ཆོས་རྣམས་དངོས་ཡོད་གནས་ལུགས་ཀྱི་རྟེན་འབྲེལ་རང་བཞིན་དུ་གྲུབ་པ།

དུས་རབས་བཅུ་བདུན་པའི་དུས་འགོ་ནས་ཚན་རིག་པ་རྣམས་ཀྱིས་འཇིག་རྟེན་སྐོར་ལ་ཞིབ་འཇུག་བྱེད་འགོ་ཚུགས།     དུས་རབས་བཅུ་དགུ་པ་ནས་ད་ལྟའི་བར་ལོ་ངོ་ཉིས་བརྒྱ་ལྷག་གི་ནང་དུ་སྔོན་ཐོན་ཅན་གྱི་འཕྲུལ་ཆས་འཕེལ་རྒྱས་ལ་བརྟེན་ནས།     ཚན་རིག་གིས་མངོན་སུམ་གྱི་ནུས་ཚད་དེ་སྔོན་དུས་མིའི་ཡིད་ལ་མ་ཤར་བའི་ཚད་ཅིག་ལ་རྒྱ་བསྐྱེད་བྱས་ཡོད།

གནའ་བོའི་ནང་པའི་གྲུབ་མཐའ་སྨྲ་བ་ཚོ་དང་མི་འདྲ་བར་དེང་རབས་ཀྱི་དངོས་ཁམས་རིག་པ་སྨྲ་བ་ཚན་རིག་པས་ཕྲ་མཐོང་ཆེ་ཤེལ་དང་ཧ་པོ་བར་སྣང་རྒྱང་ཤེལ་ཆེན་མོ་(哈勃太空望远镜于1990年发射太空)།    ཡང་ན་གློག་ལྡན་གྱི་ཕྲ་མཐོང་ཆེ་ཤེལ་ལྟ་བུ་ནུས་ཤུགས་ཆེ་བའི་ཚན་རིག་གི་འཕྲུལ་ཆས་ལ་བརྟེན་ནས་ཆེས་ཕྲ་བའི་ཆོས་ཏེ་ཕྲ་ཕུང་དང་།     རྟོགས་དཀའ་བའི་རྡུལ་ཕྲན་དང་།     ཡངས་པའི་འཇིག་རྟེན་གྱི་བཟོ་བཀོད་སོགས་ལ་མིག་གིས་དངོས་སུ་ཞིབ་ལྟ་བྱེད་ཐུབ།     དེ་ལྟར་ཚན་རིག་གིས་སྔོན་མེད་ཀྱི་དབང་པོའི་ནུས་ཚད་འདི་གཞི་རུ་བཞག་ནས་རྗེས་དཔག་གི་མཐའ་མཚམས་དེ་ཡང་།  ད་ལྟའི་འགྲོ་བ་མིའི་ཤེས་ཡོན་གྱི་ཁྱབ་ཁོངས་ལས་ཕ་རོལ་ཏུ་བརྒལ་བར་བྱས་ཡོད།     ཚན་རིག་པས་བསམ་བློའི་དཔྱད་པ་བརྒྱུད་ནས་ཚན་རིག་གི་འཚོལ་ཞིབ་ལ་གཙོ་བོར་མཚན་ཉིད་རིག་པའི་དཔྱད་ཐབས་ཀྱིས་བཀོད་འདོམས་བྱས་པ་འདི་ཡིན།     གསལ་བོར་བཤད་ན།  ལག་ལེན་གྱི་ནང་དུ་དང་པོ་བློས་ཁོར་ཡུག་ཅིག་སེམས་ནང་དུ་རྟོག་བཟོ་བྱེད་པ་དང་།     ཚན་རིག་གི་ཚོད་དཔག་བྱེ་བྲག་པ་ཞིག་ལ་ཁོར་ཡུག་དེ་དང་བསྟུན་ནས་ཞིབ་དཔྱད་བྱས་ཏེ་ནམ་རྒྱུན་སུན་འབྱིན་བྱེད་མི་ནུས་པའི་བདེན་རྫུན་དག་ལ་ཕན་གནོད་ཅི་ཡོད་ཚོད་ལྟ་བྱེད།  

རླབས་ཆེན་གྱི་ཚན་རིག་པ་ཨ་ཡིན་སི་ཐན་གྱིས་དུས་དང་བར་སྣང་གི་ལྟོས་གྲུབ་(空间和时间)སྒྲུབ་པའི་བརྟག་དཔྱད་ཕལ་ཆེ་བ་ནི་འདི་འདྲའི་བསམ་བློའི་དཔྱད་པའི་ཐོག་ནས་བྱས་ཏེ།      སྐབས་དེའི་དངོས་ཁམས་རིག་པའི་གོ་རྟོགས་ལ་དཔྱད་པ་བཏང་།

ནང་ཆོས་ཀྱིས་ཆོས་རྣམས་རྟེན་ཅིང་འབྲེལ་བའི་རྒྱུ་རྐྱེན་ནམ་འདོགས་བྱེད་ཆ་ཤས་སོགས་ལས་གྲུབ་ཅིང་།མ་དྲོས་པས་ཞུས་པའི་མདོ་ལས།  གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།  །དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན།  །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།  །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་།  རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ལས།  གང་ཞིག་གཟིགས་ཤིང་གསུང་པ་ཡི།  །མཁྱེན་དང་སྟོན་པ་བླ་ན་མེད།  །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།  །གཟིགས་ཤིང་འདོམས་པ་དེ་ལ་འདུད།  །ཅེས་དང་།  སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་།  །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས།  །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཞེས་སོགས་དང་། ལམ་རིམ་ལས། རིགས་པའི་རྒྱལ་པོ་རྟེན་འབྲེལ་གཏན་ཚིགས་ནི། །རྟེན་འབྲེལ་ཕྱིར་ན་མྱུ་གུ་རང་བཞིན་གྱིས། །མེད་དེ་དཔེར་ན་བྱད་བཞིན་གཟུགས་བརྙན་བཞིན། །ཞེས་དང་།  རྩ་བ་ཤེས་རབ་ལས།   གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།  །འགགས་པ་མེད་པ་སྐྱེས་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། ། ཞེས་སོགས་མང་དུ་གསུངས།

 

རྒྱུ་རྐྱེན་དེ་དག་ཀྱང་རང་ངོས་ནས་གྲུབ་པ་ཞིག་མ་ཡིན་པར་རྒྱུན་དུ་རྒྱུ་རྐྱེན་གྱི་འདུ་ཚོགས་གཞན་ལ་བརྟེན་ནས་བྱུང་།     ཆོས་དང་བྱུང་བ་ཐམས་ཅད་ལ་རང་ངོས་ནས་གྲུབ་པའི་རང་ཚུགས་ཤིག་གིས་སྟོང་པས་ན་སྟོང་ཉིད་དང་།     ཆོས་ཐམས་ཅད་ཀྱི་རྩ་བའི་རང་བཞིན་མཐར་ཐུག་གི་བདེན་དོན་གྱི་གནས་ལུགས་འདི་ལ་ནང་ཆོས་ཀྱི་གཞུང་ལུགས་ཁག་ཏུ་སྟོང་ཉིད་དང་ལེགས་སྦྱར་གྱི་སྐད་དུ་ཤཱུནྱཏཱ་ཟེར།      ཆོས་གང་ཞིག་ཡིན་རུང་རང་ངོས་ནས་གྲུབ་པ་ཞིག་ཡིན་ཚེ་རང་རྐྱ་བ་ཆགས་ཏེ་གཞན་གྱི་རྒྱུ་རྐྱེན་དུ་འགྲོ་མི་ཐུབ་པ་ཤུགས་ལ་བསྟན་ཡོད།    

 ནང་པའི་གྲུབ་མཐའ་མཐོ་ཤོས་དབུ་མ་ཐལ་འགྱུར་པས།     ནང་དང་ཕྱིའི་ཡུལ་གྱི་དངོས་ཡོད་གནས་ལུགས་དེ་རང་བཞིན་གྱིས་མེད་ནའང་།     དེ་ནི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ཐ་སྙད་དུ་བྱ་བྱེད་ཐམས་ཅད་བསྙོན་མེད་དུ་འཐད་པར་བསམ་པ་དང་།     དེ་ཡང་སྤྱི་ཚོགས་ཀྱི་གོམས་སྲོལ་དང་འདུ་ཤེས་འཛིན་སྟངས།     ང་ཚོའི་སྐད་ཡིག་སོགས་ལ་བརྟེན་ཡོད།     བྱེད་པ་པོ་ཞིག་ལ་མ་བརྟེན་པར་སྔ་ས་ནས་ཡོད་པའི་དངོས་ཡོད་གནས་ལུགས་ཀྱི་དོན་སྤྱི་དེ་ཁུངས་སྐྱེལ་བྱེད་མི་ཐུབ།     དངོས་ཁམས་རིག་པ་གསར་མའི་འདོད་ཚུལ་ལྟར་དངོས་གཟུགས་ཡུལ་གྱི་ངོས་ནས་སྣང་མི་ཐུབ་པར་མ་ཟད།     བྱེད་པ་པོ་ཞིག་དང་ཁ་བྲལ་ནས་དེ་ལ་འགྲེལ་བཤད་ཀྱང་བྱེད་མི་ཐུབ།     དངོས་གཟུགས་དང་སེམས་གཉིས་ཕན་ཚུན་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཞིག་ཡིན་པར་འདོད།     རྩ་བའི་ཆ་ནས་དངོས་ཡོད་གནས་ལུགས་ནི་རྟེན་འབྲེལ་གྱི་རང་བཞིན་ཅན་ཡིན་པའི་གོ་རྟོགས་འདི་ལ་ནང་ཆོས་ཀྱི་གཞུང་དུ་རྟེན་འབྱུང་ཟེར།     འདི་ནི་ནང་ཆོས་ཀྱིས་འཇིག་རྟེན་དང་འགྲོ་བ་མིའི་འཚོ་གནས་ཀྱི་རང་བཞིན་ལ་འཛིན་པའི་ལྟ་བ་གཙོ་བོ་ཞིག་ཡིན།    

མདོར་བསྡུས་ན།     རྟེན་འབྱུང་གི་རྣམ་གཞག་ཅེས་པ་ནི་རྒྱུ་མཚན་གསུམ་གྱི་སྒོ་ནས་ཤེས་དགོས་ཏེ།    

དང་པོ།འདུས་བྱས་སམ་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་གཉིས་འབྲེལ་བ་ལས་བྱུང་བའི་འབྲས་བུ་འབའ་ིག་ཡིན་ཞིང་།     རྒྱུ་རྐྱེན་མེད་པར་ཆ་ཡོངས་སུ་ཚང་ནས་གྲུབ་པ་ཞིག་མེད།    

གཉིས་པ།     འདུས་བྱས་མ་ཟད་ཆོས་ཐམས་ཅད་ཆ་དང་ཆ་ཅན་ཕན་ཚུན་ལ་བརྟེན་ཅིང་ཆ་མེད་པར་ཆ་ཅན་ཡོད་མི་སྲིད་པ་དང་།     ཆ་ཅན་མེད་པར་ཆ་ཤས་ཀྱི་སྐོར་གླེང་ན་གོ་རྒྱུ་གང་ཡང་མེད།     ཆ་དང་ཆ་ཅན་གྱི་རྟེན་འབྲེལ་འདི་བར་སྣང་དང་དུས་གཉིས་ཀར་སྦྱར་ཆོག

གསུམ་པ།     ཆོས་ཤིག་གནས་པ་དང་ངོ་བོ་ཡོད་པ་ལ་དེ་དང་འབྲེལ་བའི་དངོས་པོ་འདུ་ཚོགས་ཀྱི་ཁྲོད་མ་གཏོགས་ཆོས་དེ་གནས་མི་ཐུབ་པའམ་ངོ་བོ་ཡོད་མི་སྲིད།     ཆོས་གང་ཞིག་ཡིན་རུང་ངོ་བོ་ཉིད་ཀྱིས་གྲུབ་ཅིང་རང་རྐྱ་བར་གནས་ཐུབ་པ་ཞིག་མེད།     དེ་བས་འཇིག་རྟེན་འདི་རྙོག་འཛིང་ཆེ་བའི་རྟེན་འབྲེལ་གྱི་དྲ་རྒྱ་ཞིག་ལས་གྲུབ་ཡོད།    

ཆོས་གང་འདྲ་ཞིག་ཡིན་རུང་གོམས་སྲོལ་དང་།     འདུ་ཤེས་འཛིན་སྟངས།     སྐད་ཡིག་བཅས་ཐེ་བའི་ཆོས་དེའི་ཁོར་ཡུག་ལ་སོགས་པའི་རྒྱུ་རྐྱེན་གཞན་རྣམས་དང་འབྲེལ་བའི་སྒྲོམ་གཞི་ཞིག་མེད་པར།     ང་ཚོས་ངོ་བོ་ཐ་དད་དུ་གནས་པི་ཆོས་ཤིག་གི་སྐོར་གླེང་མི་ཐུབ།     དེའི་ཕྱིར་ཡུལ་མེད་པར་ཡུལ་ཅན་ཡོད་མི་སྲིད་ཅིང་།     ཡུལ་གྱིས་ཡུལ་ཅན་ལ་སྟངས་འཛིན་བྱེད་པ་དང་།     དེ་བཞིན་ཡུལ་ཞིག་ཤེས་རྟོགས་བྱེད་མཁན་ཡུལ་ཅན་མེད་པར་ཡུལ་དེ་ཡོད་མི་སྲིད།     བྱ་བ་མེད་པར་བྱེད་པ་པོ་ཡོད་མི་སྲིད་པ་ལྟ་བུ་རེད།      

དངོས་པོ་གང་ཞིག་ལ་བརྟག་དཔྱད་གནང་སྐབས་བརྟག་མཁན་གྱི་གནས་ས་དེ་གལ་ཆེ་བ།

སྟོང་ཉིད་ཀྱི་ལྟ་བ་གཞི་ལ་བཞག་ན།     འཇིག་རྟེན་འདི་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་དངོས་ཡོད་གནས་ལུགས་ཀྱི་དྲ་རྒྱ་ལས་གྲུབ།     དྲ་རྒྱ་དེའི་ནང་རྟེན་ཅིང་འབྲེལ་བའི་རྒྱུ་ཡིས་རྟེན་ཅིང་འབྲེལ་བའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ལ་བརྟེན་ནས་རྟེན་ཅིང་འབྲེལ་བའི་འབྲས་བུ་ཞིག་བསྐྲུན་ཡོད་པར་ནང་ཆོས་ལས་བཤད། 

ཆོས་ལུགས་གྲུབ་མཐའ་སོ་སོའི་འཇིག་རྟེན་གྲུབ་ཚུལ་སྐོར་གྱི་འདོད་ཚུལ།

གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་ཁག་གི་ནང་འཇིག་རྟེན་གྲུབ་ཚུལ་གྱི་ལྟ་བ་མི་མཐུན་པ་གང་མང་བྱུང་ཞིང་།     དེ་དག་ལས་བྱེ་བྲག་པ་སོགས་མུ་སྟེགས་པ་མང་པོ་ཞིག་གིས་ད་ལྟའི་འཇིག་རྟེན་གྱི་ཁམས་འདི་མ་ཆགས་གོང་ས་རྡུལ་ཕྲ་མོ་དང་།ཆུ་རྡུལ་ཕྲ་མོ།མེ་རྡུལ་ཕྲ་མོ།རླུང་རྡུལ་ཕྲ་མོ་སོགས་རྡུལ་ཕྲན་མང་པོ་ཞིག་བར་སྣང་སྟོང་པའི་ནང་སོ་སོར་མི་འཇིག་པར་གནས་ནས་ཡོད་པ་ལ།ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་སྟོང་པ་དེར་འཇིག་རྟེན་གྱི་ཁམས་ཤིག་བཟོ་དགོས་སྙམ་ནས་བློའི་འཕེན་པ་བཏང་བ་དང་།སེམས་ཅན་རྣམས་ཀྱི་ཆོས་དང་ཆོས་མིན་གྱི་ལས་ཡོངས་སུ་སྨིན་པའི་དབང་གིས་ཐོག་མར་རླུང་རྡུལ་ཕྲ་མོ་གཉིས་མཉམ་དུ་སྦྱོར་བར་བྱེད་ཅིང་།དེ་ནས་རླུང་རྡུལ་ཕྲ་མོ་གསུམ་སྦྱོར་བར་བྱེད་དོ།།དེ་ལྟ་བུའི་རིམ་པས་རླུང་རྡུལ་རྣམས་ཀྱིས་འབྲས་བུའི་རྫས་རྩོམ་པར་བྱས་ཏེ་རླུང་གི་ཕུང་པོ་ཆེན་པོ་ཆགས་ཤིང་།དེའི་སྟེང་དུ་ཆུ་རྡུལ་རྣམས་སྔར་ལྟར་སྦྱར་བས་ཆུའི་ཕུང་པོ་ཆེན་པོ་ཆགས་པ་དང་།དེའི་སྟེང་དུ་སའི་དཀྱིལ་འཁོར་ཆེན་པོ་དང་།དེའི་སྟེང་དུ་མེའི་དཀྱིལ་འཁོར་ཆེན་པོ་སྔར་གྱི་རིམ་པ་ལྟར་གྲུབ་པར་གྱུར་པ་སོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཆགས་པར་འདོད་པར་བཤད།

མུ་སྟེགས་གྲངས་ཅན་པས་སྤྱི་གཙོ་བོའི་སྟེང་ནས་འཇིག་རྟེན་འདི་དག་རྩ་བའི་སྒྲུབ་གཞི་མཐར་ཐུག་ཅིག་གི་རྣམ་འགྱུར་དུ་འགྲེལ་བརྗོད་བྱེད།

རྒྱང་འཕེན་པས་འཇིག་རྟེན་གྱི་ཁམས་འདི་འགྲུབ་ཚུལ་ནི་བེམ་རྫས་ལས་གློ་བུར་ཐོལ་བྱུང་དུ་གྲུབ་པར་འདོད་པར་བཤད།དེ་དག་ལས་འཇིག་རྟེན་བཀོད་པ་པོ་འདོད་པ་རྣམས་ཀྱིས་ནི་འཇིག་རྟེན་གྱི་ཁམས་འདི་བཟོ་མཁན་ཞིག་མེད་ན་འདི་འདྲའི་གྲ་འགྲིག་པོ་ཡོང་བ་མི་སྲིད་དེ།དཔེར་ན།ཁང་པ་ལྟ་བུ་བཟོ་མཁན་ཞིག་མེད་ན་ཁང་པ་མི་འགྲུབ་པ་བཞིན་ནོ་ཞེས་ཟེར།

གྲངས་ཅན་པའི་གྲུབ་མཐའི་ཡན་ལག་ལྷ་ཚངས་པའམ་དབང་ཕྱུག་པའི་ལུགས་ཀྱི་འདོད་ཚུལ་ནི།     འཇིག་རྟེན་འདི་སྤྱི་གཙོ་བོ་དང་ལྷ་དབང་ཕྱུག་གཉིས་ཀྱི་བར་ལ་གསར་གཏོད་རང་བཞིན་གྱི་འབྲེལ་བ་བྱུང་བ་ལས་གྲུབ་པར་འདོད།     འདི་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ལ་གཞི་བཅོལ་ཞིང་ཚད་མཐོ་བའི་གཟུགས་འདས་རིག་པའི་རྣམ་གཞག་ཅིག་ཡིན་ལ།     འཇིག་རྟེན་གྱི་བཀོད་པ་དང་།      འཚོ་གནས་ཀྱི་དགོས་དམིགས།      གཞན་ཡང་འཇིག་རྟེན་འདིའི་ཁྱད་ཆོས་ལྐོག་གྱུར་པ་རྣམས་འཇིག་རྟེན་བཀོད་པ་པོ་ལ་བརྟེན་ཡོད་པར་འདོད།     ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ལྷའི་སྤྲུལ་བ་ལས་བྱུང་བར་འདོད།   

རྒྱ་གར་གྱི་མུ་སྟེགས་པའི་འདོད་ཚུལ་དེ་དག་ཕལ་ཆེ་བ་ནི་དུས་སྐབས་དེ་དང་དེའི་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བའི་མཁས་པ་དག་གི་འདོད་ཚུལ་ཡིན་མོད།དུས་ཕྱིས་ཀྱི་མུ་སྟེགས་པ་རྣམས་ཀྱིས་དེ་ཁོ་ན་ལྟར་འདོད་པའི་ངེས་པའང་མི་སྣང་།ལ་ལས་རང་གི་སྔར་གྱི་ལྟ་བ་དོར་ནས་ནང་པའི་ཆོས་སུ་ཞུགས་ཏེ་ནང་པའི་ལྟ་གྲུབ་འཛིན་པ་དཔེར་ན་སློབ་དཔོན་རྟ་དབྱངས་ལྟ་བུ།

ཡེ་ཤུའི་ཆོས་ལུགས་ཀྱི་འདོད་ཚུལ་ནི།     དུས་རབས་དཀྱིལ་མའི་སྐབས་ཀྱི་ནུབ་ཕྱོགས་ཡོ་རུབ་ཀྱི་རྒྱལ་ཁབ་ཁག་ནང་བཤད་སྲོལ་ལ།     ལྷ་ཡི་དབང་པོས་གནམ་ས་དང་ཉི་ཟླ་སྐར་གསུམ་གསར་སྐྲུན་བྱས་པ་དང་།     དེ་རྗེས་རྩི་ཤིང་དང་སྲོག་ཆགས་རྣམས་གསར་སྐྲུན་བྱས་ཏེ་མཐར་འཇིམ་པ་ལས་མི་གཟུགས་སྐྱེས་པ་ཕོ་ཞིག་བཟོས་པ་དེའི་མིང་ལ་ཡ་ཏེང་ཟེར་ཞིང་།     དེ་ནས་མི་གཟུགས་དེའི་རྩིབས་མ་གཅིག་བཀོག་ནས་ཞྭ་ཝ་ཟེར་བའི་བུད་མེད་གཅིག་བཟོས་པར།     ཁོང་གཉིས་འདོད་པ་ལོངས་སྤྱད་པ་ལས་བུ་ཕྲུག་མང་ཙམ་བྱུང་ནས་མིའི་འགྲོ་བ་འཕེལ་བ་ཡིན་ཟེར།

སྤྱི་ལོ་1650ལོར་ཨར་ལན་རྒྱལ་ཁབ་ཀྱི་ཆོས་བདག་ཞིག་གིས་ལྷའི་གསུང་རབ་ནང་བཤད་པ་ལྟར།     ལྷ་ཡི་དབང་པོས་འཇིག་རྟེན་སྐྲུན་པའི་དུས་ཚོད་ངོ་མ་ཏག་ཏག་དེ་རྩིས་བརྒྱབ་པར།     སྤྱི་ལོའི་སྔོན་གྱི་2004ལོའི་ཟླ་10པའི་ཚེས་23གྱི་སྔ་དྲོ་ཆུ་ཚོད་དགུའི་སྟེང་བསྐྲུན་པར་བཤད།

རྒྱའི་གནའ་རབས་ཀྱི་བཤད་སྲོལ་ལ་ཉུས་ཝ་(女娲)ཞེས་པའི་ལྷ་མོ་ཞིག་ཡོད་པ་དེས།      རང་ཉིད་གཅིག་པུར་སྡོད་སྐབས་སྐྱོ་སྣང་སྐྱེས་ཏེ་འཇིམ་པ་ལ་མི་ཡི་གཟུགས་འགའ་ཞིག་བཟོས་པར།     དེ་དག་ལ་ཕུ་གཅིག་བཏབ་པས་མི་གསོན་པོར་གྱུར་བ་ལས།     མི་ཡི་འགྲོ་བ་ཐོག་མ་བྱུང་བ་ཡིན་ཟེར།

2014ལོའི་ཟླ9པའི་ནང་དེང་རབས་ཀྱི་ཚན་རིག་སྨྲ་བའི་སློབ་དཔོན་ཆེན་མོ་ཧྲི་ཏིས་བུན་ཧོ་ཅིནགྱིས་བཤད་པར་འཇིག་རྟེན་འདི་བཟོ་མཁན་གྱི་ལྷ་ཞིག་མེད་པ་རེད།   མི་ཡིས་ལྷའི་ཤེས་པ་ཐམས་ཅད་ཤེས་ཐུབ།   ང་རང་ལྷ་ལ་དད་པ་བྱེད་མཁན་ཞིག་མིན་ཞེས་གསུངས།

ནང་པ་སངས་རྒྱས་པའི་ལུགས་ལ།རྒྱུ་མེད་ལས་སྐྱེ་བ་ཁས་མི་ལེན་པ་དང་།དེ་བཞིན་དུ་འཇིག་རྟེན་བྱེད་པ་པོའི་བློའི་གཡོ་བ་སྔོན་དུ་སོང་བ་ལས་གྲུབ་པའང་ཁས་མི་ལེན་པ་དང་།རྒྱུ་རྟག་པ་ལས་འབྲས་བུ་འབྱུང་བ་རིགས་པ་དང་མི་ལྡན་པ་དང་།རྒྱུ་དང་འབྲས་བུ་རིགས་མཐུན་པ་དགོས་པ་དང་།རྒྱུའི་ཁྱད་པར་སྣ་ཚོགས་པ་ལས་འབྲས་བུའི་ཁྱད་པར་སྣ་ཚོགས་པ་འབྱུང་བ་ནི་ཆོས་ཉིད་ཀྱི་སྲོལ་ཡིན་གྱི་དེ་ལས་གཞན་དུ་མི་འཐད་པ་དང་།དེ་བཞིན་དུ་རྒྱུ་དང་འབྲས་བུའི་འབྲེལ་པའང་རང་ཆས་སུ་གྲུབ་པའི་གཤིས་ཡིན་པ་དང་།རྒྱུ་དང་རྐྱེན་སྣ་ཚོགས་པ་ལས་འབྲས་བུ་འབྱུང་བ་སོགས་ནི།རྒྱུ་འབྲས་རྟེན་འབྲེལ་གྱི་དབང་གིས་ཡིན་པར་འདོད་དོ།།

དེ་ལྟ་བུའི་རྒྱུ་འབྲས་རྟེན་འབྲེལ་གྱི་ཚུལ་འདི་ནི།ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཐུན་མོང་དུ་ཁས་ལེན་པའི་རྟེན་འབྲེལ་གྱི་གོ་དོན་ཡིན་ལ།རྟེན་འབྲེལ་གྱི་དོན་དང་ལྟོས་པའི་དོན་ལ།རྒྱུ་འབྲས་ཀྱི་ལྟོས་ཚུལ་ལས་ཕྲ་བ་ཆ་ཤས་ལ་ལྟོས་པ་དང་།དེ་ལས་ཀྱང་ཕྲ་བའི་རྟེན་འབྲེལ་གྱི་གོ་དོན་བཅས་དབུ་མ་པའི་གཞུང་དུ་བྱུང་

གོང་གི་གནའ་བོའི་རྒྱ་གར་ལ་སོགས་པའི་གྲུབ་མཐའ་ཁག་གི་འཇིག་རྟེན་གྲུབ་ཚུལ་གྱི་ལྟ་བ་འདི་དག་ལ།     དུས་རབས་བཞི་པའི་ནང་བྱོན་པའི་འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ལས་འདི་ལྟར་གསུངས་ཏེ།དོན་གྱིས་ཇི་ལྟ་བུ་ཞེ་ན།བྱེད་པ་པོ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དང་།རྒྱུ་དང་བཅས་པ་ལས་བྱུང་བའི་དོན་དང་།སེམས་ཅན་མེད་པའི་དོན་དང་།གཞན་གྱི་དབང་གི་དོན་དང་།གཡོ་བ་མེད་པའི་དོན་དང་།མི་རྟག་པའི་དོན་དང་།སྐད་ཅིག་པའི་དོན་དང་།རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་དང་།རྒྱུ་དང་འབྲས་བུ་མཐུན་པའི་དོན་དང་།རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང་།རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ།།[1]ཞེས་རྒྱུ་འབྲས་རྟེན་འབྱུང་གི་ཚུལ་འདིས་རིམ་པ་བཞིན།སྣོད་བཅུད་བཟོ་མཁན་གྱི་བྱེད་པ་པོ་མེད་པ་དང་།འདུས་བྱས་ཀྱི་ཆོས་རྣམས་རྒྱུ་དང་རྐྱེན་ལས་འབྱུང་བ་དང་།གཞན་དབང་ཅན་སོགས་སུ་དོན་གྱིས་གྲུབ་པར་གསུངས་སོ།།ཁོང་གིས་འཇིག་རྟེན་འདིའི་སྔོན་དུ་སོང་བའི་དབང་ཕྱུག་རྟག་པའི་བློ་རིག་ཅིག་མེད་པ་དང་།      རྒྱུ་འབྲས་ཀྱི་འབྲེལ་བའི་ཕྲེང་བ་མཐའ་མེད་པ་སྟེ་རྟེན་འབྱུང་གི་ཆོས་ཉིད་འདི་གཞིར་བཞག་ནས་འཇིག་རྟེན་འདིའི་ཐོག་མ་རྟོགས་དགོས་པར་གསུངས།

སཱ་ལུའི་ལྗང་པའི་མདོ་ལས།རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ།འདི་ཡོད་པས་འདི་འབྱུང་ལ།འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།[2]ཞེས་པའི་མདོའི་དོན་ཚན་པ་གསུམ་དུ་བསྡུས་ཏེ།རིམ་པ་བཞིན།འདི་ཡོད་པས་འདི་འབྱུང་ལ།ཞེས་པས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་།འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།ཞེས་པས་མི་རྟག་པའི་རྐྱེན་དང་།གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།ཞེས་པས་ནུས་པའི་རྐྱེན་ལས་བྱུང་བ་བསྟན་པར་སྦྱར་ཏེ་གསུངས།

དུས་རབས་བདུན་པའི་ནང་བྱོན་པའི་ཚད་མའི་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་འཇིག་རྟེན་བཀོད་པ་པོའི་རིང་ལུགས་དགག་པ་ནི།   ནང་པའི་ཚད་ལྡན་གྱི་དགག་སྒྲུབ་རིག་པའི་ལམ་ནས་གཏན་ལ་ཕབ།     ཚད་མ་རྣམ་འགྲེལ་དུ་ཁོང་གིས་རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོའི་རིང་ལུགས་ཀྱིས་འཇིག་རྟེན་བཀོད་པ་པོ་ཡོད་པར་སྤྱི་འགྲོས་སུ་བསྒྲིགས་པའི་བདེན་དཔང་ཤུགས་རྐྱེན་ཆེ་བ་རྣམས་བཀག་པ་དང་།      འཇིག་རྟེན་བཀོད་པ་པོའི་རིང་ལུགས་ཀྱི་ལྟ་བའི་ལངས་ཕྱོགས་ཀྱི་རྩ་བར་འགལ་བ་ཞིག་ཡོད་པ་དེ་ཐེར་འདོན་བྱས།

 འཇིག་རྟེན་བཀོད་པ་པོ་ལས་འཇིག་རྟེན་གྱི་ཐོག་མ་བྱུང་བར་སྒྲུབ་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཀྱིས་སྐུལ་སློང་བྱས་མོད།     འོན་ཀྱང་།     འཇིག་རྟེན་བཀོད་པ་པོའི་ལུགས་འཛིན་པ་ཚོས་མཐའ་མཇུག་ཆོས་ཉིད་འདི་འདོར་དགོས་པ་ཁོང་གིས་གསལ་བཤད་བྱས་ཤིང་།     ཁོང་ཚོས་རང་རྐྱ་ཐུབ་པའི་ཐོག་མ་ཞིག་རྒྱུ་འབྲས་ཀྱི་འབྲེལ་བའི་ཐོག་མར་བཞག་ནས་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་པའི་རྒྱུ་གཞན་ཞིག་ཡོད་པ་མ་མཐར་ཡང་ཤུགས་སུ་བསྟན།      ཐོག་མའམ་རྒྱུ་དང་པོ་འདི་ནི་རྒྱུ་རྐྱེན་ལས་གྲུབ་པ་མ་ཡིན་པར་རྟག་པ་དང་རང་རྐྱ་བའི་ངོ་བོ་འཛིན་པ་ཞིག་ཡིན་དགོས།     དེ་ལྟར་ཡིན་ན་འཇིག་པའི་བདག་ཉིད་ཀྱི་ཆོས་དང་བྱུང་བ་བསྐྲུན་པའི་ནུས་པ་དེ་ལ་ཇི་ལྟར་ཡོད་དམ།     སློབ་དཔོན་ཆོས་གྲགས་ཀྱིས་རང་མཚན་པའི་ཐོག་མ་འདི་འདྲ་ཞིག་ལ་རྒྱུ་འབྲས་ཀྱི་བྱེད་ལས་སྦྱོར་མི་ཐུབ་པར་གསུངས།     མདོར་བསྡུས་ན།     རྒྱུ་ཐོག་མ་ཞིག་གཞིར་འཛིན་པའི་ལྟ་ཚུལ་འདི་རང་སྣང་གང་དྲན་དུ་བྱུང་བའི་གཟུགས་འདས་རིག་པའི་ཚོད་དཔག་ཅིག་ཡིན་པ་ལས་ར་སྤྲོད་བྱེད་ཐུབ་པའི་བདེན་དོན་ཞིག་མིན། 

ནང་པའི་ཚད་མ་རིག་པའི་ལྟ་བའི་ལངས་ཕྱོགས་གང་མང་ཞིག་ཕྱི་རོལ་པའི་གྲུབ་མཐའ་འདྲ་མིན་དང་།     ཚན་རིག་དང་མཐུན་པའི་རིགས་ལམ་ནས་གྲོས་བསྡུར་བྱས་པའི་གོ་རྟོགས་ཀྱི་ཁོར་ཡུག་ཆེན་པོ་ཞིག་གི་ནང་དུ་བྱུང་བ་རེད།     མདོར་ན་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་མི་འདོད་པ་འདི་ནི་ནང་ཆོས་དང་ཚན་རིག་གཉིས་ཀའི་ལྟ་བ་གཅིག་མཚུངས་རེད།    

ཚན་རིག་གིས་འཇིག་རྟེན་བཀོད་པ་པོ་ཞིག་ཡོད་པར་ར་སྤྲོད་བྱས་མེད་པ་འདིས་འཇིག་རྟེན་བཀོད་པ་པོའི་རྗེས་འཇུག་པ་རྣམས་ལ།      འཇིག་རྟེན་བཀོད་པ་པོ་ཞིག་མཐའ་གཅིག་ཏུ་མེད་པར་བསྟན་མེད།     དེ་མཚུངས་སུ་ཚན་རིག་གིས་སེམས་ཅན་སླར་ཡང་སྐྱེ་བ་ལེན་པ་ཁུངས་སྐྱེལ་མ་བྱས་པ་འདིས།      སྐྱེ་བ་སྔ་ཕྱི་ཡོད་མི་སྲིད་པའང་མཐའ་གཅིག་ཏུ་བསྟན་མེད།     དེ་བཞིན་དུ་ཚན་རིག་པས་ང་ཚོའི་གོ་ལ་མ་གཏོགས་རྒྱུ་སྐར་གཞན་དག་གི་སྟེང་དུ་ཚེ་སྲོག་ཡོད་པ་ད་ལྟའི་བར་དུ་མ་རྙེད་པ་འདིས།     རྒྱུ་སྐར་གཞན་དུ་ཚེ་སྲོག་མེད་པའང་ར་སྤྲོད་བྱས་མེད།     ཚན་རིག་གིས་ནམ་ཡང་དེ་འདྲ་ཚིག་ཐག་གཅོད་དགོས་དོན་ཡང་མེད་དོ།  ། 

 



[1]སྡེ་དགེ་བསྟན་འགྱུར་ཤིང་པར་མ།སེམས་ཙམ།རིཀུན་ལས་བཏུས་དང་པོ།ཤོག་གྲངས་66པར་གསལ།

དཔེ་བསྡུར་མ།དེབ།76 ཤོག་གྲངས169པར་གསལ།

[2]སྡེ་དགེ་བཀའ་འགྱུར་ཤིང་པར་མ། མདོ་སྡེ།ཤོག་གྲངས་116པར་གསལ།

དཔེ་བསྡུར་མ།དེབ།62ཤོག་གྲངས315པར་གསལ།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།