སྙན་ངག་མེ་ལོང་ཇི་ལྟར་བརྩམས་པའི་ཚུལ་ལ་རོབ་ཙམ་དཔྱད་པ།

    སྙན་ངག་མེ་ལོང་གི་རྩོམ་པ་པོ་ནི་རྒྱ་གར་ཡུལ་དུ་འཁྲུངས་པའི་སློབ་དཔོན་དཎྜི་སྟེ་དབྱུག་པ་ཅན་ཡིན་ལ། ཁོང་ནི་ཕྱི་རོལ་མུ་སྟེགས་པའི་པཎྚི་ཆེན་པོ་ཞིག་སྟེ་བྲམ་ཟེའི་རིགས་ཀྱི་ཆ་བྱད་ལ་ལག་ཏུ་དབྱུ་གུ་འཆང་བས་དབྱུག་པ་ཅན་ཞེས་ཐོགས་ཤིང་། བཤད་རྒྱུན་ཞིག་ལ། སློབ་དཔོན་འདི་རྒྱལ་པོ་པུ་ལ་ཀེ་ཤ་ཞེས་བྱ་བའི་སྤུན་ཁྱབ་འཇུག་འཕེལ་དང་མཛའ་གྲོགས་སུ་གྱུར་པས། རྒྱལ་པོ་དེའི་བུ་འགའ་ཞིག་གི་ཆེད་དུ་སྙན་ངག་མེ་ལོང་འདི་བརྩམས་པ་ཡིན་ཟེར། ཏ་རུ་ན་པཱ་སྤ་རི་སྟེ་གཞོན་ནུ་ངག་བདག་ཅེས་བྱ་བས་བརྩམས་པའི་མེ་ལོང་མའི་འགྲེལ་བའི་ཚིགས་བཅད་ཀྱི་གཤམ་དུ་སློབ་དཔོན་དབྱུག་པ་ཅན་ཉིད་རྒྱལ་པོ་པུ་ལ་ཀེ་ཤ་དང་ལྷན་ཅིག་ཏུ་བཞུགས་པར་བཤད་ལ། མཁས་དབང་དགེ་ཆོས་མཆོག་གི《ལེགས་སྦྱར་བང་མཛོད》ལས།

    《སྙན་ངག་མེ་ལོང་མ》ནི་ནཱལེནྡྲའི་ནང་བའི་མཁས་པ་བྷརྟིཧ་རི་བྱ་བ་དེའི་རྗེས་སུ་འབྲངས་ནས་བརྩམས་པར་གྲགས་ཞེས་ཀྱང་འབྱུང་། སློབ་དཔོན་དཎྜི་ནི་རྒྱ་གར་གྱི་གུཔྟའི་རྒྱལ་རབས་མཇུག་རྫོགས་པའི་རྗེས་ཙམ་ལ་འཁྲུངས་པ་ཡིན་ཞིང་། སྐབས་དེ་ནི་རྒྱ་གར་ལ་མཚོན་ན་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་ཡོངས་ནས་ཉི་མ་ཉིན་གུང་ལ་བསླེབས་པ་བཞིན་དར་བའི་རྩེར་སོན་ཡོད་ལ། ལྷག་པར་ལེགས་སྦྱར་གྱིས་བརྩམས་པའི་རྩོམ་རིག་ལ་དར་རྒྱས་ཆེན་པོ་བྱུང་སྟེ། དྲང་སྲོང་རྒྱས་པའི《མ་ཧ་བྷ་ར་ཏ》དང་གྲོག་མཁར་གྱི《ར་མ་ཡ་ཎ》 སློབ་དཔོན་རྟ་དབྱངས་ཀྱི《བསྟོད་པ་བརྒྱ་ལྔ་བཅུ་བ》དང《སྐྱེས་རབས་སོ་བཞི》སོགས་སྒྱུ་རྩོམ་གྱི་རང་བཞིན་ལྡན་པའི་བརྩམས་ཆོས་མང་པོ་བྱུང་ཡོད་ཅིང་། འདི་ལྟ་བུའི་བརྩམས་ཆོས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་ལ་བརྟེན་ནས། རྩོམ་རིག་གི་ཐབས་རྩལ་གཙོ་བོར་སྟོན་པའི་གཞུང་ལུགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལའང་འཕེལ་རྒྱས་ངེས་ཅན་བྱུང་ཞིང་། དེའི་སྐོར་གྱི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད་པ《སྙན་ངག་མེ་ལོང》གི་རྩོམ་པར་དམ་བཅའ་བ་ལས།

    “བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་༎
    སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ༎
    ཇི་ལྟར་ནུས་བཞིན་བདག་གིས་ནི༎
    སྙན་ངག་རྣམས་ཀྱི་མཚན་ཉིད་བྱ།།” ཞེས་པ་ལྟར་རོ༎

    ཡིན་ཡང《སྙན་ངག་མེ་ལོང》གི་ཡར་སྔོན་དུ་རྒྱ་གར་རང་དུ་རྩོམ་རིག་སྤྱི་དང་ཁྱད་པར་ཚིག་རྒྱན་སྐོར་གྱི་བསྟན་བཅོས་གང་དག་ཅིག་ཡོད་པ་དང་། དེ་རྣམས་ལས་སློབ་དཔོན་ད��ས་གཞིར་འཛིན་སར་གྱུར་པའི་བསྟན་བཅོས་སྔ་མ་ནི་གང་དག་ཡིན་པའི་ཐད་ལ། “བོད་འགྲེལ་མང་པོར་དྲང་སྲོང་རྒྱས་པས་བྱས་པའི་སྙན་ངག་བྷཱ་ར་ཏ་དང་། མེ་བཞིན་འཇུག་གི་བུ་མོས་བྱས་པའི་སྙན་ངག་བསྒོམ་པའི་ཆོས་དང་། གྲོག་མཁར་གྱིས་བྱས་པའི་སྙན་ངག་རཱ་མ་ཡ་ན་དང་། མཱརྐཎྜེ་ཡས་བྱས་པའི་སྙན་ངག་སྔོན་རབས་ཀྱི་ཆོས་དང་། ནག་མོ་ཁོལ་གྱིས་བྱས་པའི་སྙན་ངག་གཞོན་ནུ་འབྱུང་བ་དང་།”ཞེས་འཁོད་པ་ནི་ཅུང་མ་དག་པ་སྟེ། སྙན་ངག་མེ་ལོང་མ་དར་བའི་ཡར་སྔོན་དུ། སྙན་ངག་ཚིག་རྒྱན་རིག་པ་དང་ཐད་ཀར་འབྲེལ་བ་བྱུང་བ་ནི་བྷ་ར་ཏའི《ཟློས་གར་གྱི་བསྟན་བཅོས》དང་། དུས་རབས་དང་པོའི་སྐབས་སུ་བྱུང་བར་འདོད་པའི་རིག་བྱེད་ལྷ་སྒྲུང་མེ་ལྷའི་སྔོན་རབས་ལས་ཚིག་རྒྱན་རིག་པའི་སྐོར་གྱི་ནང་དོན་ཆུང་ངུ་ཡོད་པར་བཤད་པ་དང་། དཎྜི་རང་གིས་སྙན་ངག་མེ་ལོང་གི་གོང་དུ་མཛད་པའི《སྡེབ་སྦྱོར་རྣམ་བཀྲ》དུས་རབས་དྲུག་པའི་སྟོད་དུ་བྱུང་བའི་བྷ་མ་ཧའི《སྙན་ངག་རྒྱན་གྱི་བསྟན་བཅོས》སོགས་ཡིན་པར་མངོན་ཏེ། “《ཟློས་གར་གྱི་བསྟན་བཅོས》ལེའུ་དྲུག་པ་ནས་བདུན་པའི་བར་དུ། སྙན་ངག་མེ་ལོང་དུ་དྲངས་པའི་ཉམས་ལྡན་གྱི་རྒྱན་བརྒྱད་དང་། ལེའུ་བཅོ་ལྔ་ནས་བཅུ་དགུ་བར་སྐད་ཆའི་སྒྱུ་རྩལ་གྱི་འཁྲབ་སྟོན་ཏེ། མིང་ཚིག་གི་ཚིག་ཉམས་དང་སྒྲ་ཉམས། ཚིགས་ཀྱི་བཅད། སྙན་ངག་ལུས་ཀྱི་རྣམ་པ། ཚིག་རྒྱན། སྙན་ངག་གི་སྐྱོན་སེལ། ཡོན་ཏན་བཅུ་སོགས་ཧ་ལམ་ད་ལྟའི་དཎྜིའི་གཞུང་མེ་ལོང་མར་ཇི་མ་ཇི་བཞིན་དུ་མཐོང་རྒྱུ་ཡོད་པ་ཡིན།”ཞེས་དང་། གཞུང་ཚིག་ཏུ། སྤེལ་མ་ཟློས་གར་ལ་སོགས་པ༎དེ་དག་རྣམས་ནི་གཞན་དུ་རྒྱས༎ཞེས་མེ་ལོང་མར་སྤེལ་མ་དང་ཟློས་གར་གྱི་མཚན་ཉིད་རྣམས་རྒྱས་པར་འདོད་པའི་གཞུང་དེ་ཡང་བྷ་ར་ཏའི《ཟློས་གར་གྱི་བསྟན་བཅོས》འདི་རང་ལ་དམིགས་པ་ཡིན་མོད་ཀྱི། རང་རེས་ནི《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》དང《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར》སོགས་སུ་ངོས་བཟུང་ནས་ནོར་བ་རྒྱུན་འབྱམས་སུ་སོང་བ་སྟེ། ཟློས་གར་གྱི་གཞུང་གི་མཚན་ཉིད་དང་ཡན་ལག་རྣམས་ཟློས་གར་གྱི་གཞུང་དུ་སྟོན་པ་ལས་ཟློས་གར་བརྩམས་ཆོས་སུ་སྟོན་པ་མི་སྲིད་པས། རྒྱའི་མཁས་པ་ཧོང་པོ་ཧྲིན་ལགས་ཀྱིས་དྲང་སྲོང་རྒྱས་པས་མཛད་པའི་གཏམ་རྒྱུད《མ་ཧཱ་བྷ་ར་ཏ》དེ་ཉིད་རིག་བྱེད་ལྔ་བར་འདོད་པའི་འཁྲུལ་གཞི་དང་འདྲ་བར། འདིའི་གོ་འཛོལ་གྱི་གནད་ཀྱང《ཟློས་གར་གྱི་བསྟན་བཅོས》བྱ་བའི་རྩོམ་པ་པོ་དང《མ་ཧཱ་བྷ་ར་ཏ》བྱ་བའི་བརྩམས་ཆོས་ཀྱི་མིང་གཅིག་པའི་རྒྱུ་རྐྱེན་འདི་ལ་ཐུག་པར་སེམས།

    གཞུང་ཚིག་ལས། ཚིགས་བཅད་རྐང་བཞི་དེ་ཡང་ནི༎བྲིཏྟི་ཛཱཏི་ཞེས་རྣམ་གཉིས༎དེ་ཡིས་སྤྲོས་པ་མཐའ་དག་ནི༎སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན༎ཞེས《སྙན་ངག་མེ་ལོང》གི་ལེའུ་དང་པོར་བཀོད་པའི་ཐུན་མོང་མ་ཡིན་པའི་རྒྱན་དེ་ཡང་། བོད་འགྲེལ་དག་ཏུ་གསལ་བའི《སྡེབ་སྦྱོར་རིན་ཆེན་འབྱུང་གནས》དང་རྒྱལ་བའི་ལྷས་མཛད་པའི་སྡེབ་སྦྱོར་གྱི་གཞུང་སོགས་བློ་ལ་གང་ཟིན་བགྲང་བ་དག་ལ་བརྟེན་པ་མ་ཡིན་ཏེ། བུ་བཞི་བསམ་པའི་དོན་གྲུབ་ཀྱིས། “སྲོག་ཆེན་སྲོག་ཆུང་གི་སྡེབ་སྦྱོར་ལ་བརྟེན་ནས་ཚིག་མཛེས་པར་བྱེད་པའི་རིག་པ་དེ་སྔ་ས་ནས་དར་ཡོད་ནའང་། སྐབས་འདིར་བཤད་པའི་སྡེབ་སྦྱོར་གཞུང་ནི《སྡེབ་སྦྱོར་རྣམ་བཀྲ》སྟེ། དཎྜིའི་ཡར་སྔོན་དུ་སྡེབ་སྦྱོར་ལས་བྱུང་བའི་རྩོམ་ཉམས་ཀྱིས་ཚིགས་བཅད་རིགས་ཀྱི་རྣམ་གྲངས་གཏན་ལ་ཕབ་པ་མེད་དོ།།”ཞེས་གསུངས་པ་ལ་དཔགས་ན། དཎྜི་རང་གི《སྡེབ་སྦྱོར་རྣམ་བཀྲ》ལས་བྲིཏྟི་ཛཱཏི་དང་ཤར་ལྷོའི་རྩོམ་གཤིས་མི་འདྲ་བ་གཉིས་ཀྱི་དབྱེ་བ་ལ་གཞི་བཅོལ་ནས་རྗེས་སོར་སྙན་གཞུང་དུ་དྲངས་ཏེ། ཐུན་མོང་མ་ཡིན་པའི་རྒྱན་རྣམས་ཀྱི་ཁྱད་ཆོས་དང་དབྱེ་བ། དཔེར་བརྗོད་སོགས་རྣམ་གསལ་དུ་བྱས་པ་ཡིན་ངེས་ལ། དེ་དང་མཐུན་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི

    《ལེགས་སྦྱར་བང་མཛོད》དང་། སྐུ་ཞབས་ཅི་ཞན་ལིན་གྱིས་རྒྱ་ཡིག་ཏུ་བསྒྱུར་པའི《སྙན་ངག་མེ་ལོང》གི་ཚིག་འགྲེལ་གཉིས་སུའང་སྡེབ་སྦྱོར་གཞུང་དུ་བསྟན་ཅེས་པ་སློབ་དཔོན་དཎྜིའི

    《སྡེབ་སྦྱོར་རྣམ་བཀྲ》ཡིན་པར་བཀྲལ་པས་ན། གཞུང་འདི་ནི་སྙན་ངག་མེ་ལོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཞར་ལ་རྟོགས་ནུས།

    གཞན་ཡང་། བྷ་མ་ཧའི《སྙན་ངག་རྒྱན་གྱི་བསྟན་བཅོས》ན《སྙན་ངག་མེ་ལོང》དང་འབྲེལ་བའི་ཁྱབ་ཁོངས་གང་མང་ཞིག་བསྟན་ཡོད་དེ། ཆོས་ནོར་འདོད་ཐར་སོགས་བརྗོད་བྱ་བསྟན་པའི་སྡེ་བཞིའི་འབྲས་བུའི་དབང་གྱུར་པ༎ཞེས་དང་། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས༎ངག་གི་རང་བཞིན་མེ་ལོང་ཐོབ༎སོགས་ཚིག་སྦྱོར་དག་བྷ་མ་ཧའི་ལུང་ཚིག་ཇི་བཞིན་དུ་གནས་ཤིང་། གྲོང་ཁྱེར་རྒྱ་མཚོ་རི་དང་དུས་སོགས་བརྗོད་བྱའི་ནང་ཚན་དུ་གྱུར་པའི་བསྔགས་པ་བཅོ་བརྒྱད་ཀྱང་བསྟན་བཅོས་དེ་ཉིད་དུ་ཡོད་ལ། གཞན་རྩོམ་རིག་གི་སྐད་བརྡ་སྟོན་པའི་སྐབས་སུ་དེ་ཉིད་སཾསྐྲིཏའི་སྐད་དང་ཟུར་ཆག་གི་སྐད། ཤ་ཟའི་སྐད་དང་གསུམ་དུ་བསྡུས་ལ། ལུས་སྟོན་པའི་སྐབས་སུ་ཚིགས་བཅད་དང་ལྷུག་པ་གཉིས་སུ་བསྡུས་པ་སོགས་ཆ་ཀུན་ནས《སྙན་ངག་མེ་ལོང》དང་མཚུངས་པ་མིན་ཡང་། སྙན་ངག་གི་སྤྱི་ཁོག་འདི་འདྲ་ང་ཚོས་གསལ་བོར་མཐོང་ཐུབ་པ་ཡིན།

    མདོར་ན། སློབ་དཔོན་དཎྜི་སོགས་སྔོན་གྱི་སྙན་གཞུང་སྨྲ་བ་དག་གིས་ནི། 《མ་ཧ་བྷ་ར་ཏ》དང《ར་མ་ཡ་ཎ》སོགས་རྒྱ་གར་རང་གི་སྙན་ངག་གི་བསྟན་བཅོས་གྲགས་ཅན་དག་ལ་བརྟག་ཅིང་དཔྱད་དེ་ཕྱོགས་བསྡོམས་ཀྱིས་སྙན་གཞུང་རྣམས་བརྩམས་པ་ཡིན་ངེས་ཀྱང་། འདིའི་སྐབས་སུ་བསྟན་པའི་བསྟན་བཅོས་སྔ་མ་ནི་ཚིག་རྒྱན་རིག་པ་དང་འབྲེལ་ཆེ་ཞིང་རྗེས་སོར་མེ་ལོང་མའི་གྲུབ་ཆ་དང་གཞི་འཛིན་སར་གྱུར་པའི་གཞུང་གི་བསྟན་བཅོས་ཏེ། གོང་དུ་བརྗོད་པའི《ཟློས་གར་གྱི་བསྟན་བཅོས》དང《སྡེབ་སྦྱོར་རྣམ་བཀྲ》 《སྙན་ངག་རྒྱན་གྱི་བསྟན་བཅོས》སོགས་ལ་གོ་ན་འོས་ཤིང་། འབྲུག་ཁམས་སྤྲུལ་མཆོག་གིས་ཀྱང་། “བོད་ཀྱི་འགྲེལ་མཛད་ཕྱི་མ་རྣམས་ཀྱིས་ཞེས་པ་ནས་ཀཱ་ལི་དཱ་ས་སྟེ་ནག་མོ་ཁོལ་པོས་སྦྱར་བའི་གཞོན་ནུ་འབྱུང་བ་སོགས་ལས་བཏུས་ཞེས་འཆད་པ་ནི་མི་ལེགས་ཏེ། དེ་ཐམས་ཅད་ནི་ལུས་རྒྱན་སྦྱར་ཟིན་པའི་སྙན་ངག་གི་བསྟན་བཅོས་འབའ་ཞིག་ཡིན་གྱི་རྒྱན་གྱི་བསྟན་བཅོས་མ་ཡིན་པས་སོ།།”ཞེས་གསུངས་པ་ནང་བཞིན། སློབ་དཔོན་དཎྜིས་སྔོན་གྱི་རྩོམ་རིག་གཞུང་ལུགས་ཀྱི་བསྟན་བཅོས་ཤིན་ཏུ་རྒྱས་ཤིང་རྒྱ་ཆེན་པོ་རྣམས་ཚིག་ཉུང་དོན་ཚང་རྣམ་གསལ་དུ་བྱས་ཏེ་གཟུང་སླ་བའི་བསྟན་བཅོས་སུ་བསྡུས་ཤིང་། སྐབས་དེའི་སྙན་ངག་གི་སྦྱོར་བ་སྟེ་ལག་ལེན་ལ་ཞིབ་འཇུག་བྱས་ནས་སྦྱོར་ཚུལ་དཔེ་དང་བཅས་པ་གཏན་ལ་ཕབ་པའི་བསྟན་བཅོས《སྙན་ངག་མེ་ལོང》ཞེས་ཀུན་ལ་རླུང་ལྟར་གྲགས་པ་འདི་ཉིད་བརྩམས་པ་རེད། །

    རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་ལོ་རིམ་གསུམ་པའི་ཞིབ་འཇུག་སློབ་མ་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།2013.04.26།པར་ངོས17།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།