་ཐབས་སུ་རྟོགས་པའི་ལེགས་བཤད་ཀྱི་དམིགས་སྒོ་ཅུང་ཟད་བསྟན་པ།》སི་ཁྲོན་ཏང་དེབ་ཚོགས་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང།

[༤]དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་ཆོས་གྲགས་པདྨ་གཡུ་སྒྲོན་སོགས་ཀྱིས་བརྩམས་པའི་《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།

[༥]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་《བསྟན་བཅོས་ཤེས་བྱ་ཀུན་ཁྱབ།》མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

[༦]རྗེ་བཙུན་དགེ་འདུན་རྒྱ་མཚོས་བརྩམས་པའི་《རིག་གནས་ཆེན་པོ་ལྔའི་རྣམ་བཞག་མདོར་བསྟན་པ་བློ་གསལ་རྩེད་དགའ་རྒོད་པའི་འཛུམ་དཀར་ཞེས་བྱ་བ་བཞུགས་སོ།།》

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།