དགེ་བའི་བཤེས་གཉེན་ཆེན་མོ་ཁྲོ་རུ་ཚེ་རྣམ་དང་སྨན་རིགས་ཀྱི་ཞིབ་འཇུག་ལམ་བུ།

       

1.jpg

      ཁོང་གིས་སྔོག་འདོན་དང་ལེགས་གྲུབ་བྱུང་བའི་མུ་ཏིག་བདུན་ཅུ་སོགས་རིན་ཆེན་སྨན་རིགས་དེ་དག་བོད་ལྗོངས་སྨན་རྩིས་ཁང་དང་།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སོགས་ལྗོངས་དང་ཞིང་ཆེན་ཡོངས་ཀྱི་སྨན་པ་མང་པོས་བཟོ་སྒྲུག་ཤེས་ཤིང་སྤྱོད་བཞིན་པ་དང་།དེ་བཞིན་བོད་ལྗོངས་དང་མཚོ་སྔོན་ཟི་ཁྲོན་ཀན་སུའུ་བཅས་ཀྱི་བོད་སྨན་བཟོ་གྲྭ་ཆེ་གྲས་རྣམས་ཀྱིས་ཀྱང་ཐོན་སྐྱེད་བྱས་དང་བྱེད་བཞིན་མཆིས་སོ།།

དང་པོ། སྐུ་འཁྲུངས་པའི་ཡུལ་ངོས་བཟུང་བ་དང་ཐོག་མར་བསླབ་པ་སློབ་གཉེར་མཛད་པའི་སྐོར།
     དེ་ཡང་ཁོང་ནི་ཆབ་མདོ་ས་ཁུལ།འཇོ་མདའ་རྫོང་། གཏེར་སྟོན་ཆུས། ཁྲོ་རུ་དགོན་གྱི་འདབ་ཞོལ་ཁྲོ་རུ་སྡེ་བའི་ཉ་འཚོའི་རུས་ལས་ཡབ་རིན་ཆེན་བསམ་འགྲུབ་དང་།ཡུམ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་སྲས་སུ་༡༩༢༦ལོར་འཁྲུངས། མཚན་ཚེ་རིང་རྣམ་རྒྱལ་ཞེས་གསོལ།དགུང་ལོ་དྲུག་ལ་ཕེབས་དུས་ཁྲོ་རུ་དགོན་པའི་ཆོས་སྒོར་ཞུགས་ནས་དགོན་དེའི་ཆོ་ག་དང་ཆོས་སྤྱོད་རྣམས་དང་།ཐིག་རྡུལ་ཚོན་དང་འབུད་རྡུང་དཀྲོལ་སོགས་ཀྱང་རང་འདྲའི་བན་ཆུང་གྲས་ནས་ཆེས་མཐོ་བའི་ཚད་རྒྱུགས་འཕྲོད་དེ་གཟེངས་སུ་ཐོན།དགུང་ལོ་བདུན་ལ་ཕེབས་དུས་དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ཀརྨ་བསོད་ནམས་དགེ་ལེགས་ཞེས་གསོལ།
     དེ་ཡང་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྣམ་ཐར་རྗེས་སུ་བསྙེགས་ཏེ་ནམ་ཡང་བསླབ་པ་སློབ་གཉེར་བྱ་བའི་འདུན་པ་དྲག་པོ་ཐུགས་སུ་འགོག་མེད་དུ་འཁྲུངས་ཏེ་དགུང་ལོ་བཅུ་བཞིའི་ཐོག་ཆས་ཀ་ཉུང་ཟད་ཅིག་ཁྱེར་ནས་རྒྱབ་ལ་ཁུར་པོ་དང་སྔུན་ལ་མདུད་པ་དང་བཅས་སྐུ་མཆེད་རྟ་མགྲིན་ནོར་བུ་དང་།ཆོས་གྲོགས་ཚེ་རྒྱལ་གཉིས་དང་འགྲོགས་ཏེ་གནས་མཇལ་དང་སྦྲགས་སློབ་སྦྱོང་གི་གོ་སྐབས་རེ་བཙལ་དུ་ཀོང་པོ་བརྒྱུད་ལྷ་ས་དང་།དེ་ནས་ལྷོ་གནས་རྒྱས་པ། དེ་ནས་འབྲུག་ཡུལ་ཕྱོགས་སུ་ཕེབས། འབྲུག་གྲོང་གསར་དགོན་དུ་བཀའ་འགྱུར་གསུང་བཞིན་ཟླ་བདུན་ཙམ་བཞུགས།དེ་ནས་ཁོང་གི་བློའི་མདུན་པ་ལ་རྒྱ་གར་ནི་སངས་རྒྱས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་མགོ་ཁུངས་ལྟ་བུ་ཡིན་པར་གྲགས་པས་དེར་ཡུན་རིང་ཙམ་བཞུགས་ནས་ཆོས་དང་རིག་གནས་མཐར་ཕྱིན་པ་ཞིག་སྦྱངས་པའི་སྤོབས་པ་ལྡོག་མེད་དུ་ཐུགས་སུ་འཆང་ནས་རྒྱ་གར་དུ་ཞབས་ཀྱིས་བཅགས།ཡིན་ནའང་སྐབས་དེར་རྒྱ་གར་ནས་ནང་པའི་བསྟན་པ་ཉམས་དམས་སུ་གྱུར་ཏེ་ནང་ཆོས་སྦྱང་སའི་བཤད་གྲྭ་ཙམ་ཡང་མེད།ལྷག་པར་རྒྱལ་ཁབ་ནང་ཁུལ་དུ་འཁྲུག་ལོང་ཟིང་ཆ་ཆེ་བའི་སྐབས་དང་འཁེལ་བས་འཚོ་བའི་ཐད་ལའང་དཀའ་ངལ་ཅུང་ཆེ།དེ་ནས་ས་དེར་ལོ་གཉིས་ལྷག་ཙམ་བཞུགས་རིང་གསལ་རྟོག་བྱུང་བ་ནི་ཆོས་དང་རིག་གནས་སྦྱང་ན་བོད་ལས་ལྷག་པ་ཞིག་མེད་པར་མཁྱེན་ནས་ཚུར་འབྲས་ལྗོངས་བརྒྱུད་བལ་ཡུལ་དང་།དེ་ནས་འགྲམ། ས་སྐྱ། སྣར་ཐང་། བཀྲ་ཤིས་ལྷུན་པོ་སོགས་ནས་ལྷ་སར་ཕེབས། དེ་དུས་དགུང་ལོ་བཅུ་བདུན་ཙམ་ཡིན་ཞིང་མཚུར་ཕུ་དགོན་དུ་གནས་མཇལ་དུ་ཕེབས་སྐབས་སྨྱོ་ཤུལ་དགོན་པའི་མཁན་པོ་ཨོ་རྒྱན་རིག་འཛིན་དང་མཇལ་ཏེ་ཁོང་གི་རོགས་རམ་ལ་བརྟེན་ཏེ་མཉམ་དུ་མར་ཕ་ཡུལ་དུ་བསྡོངས།མཁན་ཨོ་རྒྱན་རིག་འཛིན་གྱིས་བན་ཆུང་འདི་བློ་རིག་བཀྲ་ཞིང་། དཔེ་ཆ་སྦྱོང་འདོད་ཆེ་བར་གཟིགས་ནས་སྨྱོ་ཤུལ་དགོན་གྱི་བཤད་གྲྭར་ཕེབས་པ་སྐུལ་མ་གནང་བ་ལ་ཉིད་ནས་ཀྱང་མོས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་ཕ་ཡུལ་དུ་འབྱོར།སྔོན་གྱི་བག་ཆགས་སད་པའི་སྟབས་ཀྱིས་ཕ་ཡུལ་དུ་ཉིན་བཅོ་ལྔ་ཙམ་ལས་བཞུགས་ལོང་མ་བྱུང་བ་སྔར་བཞིན་ཁྲེས་པོ་ཆུང་ཆུང་ཞིག་རྒྱབ་ལ་ཁུར་ན་སྨྱོ་ཤུལ་ཕྱོགས་སུ་ཞབས་ཐང་དུ་ཕེབས།བར་ལམ་སྡེ་བ་ཞིག་གིས་ཀཿཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་མཆོག་མ་ཎི་དུང་སྒྲུབ་ཀྱི་དབུ་བཞུགས་སུ་གདན་དྲངས་པར་མཇལ་དུ་ཕེབས།མཁན་ཆེན་དེས་ཐུགས་དགྱེས་པ་ཆེན་པོས་རང་གི་སྐུ་མདུན་དུ་བཞུགས་སུ་གསོལ། རང་གི་ཞལ་དཀར་ནང་དུ་གྲོ་མ་མར་ཁུས་གང་བ་ཞིག་ཡོད་པ་དེ་བཞེས་སུ་བཅུགཁྱོད་གང་དུ་འགྲོ་གསུངས་པར། སྨྱོ་ཤུལ་ཕྱོགས་སུ་དཔེ་ཆ་བལྟ་བར་འགྲོ་ཞུས། དཔེ་ཆ་བལྟ་ན་ཀཿཐོག་བཤད་གྲྭ་ལེགས་ཚུལ་གྱི་གཞེན་སྐུལ་གནང་བ་ལྟར་ཀཿཐོག་དགོན་པའི་བཤད་གྲྭར་ཕེབས་པའི་རྟེན་འབྲེལ་ལེགས་པར་འགྲིག་ནས་དེར་ཕེབས་སོ།།

2.jpg

 
གཉིས་པ། ནང་རིག་པ་སློབ་གཉེར་གནང་ཚུལ།
      དེ་ནས་དགུང་ལོ་བཅུ་བདུན་ཐོག་ཐོག་མར་ཀཿཐོག་དགོན་པའི་བཤད་གྲྭའི་རྒྱུད་སྡེའི་འཛིན་གྲྭར་ཞུགས་ནས་བཟུང་གཞན་དང་མི་མཚུངས་པའི་བརྩོན་པ་ཆེར་བསྐྱེད་ཀྱིས་ཉིན་མཚན་དབྱེར་མེད་དུ་སྦྱངས་པར་དཔེ་ན།དཔེ་ཆ་བློ་འཛིན་གནང་དུས་སྒྲོན་མེའི་ཆ་རྐྱེན་མེད་པས་སྤོས་མེའི་འོད་ལ་བརྟེན་ཏེ་བློ་འཛིན་ངག་སྐྱོར་གནང་བ་དང་།དེ་དུས་འཚོ་བའང་སྔོ་ཚོད་དང་སུར་པཎ་མཉམ་དུ་སྦངས་ནས་རྩམ་པ་སྐྱ་ལོག་སྦགས་ཏེ་གུང་ཚིགས་གསོལ་བ་བཅས་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་ཆེ་ཡང་།གསན་སྦྱོང་གི་ཐོས་བསམ་རྒྱ་ཆེར་བསགས་པའི་ཆེད་དུ་ཉམ་ང་ཞུམ་པ་མེད་པའི་སྒོ་ནས་གཞན་དང་མི་མཚུངས་པའི་བརྩོན་འགྲུས་བསྐྱེད་པ་ལ།དེ་ཡོད་མཆེད་གྲོགས་རྣམས་ཀྱིས་རྩེད་མོའི་ཚུལ་དུ་ད་ནི་ཁྲོ་ཕྲུག་སྨྱོ་འདུག་ཟེར་བའི་གཏམ་གྱིས་ཡོངས་སུ་ཁྱབ་བོ།།
    དེ་ནས་དགུང་ལོ་ཉེར་གཅིག་ཐོག་ཀཿཐོག་དགོན་པའི་སྙན་བརྒྱུད་འཛིན་པ་ཡོངས་ཀྱི་གཙུག་རྒྱན་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།ཆོས་མཚན་དུ་ཀརྨ་བསོད་ནམས་མཆོག་ལྡན་ཞེས་གསོལ་ཏེ་འབུ་རས་སེར་པོའི་མནབ་སྟོད་ཅིག་ཀྱང་གནང་ནས་རང་ལུགས་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་དབང་དང་ལུང་ཁྲིད་གདམས་པ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་ཁོང་རྣམ་གཉིས་ཐུན་མིན་གྱི་བླ་སློབ་ཏུ་གྱུར།དེ་ནས་དགུང་ལོ་ཉེར་བཞིའི་ཐོག་ཁྲོ་རུ་དགོན་པའི་གཙོ་འགན་པ་མཆོག་སྤྲུལ་ཨ་དཀར་རིན་པོ་ཆེས་རང་དགོན་དུ་ཕྱིར་ཕེབས་དགོས་པའི་རེ་ཞུ་བྱས་པས་ཀཿཐོག་དགོན་པའི་མཁན་སྤྲུལ་རྣམ་པས་གནང་བ་མ་ཐོབ།དེ་ནས་བཟུང་དགེ་རྩེ་རིན་པོ་ཆེ་འཇིགས་མེད་བསྟན་པ་རྣམ་རྒྱལ་གྱིས་ཉིད་ཀྱི་སྐུ་གམ་དུ་ཉར་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ལུང་ཁྲིད་དང་དངོས་གཞི་ཟབ་ཅིང་རྒྱས་པ་གནང་བ་མ་ཟད།རྩ་རླུང་འཕོ་བ་མ་སྒོམ་སངས་རྒྱས། སྐྱེད་རིམ་ཟུང་འཇུག་སྙེ་མ། སྙིང་ཐིག་སྔོན་འགྲོའི་དམར་ཁྲིད།རྫོགས་ཆེན་ཡེ་ཤེས་བླ་མ། གང་བློ་མའི་འགྲེལ་བ། དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ་བཅས་ཀྱིས་མཚོན་མདོར་ན་ནང་རིག་པའི་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ།གཞན་ཡང་སྐར་རྩིས་དང་། བཟོ་རིག་པ། གསོ་བ་རིག་པ། དེ་བཞིན་སྒྲ་དང་ཚད་མ་བཅས་ཐུན་མོང་གི་རིག་གནས་ཐམས་ཅད་གནང་ལ།ཁྱད་པར་གསང་སྔགས་རྙིང་མའི་སྨིན་གྲོལ་གྱི་དབང་དང་དེའི་རྒྱབ་རྟེན་དང་བཅས་པ་ཐོབ། དེ་ལས་ལྷག་པའི་ཐུན་མིན་གྱི་ཟབ་ཁྲིད་མན་ངག་རྣམས་ཀྱང་ཆིག་བརྒྱུད་ཀྱི་ཚུལ་དུ་ཐོབ་པ་དང་།གཞན་ཡང་ཀཿཐོག་མཁན་པོ་ནུས་ལྡན་གྱི་མདུན་ནས་ཐེག་ཆེན་སེམས་བསྐྱེད་ཀྱི་གདམས་པ་ཐོབ་པ་དང་།གནམ་བླ་རིན་ཆེན་གྱི་མདུན་ནས་རྫོགས་ཆེན་གྱི་སྐོར་མང་དུ་ཐོབ་པ། ཡང་ཀཿཐོག་སི་ཏུ་ཆོས་ཀྱི་ཉིན་བྱེད་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་དང་དགོངས་འདུས་སོགས་རྙིང་མ་དང་བཀའ་མའི་ལུང་སོགས་མང་དུ་གསན།ད་དུང་དབོན་པོ་སྤྲུལ་སྐུ་དང་། རྨོག་རྩ་སྤྲུལ་སྐུ་སོགས་ཀྱི་མདུན་ནས་ཀྱང་དུས་འཁོར་དབང་ཆེན་ཐེངས་གཉིས་དང་།སྤྱི་མདོ་དགོངས་པ་འདུས་པའི་དབང་ཆེན་དང་། མདོ་འགྲེལ་མུན་པ་གོ་ཆའི་ཁྲིད། སྒྱུ་འཕྲུལ་ཞི་ཁྲོའི་དབང་།སངས་རྒྱས་མཉམ་སྦྱོར་དོང་སྤྲུགས། བཀའ་བརྒྱད་རྣམ་གསུམ།  ཕུར་པ། གཤིན་རྗེ་ཚེ་བདག་ནག་པོའི་དབང་སོགས་ཆད་ལུས་མེད་པར་ཞུས།ད་དུང་གསང་སྙིང་འགྲེལ་བ་འདྲ་མིན་ཚར་བཅུ་ལྷག་གི་བཤད་ཁྲིད་ཐོབ་ལ། ཁྲིད་ཆུང་དང་སྒྲུབ་པ་སྒྲུབ་ཆེན་ཆོ་ག་ཆོག་ཁྲིགས་དང་།གྲུབ་མཐའི་རྣམ་བཞག་དང་ལོ་རྒྱུས། དཀྱིལ་འཁོར་བློས་སློང་གི་ཞལ་ཁྲིད་བཅས་ཀྱང་གྲངས་མང་དུ་ཐོབ།དེ་ཡང་གསང་སྙིང་རྒྱས་བསྡུས་ཁོ་ན་ལ་མཚོན་ནའང་ལོ་རེར་ཚར་གཉིས་རེ་ཞུས་ཏེ་བསྡོམས་ཚར་ཉི་ཤུ་ཙམ་ཞུས་པ་སོགས་ཕྱི་ནང་མདོ་སྔགས་རིག་གནས་ཀུན་ལ་བསྐྱར་ཞུ་ཡང་ཞུས་སྒོས་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་ཆོད་པར་བྱས་སོ།།
      དེ་ནས་དགུང་ལོ་ཉེར་དྲུག་ཐོག་ཀཿཐོག་དགོན་པའི་རྒྱུད་སྡེའི་བཤད་གྲྭའི་སྐྱོར་དཔོན་དང་།དེའི་ཕྱི་ལོ་སྟེ་དགུང་ལོ་ཉེར་བདུན་ཐོག་རིག་གནས་མཁན་པོའི་ཁྲི་ལ་འཁོད་ནས་ལོ་གསུམ་ལ་སློབ་མ་བླ་སྤྲུལ་མང་པོ་བསྐྱངས།དེ་ལྟར་ཀཿཐོག་དགོན་དུ་མི་ལོ་བཅུ་ཙམ་བཞུགས་པའི་རིང་གྲུབ་མཐའ་རིས་མེད་ཀྱི་བླ་མ་བཅུ་ཕྲག་དུ་མར་བསྟེན་ནས་བོད་ཀྱི་སུམ་རྟགས་དག་གསུམ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བར་བཅུ་ཕྲག་རིག་པའི་གནས་ཐམས་ཅད་ལ་མ་སྦྱངས་པ་དང་མ་མཁྱེན་པ་ཅི་ཡང་མེད་པ་དེ་དག་རེ་རེ་ནས་འདིར་བྲི་བར་མི་ནུས་པས་ཉིད་ཀྱི་གསན་ཡིག་ལས་ཤེས་པར་བྱ།དེ་ཡང་གཞུང་དང་རིག་གནས་གང་ཡང་ཁ་ཙམ་ཚིག་ཙམ་དང་། གོ་ལོ་ཐོས་ལོ་ཙམ་མ་ཡིན་པ་ཕྱི་ནང་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས་ཏེ་མཁས་པའི་གོ་འཕང་བརྙེས།ཡིན་ནའང་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པའི་དཔེ་བཞིན་དུ་ཞར་དང་ཞོར་དུའང་ཀཿཐོག་དགོན་པའི་བླ་མ་དང་བཤེས་གཉེན་རྣམས་དང་།ཕྱི་ཕྱོགས་ནས་ཕེབས་པའི་བླ་མ་དང་ཡང་ན་མཁས་པ་དུ་མའི་མདུན་ནས་ཀྱང་དབང་ལུང་ཁྲིད་གསུམ་གྱིས་མཚོན་པའི་བཀའ་ཆོས་ཇི་སྙེད་ཅིག་ཞུས་པ་རྣམས་འདིར་བཤད་ཀྱིས་མི་ལོང་ངོ་།དེ་ནས་དགུང་ལོ་སོ་གཅིག་ཐོག་ཁྲོ་རུ་དགོན་དུ་ཚུར་ཕེབས་ནས་མཁན་པོ་མཛད་པས་ཁྲོ་རུ་མཁན་ཆེན་ཞེས་གྲགས་སོ།།

3.jpg

 
གསུམ། གསོ་རིག་སོགས་ཕྱིའི་རིག་གནས་ལ་སློབ་གཉེར་གནང་ཚུལ།
      དེ་ཡང་བཤད་མ་ཐག་པའི་རང་དགོན་དུ་སྒྲུབ་གཡོག་ལོ་ངོ་གསུམ་ཙམ་བགྱིས་པའི་སྐབས་ནས་ཀྱང་སྒྲུབ་དཔོན་བླ་མ་གུ་རུའི་དྲུང་ནས་སྨན་རྒྱུད་རྩ་མདོ་དང་ཆུ་མདོ་བཅས་གསོ་རིག་གི་ལག་ལེན་དང་ཤེས་བྱ་ཅུང་ཟད་བསླབས་ཤིང་།དེ་ནས་ཀཿཐོག་བཤད་གྲྭ་རུ་དགེ་རྩེ་རིན་པོ་ཆེ་འཇིགས་མེད་བསྟན་པ་རྣམ་རྒྱལ་གྱི་དྲུང་ནས་ཀྱང་སྐར་རྩིས་དང་།བཟོ་རིག་པ། གསོ་བ་རིག་པ། དེ་བཞིན་སྒྲ་དང་ཚད་མ་སོགས་ཐུན་མོང་གི་རིག་གནས་ཡན་ལག་དང་བཅས་བསླབས་པ་གོང་བཤད་ལྟར་དང་།རྫོང་སར་མཁྱེན་བརྩེའི་མདུན་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་རྒྱས་པ་ཞུས་ཤིང་།  དེ་བཞིན་འཇམ་མགོན་མི་ཕམ་པའི་ཞལ་སློབ་གླིང་ཚང་མཁན་པོ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་གསོ་རིག་རྒྱུད་བཞི་དང་དེའི་ཆ་ལག་ཁ་སྐོང་དང་བཅས་པ་ཞུས།རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ་གྱི་དྲུང་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དམར་ཁྲིད་དུ་དངུལ་ཆུ་རྒྱ་མ་གང་ཙམ་ལ་བཙོ་བཀྲུ་སྦྱངས་གསུམ་བྱས་པས་ལེགས་འགྲུབ་བྱུང་།དེ་རྗེས་ལོ་ཁ་ཤས་ཙམ་ནས་གོ་འཇོ་བསམ་འགྲུབ་གཞུང་དུ་མཁྱེན་བརྩེ་རིན་པོ་ཆེའི་དངོས་སློབ་ཕུན་ཚོགས་བཀྲ་ཤིས་ཞུ་བ་དེར་གསོ་རིག་སྤྱི་དང་ཁྱད་པར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་ཕྱག་རྒྱུན་མ་ཉམས་པ་བཞུགས་ཡོད་པར་བརྟེན།མཁན་ཆེན་དེ་ཉིད་ཆེད་ཕེབས་ཀྱིས་གསོ་རིག་སྐོར་གྱི་བགྲོ་གླེང་ཞིབ་རྒྱས་མཛད་པ་དང་། ཁྱད་པར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐད་སྔུན་མ་ཀཿཐོག་ནས་སྦྱངས་མྱོང་བར་བསྡུར་དཔྱོད་ཞིབ་ཅིང་ཕྲ་བར་མཛད་པས་ཁྱད་མེད་དུ་མཁྱེན་ཏེ་གདེང་དང་ལྡན་པའི་སྒོས་ནས་ཐུགས་ཡིད་ཚིམ་པར་གྱུར།དེ་ནས་དགུང་གྲངས་སོ་གསུམ་ཐོག་ས་གནས་བཅིངས་འགྲོལ་བྱ་བའི་སྐབས་མཁན་ཆེན་དེ་ཉིད་ཆོས་ལུགས་མི་སྣའི་གྲས་སུ་མ་བགྲང་རང་ཚུད་དུ་གྱུར་ཏེ་འཇོ་མདའ་དང་ཆབ་མདོ་སྤོ་བོ་ནང་བཅས་ཀྱི་བཙོན་ཁང་དུ་ཕེབས་ནས་ངལ་རྩོལ་བསྒྱུར་བཀོད་དུ་ཞིང་ལས་དང་དེ་ནས་མ་བྱན་དང་སྨན་པ་བཅས་རིམ་པར་མཛད་ནས་བསྡོམས་ལོ་ཉི་ཤུ་ཙམ་བཙན་འོག་ཏུ་བཞུགས་དགོས་བྱུང་ཡང་།ཇི་སྐད་དུ། སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་བྱེད། ཅེས་པ་ལྟར་སྐྱེས་བུ་དམ་པ་རྣམས་ཐབས་ཇི་ལྟར་རྡུགས་ཀྱང་བླུན་པོ་ཕལ་བའི་སྤྱོད་པ་ལས་འདས་ཤིང་སེམས་ཅན་གྱི་དོན་ནི་དུས་སྐད་ཅིག་ཙམ་ཡང་མ་གཡེལ་བ་དཔེར་ན།དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཡང་དེ་ནས་འགོ་བཟུང་སྟེ་གྲུབ་པ་འོག་གི་ས་བཅད་གསུམ་པར་འཆད་པ་བཞིན་ཡིན་ནོ།།

4.jpg

 
བཞི།སློབ་མ་དང་ཉམ་ཐག་ནད་པ་བསྐྱངས་ནས་འགྲོ་དོན་ཚུལ་བཞིན་མཛད་པའི་སྐོར།
    དེ་ནས་དགུང་ལོ་ཉེར་བདུན་ཐོག་ཀཿཐོག་བཤད་གྲྭའི་རིག་གནས་མཁན་པོར་ཕོག་པའི་དུས་སུ་སྒྲ་ཀ་ཙན་དབྱངས་གསུམ་གཙོས་པའི་རིག་གནས་ཀྱི་སྐོར་ཐེངས་མང་དུ་སློབ་ཁྲིད་མཛད་ནས་སློབ་མ་བླ་སྤྲུལ་མང་པོ་གསོ་སྐྱོང་གནང་བ་གོང་བཤད་བཞིན་དང་།དེ་ནས་དགུང་ལོ་སུམ་ཅུ་ནས་ལོ་ངོ་བཞི་ཙམ་གྱི་བར་དུ་རང་དགོན་ཁྲོ་རུ་དགོན་དུ་དབྱར་གནས་དང་སྡོམ་གསུམ།བསྡུས་གྲྭ་སོགས་ཀྱིས་མཚོན་པའི་སློབ་ཁྲིད་མཛད། དེ་ནས་དགུང་ལོ་ཞེ་ལྔའི་ཐོག་སྤོ་བོའི་བཙོན་ཁང་ནང་དུ་བཞུགས་རིང་གཞུང་གཉེར་སྒོ་བསྟེན་སྨན་ཁང་ཞིག་བཙུགས་ནས་སྲོལ་རྒྱུན་བོད་སྨན་སླར་གསོ་མཛད་པའི་གོ་སྐབས་ཐོབ།དུས་དེར་ཉམ་ཐག་ནད་པ་མང་པོར་ནད་བཅོས་སྲོག་སྐྱོབ་མཛད་པའི་སྐབས་སུ་འགོ་ཁྲིད་ཅིག་གིས་ཆེས་ཤིན་ཏུ་བཟང་བའི་བོད་སྨན་ཞིག་ང་ལ་དགོས།ཞེས་བཤད་པ་ལ་ཉིད་ཀྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཞེས་པ་ནི་བོད་སྨན་ལས་ཕན་ནུས་ཡང་རྩེར་གྱུར་པའི་རྒྱུ་མཚན་རྣམས་གསུངས།འགོ་ཁྲིད་དེས་རྨ་བྱས་འབྲུག་སྐད་ཐོས་པ་ཇི་བཞིན་དུ་དེ་མ་ཐག་བཀས་བསྐུལ་བ་ལྟར་ཕྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བཟོ་རྒྱུའི་ཐག་བཅད།དེ་ནས་ལོ་གཉིས་ཙམ་ལ་གྲ་སྒྲིག་སྟ་གོན་མཛད་སྐབས་ལྕགས་ཁམས་ཐལ་བཟོ་ལ་གསེར་སོགས་ལྕགས་རིགས་དང་།དངུལ་ཆུ་བཙོ་བཀྲུ་ལ་དངུལ་ཆུ་སྤུས་དག་དགོས་ལུགས་གསུངས་པར་ཁོས་གསེར་སོགས་ལྕགས་རིགས་མིས་ཟ་མི་རུང་བའི་དོགས་པ་དང་།ལྷག་པར་དངུལ་ཆུས་དུག་ཕོག་ནས་མི་ལ་ཤི་རྐྱེན་འབྱུང་ན་བཙན་འོག་ནས་ཐར་དུ་མེད་པའི་ནག་ཉེས་བཟོ་བ་སོགས་ཀྱི་སློབ་གསོ་བྱས་པ་དང་།ཁྱད་པར་དུ་རྒྱ་ནག་གི་གཏམ་དཔེར། གསེར་བཙོ་མ་མེ་ལ་མི་འཇིགས། ཞེས་པའི་གནའ་གཏམ་རྣམས་བསྐྱར་བཤད་ཡང་བཤད་ཇི་ལྟར་བྱས་ནའང་ཁོང་ཉིད་ཕྱི་བཤོལ་ཙམ་ཡང་མེད་པའི་སྒོ་ནས་གལ་ཏེ་གནས་ཚུལ་འབྱུང་ན་རང་གི་ཕྲག་ཏུ་བབས་པའི་འགན་ཁུར་ཡིན་ཚུལ་བཅས་གསུངས་མཐར་གནང་བ་ཐོབ།  དེ་ནས་དགུང་ལོ་ང་གཉིས་ཐོག་མཁན་ཆེན་ཁོང་ཉིད་གཙོས་ཕྱག་རོགས་སུ་བླ་སྨན་བསྟན་འཛིན་ཆོས་གྲགས་དང་།མདོ་སྤྱི་ལྷ་ཀླུ་སྨན་པ་ཐུབ་བསྟན་ཆོས་གྲགས་སོགས་སྨན་པ་རྣམས་ཀྱིས་ལྕགས་ཁམས་ཐལ་བཟོ་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་རིམ་པ་རྣམས་དངོས་སུ་འགོ་བཙུགས་ཏེ་བཟོས།སྐབས་དེར་ཕྱོགས་ཀུན་ཏུ་གྲགས་པ་ཆེ་བས་ལས་ཀའི་བརྒྱུད་རིམ་རྣམས་ཆེད་ལས་མི་སྣས་རེ་རེ་བཞིན་རྟོག་ཞིབ་བྱས་པས་ལེགས་པར་གྲུབ་པའི་མངོན་རྟགས་བྱུང་ནས་དེ་ཡོད་འགོ་ཁྲིད་དང་ལས་བྱེད་པ་རྣམས་ཡིད་ཆེས་ལྷག་པར་སྐྱེས་ནས་མཁན་ཆེན་མཆོག་གི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ།དེ་ནས་དགུང་ལོ་ང་གསུམ་ཐོག་བཙན་པ་རྣམས་གུ་ཡངས་ཐོབ་སྟེ། སོ་སོའི་ཁྱིམ་དུ་ལོག་ཆོག་པའི་བརྡ་སྦྱོར་བྱུང་ནས་རང་རང་གི་ས་གནས་རང་ཁྱིམ་དུ་འགྲོ་བའི་གྲབས་བྱས་ཀྱང་།མཁན་ཆེན་མཆོག་ནི་འགོ་ཁྲིད་ཀྱིས་ཁྱིམ་དུ་ཕེབས་པར་འགོག་ཅིང་། བོད་ལྗོངས་ལྷ་སར་ཁྲིད་ནས་ཨུད་ཀྲི་རུ་ཁག་ཅེས་པར་ལོ་གཅིག་ཙམ་བཞུགས་སུ་བཅུགདེ་ནས་ལོ་མཇུག་ཙམ་གྱི་ཉིན་ཞིག་གོང་གི་བཀའ་ཡིན་ཟེར་ནས་བོད་ལྗོངས་སྨན་རྩིས་ཁང་དུ་གདན་འདྲེན་ཞུས་ཏེ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ》ཅེས་པའི་རྩོམ་སྒྲིག་པ་གཙོ་བོ་མཛད་དུ་བཅུག་པའི་སྐབས་སུ་དེར་ཞར་དང་ཞོར་དུ་སློབ་མ་རྣམས་ཀྱི་མོས་པ་དང་བསྟུན་ནས་སྒྲ་དང་སུམ་རྟགས་རྩིས་རིག་སོགས་རིག་གནས་སྣ་ཚོགས་པ་སློབ་ཁྲིད་མཛད་པ་མ་ཟད།གཞན་ཡང་སྨན་ཁང་གཞན་གྱིས་བཅོས་ཐབས་བྲལ་བའི་མཁྲིས་པར་རྡོ་སྐྲན་ཆགས་པའི་ནད་པ་དང་། དེ་བཞིན་བརྒྱལ་གཟེར།མཆིན་ནད་ཁ་བ་དང་། མཆིན་ནད་སྲ་འགྱུར་སོགས་ཀྱིས་མཚོན་ཉམ་ཐག་ནད་པ་མང་པོའི་ཚེ་སྲོག་ལས་སྐྱབས་པ་སོགས་མང་དུ་ཡོད་ཀྱང་འདིར་ཡི་གེར་འཇིགས་ཏེ་མ་བྲིས།དེ་ནས་དགུང་ལོ་ང་བདུན་ཐོག་བོད་ལྗོངས་སྨན་རྩིས་ཁང་སོགས་སུ་དབྱངས་ཅན་སྒྲ་མདོ་སློབ་ཁྲིད་མཛད་དེ་སློབ་མ་མང་དུ་བསྐྱངས་པས་གྲགས་པ་འབར།དེ་ནས་དགུང་ལོ་ང་བརྒྱད་ཐོག་དཀར་མཛེས་བོད་ཡིག་སློབ་གྲྭས་རེ་ཞུ་བྱས་པ་ལྟར་ལོ་དེའི་སྤྱི་ཟླ་གཉིས་པ་ནས་འགོ་བཟུང་སྟེ་ལོ་ངོ་གཉིས་ཀྱི་རིང་ལ་རྒྱུད་བཞིའི་ལུང་ཁྲིད་རྒྱས་པ་ཞིག་གནང་བ་དང་།དེ་རྗེས་མངོན་ཆུང་གི་སྒོ་ནས་གཡུ་ཐོག་སྙིང་ཐིག་གི་དབང་ཡང་གནང་སྟེ་གྲོལ། དེ་ཡང་ཉིད་ཀྱི་ཡོན་ཏན་ནི་མུ་མེད་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་ཞིག་དང་ཆ་ཀུན་ནས་མཚུངས་ཀྱང་།དེ་ལས་བློ་རྨོངས་ཕྲན་ལྟ་བུས་མཐོང་ཆོས་སུ་གྱུར་བའི་ཡོན་ཏན་ཆ་ཤས་ཙམ་ཞིག་ཞུ་ན། སློབ་ཁྲིད་རྒྱུད་རིམ་ཁྲོད་ལུང་ཁྲིད་སྦྲགས་མའི་ཚུལ་གྱིས་འཆད་སྲོལ་དང་།དེ་ཡང་ལུས་སེམས་གཉིས་ཀྱི་རྣམ་བཞག་དང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད། སྣོད་བཅུད་གཉིས་ཀྱི་དེ་བྱུང་གི་འབྲེལ་བ།རྩ་དབུ་རྐྱང་རོ་གསུམ་གྱི་ཐུན་མོང་དང་ཐུན་མིན་གྱི་འབྲེལ་བ་བཅས་གསལ་ཞིང་གསལ་བར་གནང་བ་བཅས་ནི་ད་སྔོན་སུས་ཀྱང་མ་གྲགས་པ་ལྟ་བུའི་ཁྱད་ཆོས་སུ་སྣང་ཞིང་།ཁྱད་པར་རྒྱུད་བཞིའི་དབུ་ནས་མཐའ་བར་མིང་ཚིག་ཙམ་ཡང་མ་ལུས་པ་རེ་རེ་བཞིན་གྱི་དཀའ་གནད་ཚིག་གི་འགྲེལ་བ་དང་།མན་ངག་དོན་གྱི་འགྲེལ་བ། སྤྱི་དང་བྱེ་བྲག་གི་ཤན་འབྱེད། གབ་འཁྲུགས་སྦས་དོན་རྣམས་ཁོལ་དུ་ཕྱུང་བ།མདོར་ན་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ནས་སློབ་ཁྲིད་མཛད་པ་ནི་ཉིད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ།དེ་ལས་གསུང་སྐད་མཐོ་ལ་སྒྲ་དག་པས་མདོ་དབུས་ཁམས་གསུམ་གྱི་སློབ་མ་སུ་ཞིག་གིས་ཉན་ནའང་གོ་སླ་ལ་ངེས་ཐུབ་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པས་དེ་ཡོད་སློབ་མ་ཀུན་བློ་བདེ་ཞིང་ཡིད་ཚིམ་པར་གྱུར་རོ།།དེ་བཞིན་ཁྱད་ཆོས་སུམ་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོའི་སློབ་ཁྲིད་དུ་ཞུགས་པའི་སློབ་མ་གཙོ་བོ་ནི།སྐུ་ནུབ་དགོན་པའི་མཁན་པོ་འོད་ཟེར་དང་། མདོ་མཁྱེན་བརྩེའི་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་ཨ་ནེ་ཟླ་གསལ།བློ་བཟང་རྒྱ་མཚོ། བསོད་ནམས་དབང་རྒྱས་བཅས་ཟི་ཁྲོན་ནས་ཕེབས་པའི་དགེ་སློབ་བཞི་དང་། ལྷ་ས་སྨན་རྩིས་ཁང་གི་སྨན་པ་སྐུ་ཚ་བསོད་ནམས་འཆི་མེད་དང་སྒྲོལ་དཀར་སོགས་མི་བཞི།ས་ཆ་གཞན་དང་གཞན་ནས་ཡོང་བའི་ཆབ་མདོ་སྨན་པ་བསོད་ནམས་དཔལ་ལྡན་དང་། སྨན་པ་ཚེ་རྒྱལ་དང་།ཕྲན་ཀརྨ་ཚོགས་གཉིས་བཅས་མི་གསུམ། བསྡོམས་པས་མི་བཅུ་གཅིག་ཙམ་ཡོད་པར་དྲན། དེའི་སློབ་ཁྲིད་ཡོངས་རྫོགས་དགེ་རྒན་བློ་བཟང་རྒྱ་མཚོས་སྒྲ་ཐག་ཏུ་བཅུག་སྟེ་ད་ལྟའི་བར་ཟི་ཁྲོན་བོད་ཡིག་སློབ་གྲྭས་བདག་ཉར་བྱས་ཡོད་སྐད་དོ།།
      དེ་ནས་དགུང་ལོ་ང་དགུའི་མཇུག་ཙམ་ཡིན་སྣང་ཞིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་དུ་བོད་ལུགས་གསོ་རིག་ཚན་ཁག་གསར་འཛུགས་བྱེད་པ་ལ།ཁོང་ཉིད་དགེ་རྒན་ཆེན་མོའི་མིང་རྟགས་ཐད་ཀར་སྤྲད་དེ་གདན་འདྲེན་ཞུས་པ་དང་། དེ་རྗེས་གསོ་རིག་སློབ་གྲྭ་ཆེན་མོའང་དབུ་བརྙེས་པའི་སྐབས་ཀྱང་སློབ་གཙོའི་འགན་ཁུར་བཞེས་པ་སོགས་ཕྱག་ལས་མང་དུ་མཛད་པ་རྣམས་གཞན་དུ་ཤེས་ལ།འདིར་ཡིག་ཚོགས་ལ་འཇིགས་ཏེ་དེ་ཙམ་གྱིས་འཐུས་སོ།།
     དེ་ནས་དགུང་ལོ་རེ་བཞིའི་ཐོག་པཎ་ཆེན་ཐམས་ཅད་མཁྱེན་པ་བཅུ་པ་ཆེན་པོ་དངོས་གམ་དུ་ཕེབས་ནས་གསུངས་པར།སྒྲ་ཙནྡྲ་པའི་ཁྲིད་རྒྱུན་དེ་ནི་འཛམ་གླིང་གོ་ལ་ཧྲིལ་བོའི་ཁྱོན་ན་ཁྱོད་ཁོ་ན་ལས་སུ་ལའང་བཞུགས་མེད་སྟབས་ངེས་པར་དུ་སྤེལ་དགོས་ཞེས་བཀས་བསྐུལ་བ་བཞིན་དུ་པེ་ཅིང་བོད་བརྒྱུད་ནང་བསྟན་སློབ་གླིང་དང་།བོད་ལྗོངས་གསོ་རིག་སློབ་གླིང་། དེ་བཞིན་སྨན་རྩིས་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་ཡོང་བའི་དགེ་སློབ་རྣམས་ལ་སློབ་ཁྲིད་མཛད་པས་ད་ལྟ་བོད་ལྗོངས་ཡོངས་ལ་སྒྲ་ཙནྡྲ་པའི་ཁྲིད་རྒྱུན་མ་ཉམས་པ་གནས་ཡོད་པའང་མཁན་ཆེན་ཉིད་ཀྱི་བཀའ་དྲིན་ལས་མ་འདས་པའོ།།

ལྔ། ཞིབ་འཇུག་གི་འབྲས་བུ་མངོན་དུ་གྱུར་བའི་སྐོར།
        1. དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཞིབ་འཇུག་བྱས་ནས་གྲུབ་འབྲས་ཐོན་པའི་སྐོར།
      དེ་ལྟ་བུའི་འཛམ་གླིང་གི་ཁྱོན་ཡོངས་ལ་མ་གྲགས་ཤིང་བླ་ན་མེད་པ་དང་།ཚན་རིག་པའི་ཐབས་ཀྱིས་ཀྱང་མ་དམིགས་པའི་མན་ངག་དམ་པ། གངས་ཅན་བོད་ཀྱི་ལ་རྒྱ། སྨན་ཐམས་ཅད་ཀྱི་རྒྱལ་པོ།བཅུད་ཐམས་ཅད་ཀྱི་གཙོ་བོ། ཉམ་ཐག་ནད་པ་རྣམས་ཀྱི་སྲོག་མཐུད། ནད་ཅན་གྱིས་བསྟེན་ན་ནད་བརྒྱ་སྨན་གཅིགནད་མེད་ཀྱིས་བསྟེན་ན་ཚེ་རིང་ཞིང་རིམས་ནད་འགོག་པ། ལུས་ཀྱི་སྟོབས་དང་། མདངས་ལྷག་པར་རྒྱས་པའི་བདུད་རྩི་དར་ཡ་ཀན་ཞེས་རིན་བྲལ་གྱི་སྨན་མཆོག་འདི་ཡི་ཕྱག་ལེན་དང་རྒྱུད་འཛིན།ཁྱད་པར་ལག་ལེན་འདིའི་རྒྱུད་པ་སྤེལ་བ་དང་། ཁྱབ་བརྡལ་དུ་གཏོང་བ་པོ་ནི་མཁན་ཆེན་དེ་ཉིད་ཁོ་ན་ལས་མ་འདས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལགས་པས་འདིར་གསལ་བཤད་ཅི་དགོས་ཏེ་མི་དགོས་སོ།།དེ་ཡང་ཇི་ལྟར་སྤེལ་བའི་ཚུལ་ཡང་མདོར་བསྡུས་ཏེ་ས་བཅད་མ་སྟོང་ཙམ་ཞིག་བཤད་ན། དང་ཐོག་ཁོང་གིས་སྤོ་བོའི་ས་ཁུལ་དུ་དངུལ་ཆུ་རྒྱ་མ་སོ་བརྒྱད་ཙམ་ཡོད་པར་བཙོ་ཐལ་གྱི་ལག་ལེན་ལེགས་གྲུབ་བྱུང་བ་དང་།དེ་བཞིན་ལྕགས་བརྒྱད་ཁམས་བརྒྱད་དང་བཅས་པ་བཟོས་གྲུབ་བྱུང་ནས་མུ་མཐུད་དུ་སྡེ་དགེ་དང་རྨ་ལྷོ་རེབ་ཀོང་དང་།དེ་བཞིན་ཡུལ་ཤུལ་སྒ་སྐྱེ་དགུ་མདོ། བོད་ལྗོངས་ཆབ་མདོ། བོད་ལྗོངས་གསོ་རིག་སློབ་གྲྭ་སོགས་བོད་ཀྱི་ས་གནས་ག་ས་ག་རུ་སྔ་ཕྱི་བཙོ་ཐལ་ཐེངས་བཅུ་གཉིས་ཙམ་བཟོས་ནས་བོད་ལྗོངས་དང་མཚོ་སྔོན་སོགས་བོད་ཁམས་ཡོངས་ལ་ཁྱབ་བརྡལ་ཆེན་པོ་བྱུང་ཞིང་།དེ་ལ་རང་མགོ་ཐོན་པའི་རྐང་འཛིན་ལག་རྩལ་གྱི་ཅན་སྨན་པའང་མང་དུ་འཚར་ལོངས་བྱུང་བ་རྣམས་ནི་ཉིད་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་གི་དེབ་དྲུག་པར་གསལ་བ་ལྟར་ཡིན་པས་དེར་གཟིགས་འཚལ།དེ་ནས་བཟུང་བོད་ཀྱི་ས་གནས་ཁག་ཏུ་བཙོ་ཐལ་ཞེས་པ་ཞིག་སྔོག་འདོན་སླར་གསོ་དང་ལེགས་གྲུབ་བྱུང་བ་དེས་རིན་པོ་ཆེའི་སྨན་རིགས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་བའི་རྒྱུ་ཆ་འདོན་སྤེལ་བྱེད་ཐུབ་པར་བྱུང་བར་བརྟེན། བོད་སྨན་ཐོན་སྐྱེད་ཐད་སྔར་ལས་ཡར་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས་སོ།།
     2.  རིན་པོ་ཆེའི་སྨན་རིགས་སྦྱོར་བཟོའི་ཕྱག་རྒྱུན་ཁྱབ་སྤེལ་དང་དེའི་ཞིབ་འཇུག་གྲུབ་འབྲས་སྐོར།
     དེ་ཡང་བོད་ཁམས་ཡོངས་སུ་ཕྱག་རྒྱུན་ཆད་ལ་ཉེ་བའི་རིན་པོ་ཆེའི་བོད་སྨན་སྦྱོར་སྡེ་རྣམས་སླར་གསོ་དང་།ལེགས་སྒྲིག ཚད་གཞི། ཞིབ་འཇུག་བཅས་ལེགས་པར་མཛད་དེ། ཁྱབ་སྤེལ་དུ་གཏོང་བ་ནི་རིན་ཆེན་རཏྣ་བསམ་འཕེལ་ལམ་མུ་ཏིག་བདུན་ཅུ་དང་།རིན་ཆེན་རིལ་ནག་ཆེན་མོའམ་རིན་ཆེན་གྲངས་སྦྱོར། དེ་བཞིན་རིན་ཆེན་མང་སྦྱོར་ཆེན་མོ། བཙོ་བཀྲུ་ཟླ་ཤེལ།དབང་རིལ་ཤེལ་དཀར་མཆོད་རྟེན། དབང་རིལ་ཉེར་ལྔ། བྱུར་དམར་ཉེར་ལྔ། མུ་ཏིག་ཉེར་ལྔ་སོགས་བོད་ཀྱི་སྨན་སྦྱོར་རྩ་ཆེན་ཡོད་དོ་ཅོག་གི་ཕྱག་རྒྱུན་ད་བར་ཚང་ལ་མ་ནོར་བར་བཞུགས་པ་ཕལ་ཆེར་མཁན་ཆེན་ཉིད་ཀྱི་བཀའ་དྲིན་ཉག་གཅིག་སྣང་ངོ་།།
      ད་དུང་མཁན་ཆེན་མཆོག་གིས་ཞིབ་འཇུག་གསར་བཟོ་བྱས་ནས་གྲུབ་པའི་སྨན་སྦྱོར་བརྒྱ་ཕྲག་དུ་མ་ཞིག་ཡོད་ནའང་དེ་ལས་ཚབ་བྱེད་རང་བཞིན་ཅན་གྱི་གྲགས་ཆེ་བ་ཁག་ཅིག་བཤད་ན།ཀླད་པའི་རྩ་ནད་དང་ཁྲག་གྲིབ་ལ་གཙོ་བོ་ཕན་པའི་ཁྲ་མེན་མང་སྦྱོར་ཆེན་མོ་དང་། མཆིན་ནད་ཁ་བ་ལ་ཕན་པའི་ཨང་ཀིའི་གྲངས་ཅན་རིགས་གསུམ་དང་།དེ་བཞིན་གཅིན་སྙི་ཟ་ཁུར་ཕན་པའི་སྨན་བཅས་ནི་ཁོང་ཉིད་ལོ་མང་ནང་དུ་ཞིབ་འཇུག་དང་ཉམས་མྱོང་ལས་བྱུང་བའི་ཁྱད་འཕགས་ཀྱི་སྨན་སྦྱོར་ཤ་སྟག་ཡིན་པར་ལགས་སོ།།

མཇུག་བསྡུ་བའི་གཏམ།
      དེ་ཡང་ཁོང་ཉིད་སྐུ་ལུས་ལ་སྐབས་རེར་བདེ་མེད་ནད་ཀྱིས་བར་ཆད་ཇི་ལྟར་བྱུང་ཡང་ཇི་མི་སྙམ་པའི་ངང་ནས་སྙིང་རྗེ་དང་བརྩོན་འགྲུས་ཆེན་པོས་གཞན་གྱིས་བཅོས་རྡུགས་ཀྱིས་བོར་བའི་ནད་པ་ལ་ནད་བཅོས་དང་།དེ་བཞིན་སློབ་མ་ཁྲི་ཕྲག་དུ་མར་སློབ་ཁྲིད་དང་། དཔེ་ཆ་འབྲི་རྩོམ། སྨན་རིགས་ཞིབ་འཇུག་བཅས་ཀྱིས་མཚོན།མདོར་ན་གཡུ་ཐོག་པའི་རྣམ་ཐར་དུ་གསལ་བ་བཞིན་མགོ་ལ་སྲོ་མའི་ཞྭ་གྱོན། ལུས་ལ་ཤིག་གིས་གོས་བགོས།ལག་དྲེག་པ་དང་མ་བྲལ་བའི་སྒོ་ནས་བོད་ཀྱི་རིག་གནས་དེ་དག་སྔོག་འདོན་དང་ལེགས་སྒྲིག་ཞིབ་འཇུག་བཅས་དང་།ཁྱད་པར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་རྒྱུན་བོད་ཁམས་ཡོངས་ལ་སྤེལ་བ་དང་། དེ་དང་བསྟུན་ནས་མུ་ཏིག་བདུན་ཅུ་སོགས་རིན་པོ་ཆེའི་སྨན་རིགས་རྣམས་ཀྱི་ལག་ལེན་འཕུར་འཆོང་ལྟ་བུ་བྱུང་ཞིང་བླ་ལྷག་ཏུ་འཕེལ་རྒྱས་བྱུང་བ་དང་།གཞན་ཡང་གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་འདི་ནི་ད་སྔོན་ལོ་རྒྱུས་ཐོག་འགྲེལ་བ་རྒྱས་ཤོས་དང་ཁ་གསལ་ཤོས་སུ་གྱུར་པ་དང་།དེ་བཞིན་སྒྲ་མདོ་ཙནྡྲ་པ་ཁྲིད་རྒྱུན་སྤེལ་བ་འདི་དག་ནི་མཁན་ཆེན་ཉིད་ཀྱི་རླབས་ཆེན་གྱི་བྱ་བཞག་ཉག་གཅིག་ཏུ་འཁུམས་སོ།།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།