བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་འཇང་ངམ་ལི་ཐང་བཀའ་འགྱུར་ཇི་ལྟར་བྱུང་ཚུལ་མདོར་ཙམ་བཀོད་པ།

20.jpg

སྤྱིར་ཐུགས་རྗེའི་བདག་ཉིད་སྟོན་པ་ཐམས་ཅན་མཁྱེན་པའི་གསུང་རྣམ་པ་ཐམས་ཅད་པ་སྐད་ཅིག་རེ་རེར་ཡང་ཞིང་དང་གདུལ་བྱ་རབ་འབྱམས་ཀྱི་ཁམས་དབང་མོས་པ་སྣ་ཚོགས་དང་མཐུན་པའི་ཆོས་སྒོ་མཐའ་ཡས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཚད་བཟུང་དུ་མི་ནུས་པ་ལས། འཕགས་ཡུལ་དུ་བཀའ་བསྡུ་རིམ་པ་གསུམ་དང་ཐེག་ཆེན་གྱི་སློབ་དཔོན་སྔ་ཕྱི། དཔལ་མདའ་བསྣུན་ཞབས་སོགས་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱི་སྐབས་སུ་མདོ་སྔགས་ཀྱི་ཆོས་ཚུལ་ཇི་ཙམ་བཞུགས་པ་ལས་ཆ་ཤས་ཙམ་ཞིག་གངས་ཅན་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་བར་བྱོན་པ་བཀའ་འགྱུར་རོ་ཅོག་ཏུ་གྲགས་པའི་གསུང་རབས་ཀྱི་གླེགས་བམ་རིན་པོ་ཆེ་ཕྱོགས་གཅིག་ཏུ་བཞུགས་པའི་ཐོག་མ། བསྟན་པ་སྔ་དར་གྱི་སྐབས་སུ་ཆོས་རྒྱལ་སད་ན་ལེགས་འཇིང་ཡོན་གྱི་སྐུ་རིང་ལ། དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་གཏན་ལ་ཕབ་ཅིང་དཀར་ཆག་མཛད་ནས་འཕང་ཐང་མ་ཞེས་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དང་པོ་ཡིན་ལ། དེ་རྗེས་དཔལ་བརྩེགས་དང་། འཁོན་ཀླུ་དབང་སྲུང་བ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོར་བཞུགས་པའི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་ལྡན་ཀར་མར་གྲགས། དེ་རྗེས་མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་ཞང་ཡེ་ཤེས་སྡེ་སོགས་ཀྱི་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་གསར་དུའང་མང་པོ་བསྒྱུར་པ་དེ་དག་ལ་གསང་སྔགས་ནང་རྒྱུད་རྣམས་ཟུར་དུ་སྦས་ཤིང་དཀར་ཆག་ཕྲེམ་བྱང་དུ་མ་བཏབ། བསྟན་པ་ཕྱི་དར་གྱི་སྐབས་སུ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་མདོ་ཕྲན་ཁ་ཤས་དང་རྒྱུད་སྡེ་ཅི་རིགས། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེ་མང་དུ་བསྒྱུར་ནས་བསྣན་པ་ལ། ཕྱིས་འཇམ་དགག་པཀྴིས་ཧོར་ཡུལ་ནས་མཐུན་རྐྱེན་སྦྱར་བ་ལ་བརྟེན་མ་ཕྱི་ཁུང་བཙུན་དུ་མ་བསགས་ནས་སྣར་ཐང་གི་གཙུག་ལག་ཁང་དུ་འཇམ་དབྱངས་རལ་གྲིལ་དཀར་ཆག་བཏབ་པ་སྣར་ཐང་བཀའ་འགྱུར་དང་། དེ་ལ་མ་ཕྱི་བྱས་ཏེ་ཚལ་པ་སི་ཏུས་གུང་ཐང་གི་གཙུག་ལག་ཁང་བཞེངས་པ་ཚལ་པ་བཀའ་འགྱུར་དུ་གྲགས་པ་ལ། སླར་ཡང་མཁས་གྲུབ་མང་པོས་དག་ཐེར་མཛད་པའི་འགྲན་ཟླ་དང་བྲལ་བའི་ཕྱི་མོ་འཕྱིང་པར་སྟག་རྩེའི་ཕོ་བྲང་དུ་བཞུགས་པ་ལ་མ་ཕྱི་བྱས་ཏེ་འཇང་ས་དམ་ཆོས་རྒྱལ་བསོད་ནམས་རབ་བརྟན་གྱི་སྤར་གྱི་ཐོག་མ་བཞེངས་ཤིང་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པས་ལྗགས་ཞུས་དང་དཀར་ཆག་མཛད། རྒྱལ་རྩེ་ཆོས་རྒྱལ་གྱིས་སྣར་ཐང་བཀའ་འགྱུར་ལ་མ་ཕྱི་བྱས་ནས་བཞེངས་པའི་ཚེ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་དཔྱད་པ་གསུམ་གྱིས་ཞུས་དག་མཛད་པའི་རྒྱུ་ལས་རྩེ་ཐེམ་སྤངས་མར་གྲགས་པ་ཀུན་གྱི་ཁུངས་སུ་བྱེད་པ་དེ་དཔེ་རྒྱུན་དང་། འཇམ་སྤང་མ་སོགས་ཁུངས་ཐུབ་མང་པོ་སྒོ་བསྟུན། རྒྱ་དཔེ་གང་ཡོད་རྣམས་དང་རྒྱ་འགྲེལ་རྣམས་ལ་གཏུགས་ཏེ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱིས་ལྗགས་ཞུགས་མཛད་ཅིང་། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དཔལ་ལྡན་ལྷུན་གྲུབ་སྟེང་དུ་སྤར་དུ་བཞེངས་པ་འདི་རྣམས་དཔྱད་པས་གཙང་ཞིང་ཚང་ལ་མ་ནོར་བ་ཡིན་ལ། སྤར་ཡང་བོད་ལྗོངས་འདིར་ཆ་ལྔ་ཙམ་བཞུགས་པ་ཡིན་ནོ། །ཀོང་སྤྲུལ་གསན་ཡིག་ཨེ་པོད་དུ་རྒྱལ་བའི་གསུང་རབ་རིན་པོ་ཆེ་ཇི་ལྟར་ཐོབ་ཚུལ་ལས་བྱུང་བའོ། །

111.jpg

   བོད་ཀྱི་ཡུལ་དུ་བཀའ་འགྱུར་གྱི་པར་ཤིང་ཐོག་མར་བྱུང་བ་ནི། ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་སྐབས་སུ་གཙང་པ་སྡེ་སྲིད་ཀྱིས་ཞྭ་དམར་ནག་གཉིས་ཀ་དང་སྒར་ཆེན་ཁོངས་ཀྱི་དགེ་འདུན་པ་ཁྲི་ལྔ་ལྷག་དང་བཅས་པ་གདན་འདྲེན་ཞུས་ཏེ་གཙང་དུ་བཞུགས་པའི་སྐབས་སུ། འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་འབུལ་བ་དང་བཅས་ཏེ་གདན་ཞུས་པ་མངགས། དུས་དེར་ཀརྨ་པས་རང་ཉིད་ཀྱི་སྐུ་ཚབ་ཏུ་གྲུབ་ཐོབ་ཆེན་པོ་ཀརྨ་པཀྵིའི་གདུང་རིགས་ལས་བྱུང་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཀརྨ་ལྷུན་གྲུབ་དང་། ཞྭ་དམར་ཆོས་ཀྱི་དབང་ཕྱུག་རྣམ་གཉིས་མངགས། རབ་བྱུང་བཅུ་པའི་ས་བྱ་སྟེ་སྤྱི་ལོ༡༦༠༩ལོར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གསུང་བསྐུལ་འོག  འཇང་ས་དམ་རྒྱལ་པོ་མི་ཕམ་ཚེ་དབང་བསོད་ནམས་རབ་བརྟན་གྱིས་འཕྱིང་པ་སྟག་རྩེའི་བཀའ་འགྱུར་མ་ཕྱིར་བྱས་ནས་བཀའ་འགྱུར་པར་གསར་སྐྲུན་གནང་། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་གནང་། སྤྱི་ལོ༡༦༡༤པའི་ཤིང་སྟག་ལོར་དཀར་ཆག༼  བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཅི་སྙེད་པའི་ཕྱི་མོ་པར་གྱི་ཚོགས་སུ་འཁོད་པའི་བྱུང་བ་གསལ་བར་བརྗོད་པ་ལེགས་བྱས་ཀྱི་རང་གཟུགས་ཀུན་ནས་སྣང་བ་ནོར་བུ་རིན་པོ་ཆེའི་མེ་ལོང༽ ཞེས་པ་དེ་བརྩམས། པར་ཤིང་ཆ་ཚང་རྨུ་གླིང་ས་ཁུལ་དུ་བཞུགས་ཀྱང་ཕྱིས་སུ་དུས་འགྱུར་གྱི་དབང་གིས་ཁམས་ལི་ཐང་དགོན་པར་གདན་དྲངས་པ་དེར་རྗེས་སུ་ལི་ཐང་བཀའ་འགྱུར་ཟེར། དེ་ལྟར་འཇང་ས་ཐམ་རྒྱལ་པོས་བཀའ་འགྱུར་པར་དུ་བཞེངས་པའི་བདག་རྐྱེན་བྱས་ཚུལ་སྟ་གོན་དང་། འགྲོ་སོང་གང་བྱས། མ་ཕྱི་གང་ལ་བྱས་པ། ཞུ་དག་དང་རབ་གནས་ཀྱི་ཆོ་ག་ཇི་ལྟར་མཛད་ཚུལ་རྒྱས་པར་གོང་གསལ་དཀར་ཆག་གི་ནང་དུ་བཞུགས་སྟབས་འདིར་ཟུར་ཙམ་ལས་མ་སྨས། ཞེས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་གི་ཤོག་ལྡེབ༣༡༤ལས་སོ། །

222.jpg

ཡང་། ཚལ་པ་བཀའ་འགྱུར་དེ་ཉིད་ལ་གཞོན་ཚུལ་ཤཱཀྱ་རྒྱལ་མཚན་དང་། ཀརྨ་ཆོས་གྲགས་རྒྱ་མཚོ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པ། འགོས་ལོ་གཞོན་ནུ་དཔལ་སོགས་མཁས་པ་མང་པོས་ལེགས་པར་བརྟགས་ཤིང་དཔྱད་ནས། ཞུས་དག་མཛད་ཅིང་མཆན་བུ་བཏབ་པ་སོགས་བོད་ཡུལ་དུ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་ཁུངས་ཐུབ་ཀྱི་ཕྱི་མོ་དམ་པར་གྱུར་ཏེ་འཕྱིང་པ་སྟག་རྩེའི་ཕོ་བྲང་དུ་བཞུགས་པ། ཕྱིས་འཇང་ཡུལ་གྱི་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས་བསོད་ནམས་ཀྱི་ལས་ཤུགས་ཆེན་པོས་སྤྱན་དྲངས་ཏེ། གཙོ་བོར་མ་ཕྱི་དེ་ཉིད་དང་། རྒྱུད་ཀྱི་སྐོར་སྟག་ལུང་རྒྱུད་འབུམ་དང་ཡང་སྒོ་བསྟུན་ནས་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པས་ཀྱང་ལྗགས་ཞུ་དག་མཛད་པ་དེ་པར་དུ་བསྒྲུབས་པ། དུས་དབང་གིས་ད་ལྟར་ལི་ཐང་བྱམས་ཆེན་རྣམ་པར་རྒྱལ་བའི་ཆོས་སྡེར་བཞུགས་པ་འདིའི་པར་མ་གཞིར་བཞག་ཅིང་། དེ་ཡང་སྤྱིར་འཇང་པར་གྱི་བཀའ་འགྱུར་འདི་ཉིད་དམ་པ་མང་པོའི་དཔྱད་པ་ཐེབས་པ་གོང་སྨྲོས་ལྟར་གྱིས་གཞི་ཤིན་ཏུ་དག་པར་འདུག་ནའང་། པར་དུ་འཁོད་སྐབས་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གིས་ཐར་ཆགས་སུ་ལྗགས་ཞུས་མ་གྲུབ་པ་དང་། ཆོས་གཟབས་ཆེ་བས། དོ་དམ་པ་རྣམས་ཀྱི་དཔྱོད་པས་མ་ཁྱབ་པའི་ཤོག་བུ་གོང་འོག་འཁྲུགས་པ་དང་། ཆད་ལྷག་ཕྲན་བུ་སོགས་སྐྱེན་ཅུང་ཟད་སྣང་བ། ལྷོ་རྫོང་བཀའ་འགྱུར་ལ་བརྟེན་ནས་དག་པར་བཅོས། དེར་མི་བཞུགས་པའི་མདོ་རྒྱུད་ཚད་ལྡན་འགའ་ཞིག་ལྷོ་རྫོང་བཀའ་འགྱུར་དང་གཞན་ལས་རྙེད་པའང་བསབས། ཞེས་སོགས་གསུངས། སི་ཏུ་ཆོས་འབྱུང་གིས་མཛད་པའི་སྡེ་དགེའི་བཀའ་འགྱུར་གྱི་དཀར་ཆག་ཆོས་འབྱུང་བཀའ་འབུམ་ཏ་པོད་ལས།

10.jpg

དེང་སང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་སྲོལ་བླ་ན་མེད་པ་འདིར། བཀླག་ལུང་གི་ཕྲེང་བ་ཇི་ལྟར་ཡོད་པའི་གསན་ཡིག་ལ་གཙོ་བོར་དབང་པོ་ཚད་མ་ཉིད་དུ་བྱས་པ་སྟེ། དེ་ཡང་བཀའ་འགྱུར་གྱི་ཕྱི་མོ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་དུས་དང་བདག་པོའི་སྒོ་ནས་མིང་བཏགས་པ་ཚལ་པ་བཀའ་འགྱུར་ཞེས་ཡོངས་སུ་གརྒས་པ་གཞོན་ནུ་ཤཱཀྱ་རྒྱལ་མཚན་དང་། རྒྱལ་བའི་དབང་པོ་ཀརྨ་པ་ཞྭ་དམར་ནག་རིམ་པར་བྱོན་པ་རྣམས་དང་། གཞན་ཡང་སྐྱེས་བུ་དམ་པ་དུ་མའི་ལྗགས་ཞུས་མཆན་བཏབ་བརྟགས་ཤིང་དཔྱོད་པར་མཛད་དེ། དེང་སང་བོད་གངས་ཅན་འདི་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་ཡིན་ལ། འདི་ཉིད་ཀྱི་པོད་གྲངས་བཞུགས་ཚུལ་གྱི་དབང་དུ་བྱས་ན། ཐེག་པའི་རིམ་འཇུག་གི་དབང་དུ་བྱེད་པ་ལ།

དང་པོ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ། དམ་པའི་ཆོས་ཐམས་ཅད་ཀྱི་རྩ་བ་འདུལ་བ་ལུང་སྡེ་བཞི་ལས་དང་པོ་འདུལ་བ་པོད་བཅུ་གསུམ།

གཉིས་པ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ཡན་ལག་དང་བཅས་པ་པོད་ཉི་ཤུ་རྩ་དྲུག

གསུམ་པ། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་གཙོ་བོ་སངས་རྒྱས་ཕལ་པོ་ཆེ་པོད་དྲུག

བཞི་པ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་པོད་དྲུག

ལྔ་པ། ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་གཙོ་བོར་གྱུར་ཅིང་འཁོར་ལོ་གཞན་ཡང་ཅི་རིགས་པར་ཡོད་པའི་མདོ་མང་པོད་སུམ་ཅུ་སོ་གཉིས།

དྲུག་པ། གསང་ཆེན་རྡོ་རྗེ་ཐེག་པའམ་རིག་པ་འཛིན་པའི་སྡེ་སྣོད་དུ་གྲགས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིའི་སྐོར་པོད་ཉེར་བཞི།

བདུན་པ། དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མེད་འོད་པོད་གཅིག

བརྒྱད་པ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་པར་གཞི་འདིའི་དཀར་ཆག་སྟེ་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་དཀར་ཆག་ཐུབ་པ་དགྱེད་བྱེད་པོད་གཅིག་བཅས་ཁྱོན་པོད་གཅིག་བརྒྱ་དང་དགུ་བཞུགས་སོ། །

སྭ་སྟི། དེ་ལྟའི་ལེགས་གསུངས་གངས་ཅན་བསྟན་པའི་སྐུ། །མ་ཚང་མེད་ཀུན་འདུས་པ་རིན་ཆེན་ཕྲེང་། །དོན་ཡོད་དབང་གི་རྒྱལ་པོའི་ཞགས་པ་གང་། །ཚལ་པ་བཀའ་འགྱུར་ཞེས་གྲགས་རྔ་སྙན་ཅན། །ནང་དེར་ཅི་སྙེད་འཁོད་པའི་གཏམ་བཟང་འདི། །གཙུག་ལག་འཕེལ་རྒྱས་གླིང་གི་ཆོས་སྨྲ་བ། །དམ་པའི་ལམ་བཟང་སྒྲུབ་ལ་མངོན་དགའ་བའི། །མིང་ཅན་གང་དེས་ཚུལ་བཞིན་བསྒྲིགས་ཏེ་བཀོད། །དོན་ཚན་ཆད་དང་ཟློས་པའི་སྐྱོན་བྲལ་བར། །ཞུས་ཤིང་དག་པར་བྱས་པའི་ངོ་མཚར་གཞི། །པར་དུ་སྒྲུབ་པའི་དོ་དམ་ཁུར་ཆེན་པོ། །རྒྱལ་རིགས་ཀརྨ་དཔལ་འབྱོར་ཞེས་བྱ་བའི། །ལྷག་བསམ་དགེ་བའི་ལམ་ལས་བྱུང་བ་འདི། །ལྕགས་མོ་བྱ་ལོ་ཧོར་ཟླ་བརྒྱད་པ་ཡི། །དུས་སྦྱོར་བཟང་པོར་གྲུབ་པའི་དགེ་ལེགས་ཀྱིས། །མ་ལུས་འགྲོ་བའི་བློ་མུ་རབ་བཅོམ་ནས། །རྒྱལ་བའི་བསྟན་པ་ལུང་རྟོགས་ཉི་ཟླའི་འོད་བཟང་པོས། །སྐྱེ་དགུའི་ཕུན་ཚོགས་ཚལ་རབ་ཀུན་ནས་རབ་རྒྱས་ཏེ། །བཤད་སྒྲུབ་རིང་སྲོལ་རྨ་མེད་ནམ་མཁའི་མཐའ་བལྟ་བས། །མི་སྲུན་ལུས་མེད་སྤོབས་པ་མཐའ་དག་ཕྱིར་བསྙིལ་ཞིང་། །གནས་འདིར་བློ་གྲོས་དཀར་བའི་ཡིག་རྐོས་མཁན་རྣམས་དང་། །དགེ་བའི་འབྲས་བུ་ཆུང་ངུ་བགྱིས་པ་དེ་དག་ཀྱང་། །བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་རབ་སྤྱོད་ཅིང་། །ཀུན་ཏུ་དམ་ཆོས་འཛིན་པའི་སྣོད་བཟང་ཉིད་གྱུར་ཅིག །གང་འདིས་ཡུལ་འཁོར་ཀུན་ཏུ་ཡང་། །ནད་དང་འཁྲུགས་རྩོད་སྐལ་ངན་ཀུན། །ནམ་ཡང་ལྡང་དུ་མེད་པ་ནས། །འཆི་མེད་དཔལ་ལ་སྤྱོད་གྱུར་ཅིག །ཤུ་བྷ་མསྟུ་སརྨ་ཛ་ག་ཏཱཾ།། ཞེས་པར་གཞི་འདིའི་དཀར་ཆག་ལས་སོ། །

དེ་ལྟར་འཇང་པར་གྱི་བཀའ་འགྱུར་དེ་འཇང་ས་ཐམ་རྒྱལ་པོའི་ཕོ་བྲང་གི་ཉེར་བསྐོར་དུ་པར་དུ་བསྐྲུན་ནས་འཇང་རྒྱལ་པོས་ཉར་ཚགས་བྱས་ཏེ་ལོ་ངོ་བཅུ་ཕྲག་འགར་སོང་མཚམས། སོག་གུ་ཤྲི་ཧན་གྱི་བུ་ཏཱ་ཡན་ཧན་གཙོས་པའི་སོག་དམག་རྣམས་འཇང་དུ་དམག་འཁྲུགས་ཞོད་འཇགས་སུ་སླེབས་སྐབས། འཇང་གི་བཀའ་འགྱུར་གྱི་པར་ཤིང་ཆ་ཚང་ཁམས་ལི་ཐང་དུ་སྤོས་ཏེ་ལི་ཐང་དགོན་ཆེན་དུ་བཞུགས་སུ་གསོལ་རྗེས་ཀུན་གྱིས་ལི་ཐང་བཀའ་འགྱུར་ཞེས་ཟེར། དེ་ནས་སྤྱི་ལོ༡༩༠༨ལོའི་གཡས་གཡོན་དུ་འཁྲུགས་པ་ཞིག་གི་སྐབས་སུ་གཏོར་བརླག་ཏུ་སོང་བར་གྲགས། པར་གཞི་དེའི་བཀའ་འགྱུར་ཆ་ཚང་ཞིག་འཇང་ས་ཐམ་རྒྱལ་པོས་པར་ཕུད་དུ་ལྷ་སའི་གཙུག་ལག་ཁང་དུ་ཕུལ་བ་དེ་ད་ལྟའང་བཞུགས་སུ་གསོལ་ལོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།