དཀར་མཛེས་དགོན་པའི་ལོ་རྒྱུས།

དང་པོ།དགོན་པའི་སྔོན་བྱུང་གི་ལོ་རྒྱུས་སྐོར།
དེ་ཡང་དཀར་མཛེས་དགོན་པའམ་རྒྱས་མིང་ལ་ཆོས་སྡེ་ཆེན་པོ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུ་གླིང་ཞེས་བྱ་བ་འདི་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་སྲིད་གཞུང་གི་གོང་དུ་ཆགས་ཡོད།སའི་ཆགས་རིམ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་བཞི་བརྒྱ(3400)ཡོད་པ་དང་།ཁུལ་སྲིད་གཞུང་གི་གནས་ཡུལ་དར་མདོ་ལས་རྒྱང་ཐག་སྤྱི་ལེ་སུམ་བརྒྱ་གྱ་ལྔ་(385)ཡོད།
དགོན་པ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྤྱི་ལོ་1662ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་བའི་གྲུབ་མཐའ་དགེ་ལུགས་པའི་དགོན་པ་ཞིག་ཡིན།དཀར་མཛེས་དགོན་ཞེས་པའི་མཚན་ཐོགས་དོན་ནི།ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་བཞེངས་སྐབས།བཀྲ་ཤིས་ཚེས་བཟང་ཞིག་སྐར་འཛིན་དུ་འདམས་ནས་རྨང་གཞི་འདིང་བའི་མཛད་སྒོ་སྤེལ་རྗེས་དགོན་པ་རྙིང་བ་བཤིག་སྟེ་དགོན་པ་གསར་བ་བཞེངས་པར།དགོན་པ་འདི་ཨང་དང་པོར་བཏབ་པས་སྐར་འཛིན་དགོན་ཞེས་མཚན་བཏགས།བཤད་སྲོལ་གཞན་ཞིག་ལ།ཁོང་གིས་རྡོ་དཀར་པོ་མང་པོ་ཡོད་པའི་སར་དགོན་པ་འདི་བཏབ་པས་དཀར་མཛེས་ཞེས་མིང་ཆགས་ཟེར།དཀར་མཛེས་ནི་ཡུལ་གྱི་ལྟེ་བ་ཡིན་པས་བྱེ་བྲག་གི་མིང་སྤྱི་ལ་ཐོགས་ནས་དེང་སང་ས་ཁུལ་ཡོངས་ལ་སྐར་འཛིན་ཡང་ཟེར།ཕྱིས་དཀར་མཛེས་ཞེས་འབོད་པ་ནི་འདོད་རྒྱལ་གྱི་ཐ་སྙད་གསར་དུ་བཏགས་པར་སྣང་།ཏྲེ་ཧོར་དང་།ཏྲེ་བོ།ཀྲེ་བོ་ཞེས་པ་རྣམས་ནི་ས་ཁུལ་སྤྱིའི་མིང་ཡིན་ནོ།འདི་ཡང་ཏྲེ་ཤོད་ཡིན་པས་ཏྲེ་དང་།ཧོར་གྱི་སྲས་རྒྱུད་སྡེ་དཔོན་རིམ་པས་སྐྱོང་བས་ཧོར་ཏེ།ཏྲེ་ཧོར་ཞེས་པའོ།

གཉིས་པ།ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་གདུང་རྒྱུད་དང་ཁོང་གི་ལོ་རྒྱུས་མདོར་བསྡུས།
ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་ཧུ་པེ་ལིས་འགྲོ་མགོན་འཕགས་པ་མཆོད་གནས་སུ་གདན་དྲངས་པར།བར་སྐབས་ཤིག་བླ་མ་འཕགས་པས་སྔོན་ས་པཎ་གྱིས་གདན་དྲངས་པའི་ནང་བསྟན་བྱིན་ཅན་རྣམས་སེ་ཆེན་ལས་ཕྱིར་བསླངས་ནས་སྒ་ཨ་གཉན་དམ་པ་དང་སེ་ཆེན་གྱི་སྲས་ཝང་གཉིས་ལ་གནང་སྟེ་ཁམས་ཕྱོགས་སུ་མགོན་ཁང་ཞིག་བཞེངས་པར་བཀས་མངགས།དེ་ནས་ཁོང་གཉིས་རིམ་གྱིས་མདོ་སྨད་དཀར་མཛེས་ཏྲེ་ཤོད་མཎྜལ་མཐིལ་དུ་ཕེབས་ཏེ་རྟེན་རྙིང་བྱིན་ཅན་རྣམས་ཀྱི་ནང་བཞུགས་བྱས་པའི་སྡེ་གྲོང་པའི་ནང་དུ་མགོན་ཁང་ཞིག་བཞེངས།(སྡེ་མགོན་ཁང་གི་ལོ་རྒྱུས་རྒྱས་པར་བདག་གི་གཞན་དུ་བྲིས་ཡོད་པས་དེར་གཟིགས་པར་ཞུ།)དེ་ནས་སྲས་ཝང་ས་འདིར་ཡུན་རིང་བཞུགས་ནས་སྒོམ་ཚན་གྲོང་དུ་(དེང་སང་སྒང་ལ་སྟེང་ཞེས་པ་འདི་ཡིན)བུད་མེད་ཞིག་ཆུང་མར་བླངས།སྐབས་དེར་ཡུལ་འདིའི་དཔོན་པོ་དཔྲ་བའི་བླ་མ་(འདི་ནི་བོན་པོ་ཞིག་ཡིན)བྱ་བ་ཞིག་ཡོད་པ་དེ་ལ་ཧོར་སྲས་ཝང་ཆེན་ནས་གདན་ཁ་གང་མ་ཞིག་དང་ལྷམ་ཆ་གཅིག་བཅས་ཕུལ་ནས།བདག་གི་གདུང་རྒྱུད་འདི་ལ་བུ་མོ་ཞིག་བྱུང་ན་བདག་པོ་གང་ཡང་བྱེད་མི་དགོས།གལ་ཏེ་བུ་ཞིག་བྱུང་ན་ཁྱོད་ཀྱིས་བདག་རྐྱེན་ལེགས་པོ་གནང་དགོས་ཞེས་གསུངས་པར།དབྲ་བའི་བླ་མས་ཀྱང་དེ་བཞིན་དུ་ཁས་བླངས།དེ་ནས་མི་རིང་བར་བུད་མེད་དེ་ལ་སྲས་ཞིག་འཁྲུངས་བར་ཧོར་སྲས་ཝང་ཆེན་ཐུགས་རབ་ཏུ་དགྱེས་ཏེ་ཁོང་གིས་བདག་ལ་མ་བསམ་བཞིན་དུ་བུ་ཞིག་བྱུང་ཞེས་བུའི་མཚན་ལ་མ་བསམ་བུ་ཞེས་གསོལ།(འདི་ལ་ཆུང་མ་གསུམ་བླང་བའི་བུ་དྲུག་བྱུང་། དེ་ལ་མ་གསུམ་བུ་དྲུག་ཅེས་བཤད་སྲོལ་ཡང་ཡོད་)དེ་ནས་དབྲལ་བའི་བླ་མའི་སྔར་གྱི་ཁས་བླངས་ལྟར་མ་བསམ་བུ་ལ་སྒམ་ཚན་གྲོང་།ཀ་རྩི་འགོ།ཆའུ་རྡོ་བཅས་གྲོང་སྡེ་གསུམ་ཕུལ་བ་ཡིན།ཧོར་སྲས་ཝང་ཆེན་གྱིས་རང་གི་སྲས་མ་བསམ་བུ་ལ་ཕོ་བྲང་ཞིག་གསར་བསྐྲུན་མཛད།དེང་སང་ཧོར་ཁང་ནང་ཧོར་ཀླུ་འབུམ་ཕོ་བྲང་ངམ་ཀླུ་འབུམ་ཁང་རིང་ཟེར་བ་འདི་ཡིན།དེའི་སྐབས་དབྲལ་བའི་བླ་མས་རང་གི་ནང་མི་རྣམས་ལ་བཤད་པར།སྔོན་ཧོར་སྲས་ཝང་ཆེན་གྱིས་ཕུལ་བའི་ལྷམ་འདི་ལ་དཔྱད་ན་ཁོང་གིས་རང་ཚང་དབང་དུ་བསྡུས་པའི་སྟེན་འབྲེལ་དུ་འདུག་ཟེར་དེ་ཡུལ་གཞན་དུ་བཙན་བྱོལ་ལ་འགྲོ་དགོས་པ་བྱུང་།(རྫ་གཏེར་ཆེན་དགོན་དུ་བྱོན)དེ་ནས་རིམ་གྱིས་ཧོར་སྲས་མ་བསམ་བུ་ཡུལ་འདིའི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་ཏོ།།
མ་བསམ་བུའི་སྲས་ནག་འཇའ།དེའི་སྲས་ཨ་རྒྱས།དེའི་སྲས་འབུམ་དགེ་རྒྱས།དེའི་སྲས་བླ་མ་སྐྱབས།དེའི་སྲས་ནམ་མཁའ་བློ་བཟང་།དེའི་སྲས་མ་ཟུར་ནམ་མཁའ་རྒྱལ་མཚན་ཏེ་ཁོང་གིས་ཡུལ་འདིའི་སྟོད་སྨད་བར་གསུམ་ཐམས་ཅད་དང་རྫ་ག་ཡུ་གོང་མན་ཆད་དབང་དུ་བསྡུས།དེའི་རྗེས་རྫ་བ་དང་ཏྲེ་ཤོད་ཉིན་སྲིབ་ཀྱི་དམག་རྣམས་བསྡུས་ནས་ཤིང་ཁོག་དང་བྲག་འགོ་ཡན་ཆད་དབང་དུ་བསྡུས།དེའི་རྗེས་རྫ་ཁོག་མན་ཆད་དང་བྲག་འགོ་ཡན་ཆད་ཀྱི་དམག་རྣམས་བསྡུས་ཏེ་རྟེའུ་ནང་ཕྱིན་ནས་ཚ་ཕུ་སྟག་གཡག་ཟེར་བའི་གཙོ་བྱས་ཏེ་ཡུ་ལོང་རྒྱ་སྒོ་མན་ཆད་དབང་དུ་བསྡུས།དེ་ནས་མཁར་ལོ་ཆོས་ཆེན་ཚང་གི་གཙོ་བྱས་ལུང་ཕུ་ཤོག་པ་དང་ལ་བ་ཤོག་པ་གཉིས།རྫི་ནུབ་ཕལ་བོ་ཚང་གི་གཙོ་བྱས་རྒྱ་སྲས་ལ་ཐོག་མན་ཆད་དང་།གེ་རི་ཨ་ཏིས་ཚང་གི་གཙོ་བྱས་རེ་རི་གྲོང་བ་རྣམས་དང་།ཡུ་ལ་ཨ་བརྟན་ཚང་གི་གཙོ་བྱས་ཆོ་ལོ་སྣ་ཡན་ཆད་ཀྱི་ཧོར་ལ་མགོ་བཏགས།དེ་རྣམས་ཐམས་ཅད་ནས་དམག་བསྡུས་ཏེ་དྲངས་པས་ཁྲོད་སྲང་ཐོག་ཡན་ཆད་ཧོར་གྱིས་དབང་དུ་བསྡུས།དེའི་རྗེས་རྟེའུ་ཝ་ཞབས་ཤོག་གཉིས་དང་།ལྕགས་ཀང་ཤོག་གཉིས་བཅས་བཞི་པོ་དེ་རྒྱ་གཟི་སེང་གེའི་མངའ་འོག་ཡིན་པས་དེ་ལ་དམག་དྲངས་ཏེ་གཡུལ་འཁྲུགས་བྱས་པས་ས་བཙན་པ་སོགས་ཀྱི་དབང་གིས་རེ་ཞིག་མ་ཐུབ་སྟེ།ཧོར་ཕྱོགས་ཀྱི་མི་བསད་པ་རྣམས་ཀྱི་རོ་སྤུངས་པ་དེའུ་ཙམ་བྱུང་བས་ཕྱིས་སུ་ས་ཆ་དེ་ལ་བོད་དེའུ་ལི་ཟེར།དེ་ནས་ཧོར་དམག་གིས་རིམ་གྱིས་བློ་ཐབས་སྤྱད་དེ་ཚོང་བ་མང་པོ་བཏང་ནས་མི་རྣམས་ལ་མགོ་སྐོར་བཏང་།ཧོར་དམག་རྣམས་ཉག་རོང་ནས་སོང་སྟེ་ཝ་ཞབས་ཀྱི་བརྩིབས་བསྐོར་ནས་ཚུར་འོངས་ཏེ་གློ་བུར་དུ་དམག་རྒྱབ་ནས་རྒྱ་གཟི་སེང་གེ་བསད་དེ་ཤོག་པ་བཞི་པོ་ཡོར་གྱི་མངའ་འོག་ཏུ་བསྡུས།དེ་ནས་མགོ་ལོག་ལྕགས་མོ་ཚང་གིས་བླ་མགོན་ཚང་བཅོམ་ནས་དབང་དུ་བསྡུས་ཡོད་པ་ལ།ལྕགས་མོ་ཚང་ལ་དམག་དྲངས་ཏེ་བཅོམ་ནས་ཧོར་གྱི་དབང་དུ་བསྡུས།མདོར་ན་རྫ་ག་ཡི་གོང་མན་ཆད་དང་།ན་ཁྲད་སྲང་ཐོག་ཡན་ཆད།རྟེའུ་ཆོ་ལོ་སྣ་ཟེར་བ་ཡན་ཆད།མགོ་ལོག་ལྕགས་མོ་ཚང་ཚུན་ཆད་ཧོར་གྱི་མངའ་འབངས་སུ་བསྡུས་ཏེ་མ་ཟུར་ཧོར་དཔོན་ནམ་མཁའ་རྒྱལ་མཚན་ནི་དེ་དག་གི་འགོ་དཔོན་ཡིན་ནོ།།
དེ་ལྟར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ནི་ཡབ་མ་ཟུར་དཔོན་ནམ་མཁའ་རྒྱལ་མཚན་དང་།དེ་ལ་བཙུན་མོ་གསུམ་ཡོད་པའི་ཆེ་བ་ཡུམ་འཇམ་དབྱངས་དཔལ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་སྤྱི་ལོ་1844ལ་འཁྲུངས།དགུང་ལོ་བདུན་ལ་སོན་སྐབས་དབུས་གཙང་དུ་ཕེབས་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ་ཏྲེ་ཧོར་ཁམས་ཚན་དུ་བཞུགས།ལོ་དེར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་ཕུན་ཚོགས་ཞེས་གསོལ།ཧོར་གྱི་སྐུ་ངོ་སོང་བའི་རྒྱལ་དབང་མཆོག་ནས་བདག་རྐྱེན་དང་གཟིགས་སྐྱོང་ཚད་མེད་གནང་སྟེ་རྗེས་སུ་བཟུང་།དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་མཁན་སྟོན་དཔལ་འབྱོར་ལྷུན་གྲུབ།འཇམ་དབྱངས་དཀོན་མཆོག་ཡར་འཕེལ།གནས་བརྟན་འཇམ་དབྱངས་གྲགས་པ།མཁན་ཆེན་ཞ་ལུ་བ་སོགས་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་དང་རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པར་མཛད།པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་བཅས་མཚམས་ཕྲ་རག་མཐའ་དག་ལས་ནམ་ཡང་མི་འདའ་བར་སྲུངས།གཞན་ཡང་གོང་གི་བཤེས་གཉེན་དེ་དག་དང་།ཀུན་གཟིགས་ལྔ་པ་ཆེན་པོ།པཎ་ཆེན་བློ་བཟང་ཡེ་ཤེས།རིག་འཛིན་པདྨ་འཕྲིན་ལས།གཏེར་སྟོན་གཏེར་བདག་གླིང་པ་སོགས་གསར་རྙིང་གི་བླ་མ་དུ་མའི་ཞལ་སྔ་ནས་མདོ་སྔགས་ཟུང་འབྲེལ་གྱི་ཆོས་བཀའ་མཐའ་ཡས་པ་གསན།དེ་དུས་རི་བོ་དགེ་ལྡན་པའི་སྦྱིན་བདག་ཆེན་པོ་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་སྐུ་གཤེགས་པར་དེའི་དགོངས་རྫོགས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཆེད།ཧོར་ཁོག་ཀུན་ཏུ་དགོན་སྡེ་བཅུ་གསུམ་འདེབས་པར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་དུ་དམ་བཅའ་བརྟན་པོ་ཕུལ་ཏེ་རང་ཡུལ་མདོ་སྨད་ཕྱོགས་སུ་ཕེབས་སོ།།
གསུམ་པ།ཧོར་དགོན་སྡེ་བཅུ་གསུམ་གྱི་ཐོག་མ་དཀར་དགོན་བཏབ་ཚུལ།
དེ་ནས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་པའི་མདུན་དུ་ཧོར་ཕྱོགས་སུ་དགོན་སྡེ་བཅུ་གསུམ་འདེབས་པར་དམ་བཅའ་ཕུལ་ཏེ་ཕྱིར་རང་ཡུལ་དུ་ཕེབས།དེ་ཡང་སྔོན་བླ་མ་དགེ་ལེགས་བློ་བཟང་ཕུན་ཚོགས་བྱ་བ་ཞིག་གིས་ཤུག་རི་བྲག་ཕུག་གི་སར་དགོན་པ་ཞིག་བཏབ་ནས་མཚན་ལ་བྲག་ངོ་དགོན་ཟེར་བ་ཞིག་ཡོད་པ་དེར་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་ཀྱི་ཁུ་བོ་བཀའ་བཅུ་ནམ་མཁའ་འོད་ཟེར་བྱ་བ་སྔོན་འབྲས་སྤུངས་སུ་སློབ་གཉེར་མཐར་ཕྱིན་ཏེ་ཕྱིར་རང་ཡུལ་དུ་ཕེབས་ནས་དགོན་པ་དེར་བདག་གཉེར་བྱས་ཏེ་བཞུགས་པའི་སྐབས་ཤིག་བླ་མ་བྱ་བྲལ་བ་ཞིག་བྱོན་ནས་བཀའ་བཅུ་ནམ་མཁའ་འོད་ཟེར་ལ།ཁྱོད་ཀྱི་དགོན་འདི་ཡ་གི་རྡོ་དཀར་སྤྲུངས་པའི་ས་ཕྱོགས་སུ་སྤོར་ན་མཐའ་རུ་དགོན་པ་རྒྱས་པར་འོང་ཞེས་ལུང་བསྟན།དེ་ནས་བཀའ་བཅུ་བས་བླ་མའི་བཀའ་བཞིན་བྲག་ངོ་དགོན་དེ་རྡོ་དཀར་ཡོད་པའི་ཕྱོགས་སུ་སྤོར་ཏེ་འདུ་ཁང་གི་ཤུལ་དེར་དུར་ཁྲོད་ཞིག་ཡོད་པ་རིའི་སྟེང་ཕྱོགས་སུ་སྤོར།(འོད་ཟེར་དུར་ཁྲོད་ཞེས་འབོད)དེའི་ཤུལ་དུ་འདུ་ཁང་གསར་བཞེངས་བྱས་ཏེ་དཀར་མཛེས་དགོན་པ་ཆགས་སོ།།
དེ་དུས་ཆོས་རྗེ་ངག་དབང་ཕུན་ཚོགས་ཉིད་ཕུ་བོ་ནམ་མཁའ་འོད་ཟེར་གྱི་དྲུང་དུ་ཕེབས་ནས་ཁོང་གིས་རྒྱལ་དབང་ལྔ་པའི་མདུན་དུ་དགོན་སྡེ་བཅུ་གསུམ་འདེབས་པའི་དམ་བཅའ་ཕུལ་ཚུལ་རྣམས་ཞིབ་ཏུ་ཁུ་བོ་ལ་གསོལ་བར།ཁུ་བོས་ཀྱང་བླ་མ་བྱ་བྲལ་བའི་ལུང་བསྟན་ཚུལ་སྐོར་བསྙད་དེ་མཐར་ཁུ་དཔོན་རྣམ་གཉིས་ནས་བཀའ་བགྲོས་ལེགས་པར་མཛད་དེ།ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཐོག་མ་དཀར་མཛེས་དགོན་འདེབས་པའི་རྟེན་འབྲེལ་གྱི་དབུ་བཙུགས་ཏེ།བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྤྱི་ལོ་1622ལ་སྔར་ཡོད་དཀར་མཛེས་དགོན་པ་རྒྱ་བསྐྱེད་བྱས་ཏེ་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ཏེ་མཚན་ལ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་ནོར་བུ་གླིང་ཞེས་གསོལ།(ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ནས་“བཤད་སྒྲུབ་”ཞེས་གསར་སྣོན་ཕྱག་བྲིས་ཕྱག་ཐམ་བཅས་1985ལོར་གནང་བ་ད་ལྟ་དཀར་དགོན་དུ་བཞུགས།)ཕྱིས་སུ་གཙུག་ལག་ཁང་འདི་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པའི་མཚན་ཉིད་གྲྭ་ཚང་དུ་བྱས།དེ་ནས་རིམ་གྱིས་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་གླིང་།ལྕོག་རི་དགོན།རྩིས་ཚང་དགོན་སོགས་དགོན་སྡེ་བཅུ་གསུམ་ལེགས་པར་བཏབ་སྟེ།དགོན་སྡེ་སོ་སོར་འདུལ་བའི་བཅོས་ཁྲིམས་དང་གཞི་གསུམ་གྱི་ཕྱག་ལེན།བཅའ་ཡིག་ཆེན་མོ་སོགས་འཇོག་པར་མཛད།ལྷག་པར་དུ་དཀར་མཛེས་དགོན་པ་འདི་ལ་གོས་ཆེན་སེར་པོའི་བཅའ་ཡིག་ཞེས་པ་དེང་སང་གི་བར་དུ་ཡོད་དོ།
དེ་ནས་ཆོས་རྗེ་རང་གིས་དམ་བཅས་པའི་དགོན་སྡེ་བཅུ་གསུམ་བཏབ་ཟིན་པའི་འཕྲིན་ཡིག་རྒྱལ་དབང་ལྔ་པའི་ཕྱག་ཏུ་ཕུལ་བར།རྒྱལ་དབང་ཉིད་ཐུགས་རབ་ཏུ་དགྱེས་ཏེ་ཆོས་རྗེ་ཉིད་མདོ་སྨད་བསྟན་སྲིད་གཉིས་ལ་དབང་བསྒྱུར་ཆོག་པའི་བཀའ་རྟགས་བསྒྲགས་པ་དང་།ད་དུང་རྩེ་རྣམ་རྒྱལ་གྲྭ་ཚང་ལྟ་བུའི་རྣམ་རྒྱལ་གྲྭ་ཚང་ཞིག་དང་།དཔལ་ལྡན་སྨད་རྒྱུད་ལྟ་བུའི་སྔགས་པ་གྲྭ་ཚང་།སེ་འབྲས་དགེ་གསུམ་གང་རུང་ལྟ་བུའི་མཚན་ཉིད་གྲྭ་ཚང་བཅས་དགོས་ལུགས་ཀྱི་ཆབ་ཤོག་སྩལ་བའོ།།

བཞི་པ།རྣམ་རྒྱལ་གྲྭ་ཚང་བཏབ་ཚུལ་ནི།
དེ་ནས་ཆོས་རྗེ་ཉིད་ཀྱིས་རྒྱལ་བའི་ཐུགས་དགོངས་ལྟར་མཁར་དཀར་པོ་ཐོག་བརྩེགས་དགུ་ཡོད་པ་ཞིག་གསར་བསྐྲུན་མཛད་དེ་རྣམ་རྒྱལ་གྲྭ་ཚང་ཞེས་མཚན་གསོལ།རྣམ་རྒྱལ་གྲྭ་ཚང་འདི་ནི་རྒྱལ་བ་རིན་པོ་ཆེའི་སྐུ་ཞབས་གྲྭ་ཚང་དང་འདྲ་བ་བྱས་ནས་དགོན་པ་གཞུང་ནས་འདོན་བཟང་སྐད་བཟང་མང་ཙམ་ཞིག་ཟུར་གྱི་སྐུ་རིམ་ཞབས་བརྟན་སོགས་སྒྲུབ་མིའི་ཞབས་ཕྱི་ལ་བཞག་པ་ཡིན།བསྐང་གསོལ་དང་ལྷ་མོའི་མདོས་ཆེན།འཆམ།གནམ་ལོ་གསར་པའི་ཚེས་གཅིག་ཉིན་དམག་ཟོར་མ་ལ་ཚེས་གཏོར་འབུལ་རྒྱུའི་སྐོར་དང་།ཟླ་རེར་ཡར་ངོ་མར་ངོའི་ཚེས་བཅུའི་སྐོར་སོགས་དུས་མཆོད་བརྒྱད་རེ་སྟེ་ཆོ་ག་ཕལ་ཆེ་བ་ཀུན་གཟིགས་ལྔ་བའི་སྐབས་ཀྱི་རྣམ་རྒྱལ་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས།ཕྱིས་སུ་ཚེས་གཏོར་སྐོར་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ལེན་ལྟར་བཙུགས་པའོ།།ལོ་རེ་བཞིན་ལྷ་མོའི་མདོས་ཆེན་བཙུགས་ཏེ་ཆོས་རྗེ་རང་ཉིད་ཚོགས་དབུར་མཛད་ནས་འཆམ་དང་གཏོར་རྒྱག་སོགས་གནང་བ་དང་།དེའི་ཕྱག་སྲོལ་ད་ལྟའི་བར་མ་ཉམས་པར་གནས་ཡོད།

ལྔ་པ།སྔགས་པ་གྲྭ་ཚང་བཏབ་ཚུལ།
སྔགས་པ་གྲྭ་ཚང་ནི་ཧོར་ཆོས་རྗེ་ཉིད་ཀྱིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བཞིན་དུ་སྔགས་ཕྱོགས་ཀྱི་བདེ་གསང་འཇིགས་གསུམ་སོགས་ཀྱི་སྒྲུབ་མཆོད་དང་བདག་འཇུགཆོས་སྐྱོང་སོ་སོའི་བསྐང་གསོ་གཏོང་བར་གྲྭ་བ་ཁ་ཤས་ཟུར་དུ་འཐེན་ཏེ་ཡོད་པ་ལ།ཕྱིས་སུ་ཇེ་རྒྱས་སུ་སོང་སྟེ་སྔགས་པ་གྲྭ་ཚང་འདི་བྱུང་བ་ཡིན།ཧོར་ཆོས་རྗེ་ཉིད་ཀྱིས་དཀར་དགོན་དུ་གྲྭ་ཚང་གསུམ་བཏབ་པ་ལ་བརྟེན་ནས་ཕྱིས་སུ་དགོན་པ་ཤིན་ཏུ་རྒྱས་ཏེ།བཅིངས་བཀྲོལ་སྔོན་གྲྭ་ས་ཧ་ཅང་དར་བའི་དུས་སུ་གྲྭ་བ་སུམ་སྟོང་བདུན་བརྒྱ་ལྷག་བྱོན་མྱོང་།
དེ་ལྟར་ཧོར་ཆོས་རྗེ་ཉིད་ནས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ཧོར་ཁོག་དུ་དགོན་སྡེ་མང་དུ་བཏབ་སྟེ་སྐུ་གསུང་ཐུགས་རྟེན་སོགས་ཀྱི་རྟེན་བཞེངས་མང་དུ་གནང་བ་དང་།མདོ་སྨད་ཀྱི་ཕྱོགས་ཀུན་ཏུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་ཕྱོགས་མཐར་སྤེལ་ཏེ་མཛད་རྗེས་བླ་ན་མེད་པ་གནང་།ཁོང་གི་སྐུ་ཚེ་སྔོན་མར་རྭ་ལོ་ཙཱའི་སྐུ་སྐྱེ་ཡིན་ཚུལ་ཞལ་གྱིས་བཞེས་ཏེ།སྐུ་ཚེ་འདི་ཉིད་ལའང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ལ་ནུས་པ་ཐོན་ཏེ་མཆོག་ཐུན་གྱི་དངོས་གྲུབ་རྣམས་ཐོབ་པ་དང་།བསྟན་སྲུང་དམ་ཅན་རྣམས་བྲན་བཞིན་དུ་འཁོར།ལྷག་པར་དུ་དཔལ་མགོན་ཞལ་བཞི་བ།འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་གཉིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་གནས་སྐབས་ཀྱི་བྱ་བ་ཕྲ་མོ་ཙམ་གྱི་བླང་དོར་ལའང་མི་དང་མི་ལ་ལབ་པ་ལྟ་བུ་ཞིག་ཡོད།ར་ཧུ་ལ་བྲན་བཞིན་དུ་འབྲལ་མེད་སྐུ་དྲུང་དུ་བཞུགས་ནས་འཕྲིན་ལས་ཚུལ་བཞིན་སྒྲུབ་ཤིང་རྒྱུན་དུ་གཟིམས་ཁང་ཕྱི་ནང་ཀུན་ཏུ་མེའི་ཕུང་པོ་ཆེན་པོ་འབར་བ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་ཞིག་ཡོད་དོ།།ཁོང་སྐུ་ཚེ་རིང་བོ་མ་བཞུགས་ཀྱང་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་དེ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།
འོན་ཀྱང་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་ཡབ་ཧོར་ནམ་མཁའ་རྒྱལ་མཚན་སྙན་གྲགས་ཆེ་བ་དང་ཆོས་རྗེ་ཉིད་སྐུ་ན་གཞོན་སྟབས།དགོན་སྡེ་བཅུ་གསུམ་འདེབས་པའི་སྐབས་སུ་རྙིང་མ་དང་བཀའ་བརྒྱུད།བོན་པོ་སོགས་ཀྱི་དགོན་གནས་མང་པོ་གཏོར་ཏེ་གྲུབ་མཐའ་དགེ་ལུགས་པར་བསྒྱུར་ནས་བཙན་དྲག་མང་དུ་མཛད་པའི་སྟབས་ཀྱིས་དགོན་གནས་དེ་དག་གི་ཆོས་སྐྱོང་གི་གནོད་པ་ཡིན་ནམ།ཧོར་གྱི་དགོན་ཁག་འདི་རྣམས་སུ་སྐྱིད་སྡུག་གང་གི་ཐད་ལའང་ནང་མི་མཐུན་པ་དང་།ལྷག་པར་དུ་དཀར་མཛེས་དགོན་འདིའི་ནང་དུ་བཀྲ་མི་ཤིས་པ་ཤིན་ཏུ་མང་ཞིང་དབང་ཤེད་ཆེ་བ་དག་གིས་འཐབ་རྩོད་དཀྲུགས་ཤིང་བྱེད་པ་ཤིན་ཏུ་མང་བ་སོགས་ཀྱི་གནས་ཚུལ་ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་གསལ་བ་ཇི་བཞིན་བྲིས་པ་ཡིན།དེ་ལྟར་ཧོར་ཡུལ་ཕྱོགས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལྡན་བསྟན་པའི་རྩ་བ་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དང་ཁོང་གི་ཁུ་བོ་བཀའ་བཅུ་ནམ་མཁའ་འོད་ཟེར་གཉིས་ཡིན་པ་དང་།བསྟན་པའི་སྤྱིན་བདག་གི་རྩ་བ་ཡང་ཧོར་རིགས་དཔོན་པོ་སྤྱི་དང་ལྷག་པར་དུ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་ཡབ་ནམ་མཁའ་རྒྱལ་མཚན་ཡིན་པས་བཀའ་དྲིན་ལྷག་པར་ཆེ་བ་ཡིན།

དྲུག་པ།དགོན་པའི་གདན་རབས་དང་བཅའ་ཁྲིམས་ཀྱི་སྐོར།
དེ་ལྟར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དཀར་མཛེས་དགོན་འདི་བཏབ་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ་ཉིད་ཀྱི་གདན་རབས་དང་པོ་མཛད།ཁོང་གི་རྒྱ་ཚབ་ཏུ་ཧོར་ཀུན་འདུལ་ལ་སོགས་པ་མང་དུ་ཕེབས།དཀར་མཛེས་དགོན་འདི་ལ་སྤྲུལ་པའི་སྐུ་དགུ་ཡོད།ལམ་བྲགགཟིགས་རྒྱབ།འཁྲུངས་གསར།རབ་ཚལ།ནག་ཚང་།བྲག་དཀར།ཁང་གསར་སྐྱབས་མགོན།འབྲུག་ལངས།བུ་རམ་སྣ་བཅས་ཡིན།ཕྱིས་སུ་ལམ་བྲག་དང་།གཟིགས་རྒྱབ།འཁྲུངས་གསར་བཅས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཆོས་སྲིད་གཉིས་ཀའི་ཐད་ལ་རེས་མོས་ཀྱིས་བསྟན་པའི་བདག་པོ་མཛད་(འདི་གསུམ་ལ་གདན་ས་གསུམ་ཞེས་གྲགས་)པའོ།

བདུན་པ།གྲྭ་ཚང་སོ་སོའི་ལས་སྣེ་དང་གདན་རབས་སྐོར།
དང་པོ་མཚད་ཉིད་གྲྭ་ཚང་འདི་ལ་ལས་སྣེ་མཁན་པོ་གཅིགདབུ་མཛད་གཅིགདགེ་བསྐོས་གཅིགསྐུ་ཚབ་གཉིས།རྒན་པ་བཞི།མཆོད་དཔོན་གཅིགའཆམ་དཔོན་གཅིག་བཅས་ཡོད།མཁན་པོ་ལ་ཚང་དགོས་པའི་ཆ་རྐྱེན་ནི།དང་པོ་དབུས་གཙང་དུ་ཕེབས་ནས་སེ་འབྲས་དགེ་གསུམ་གང་རུང་གི་གྲྭ་སར་ཞུགས་ནས་ལོ་ངོ་བཅུ་ཕྲག་འགར་ཐོས་བསམ་མཛད་དེ།མཐར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འཕགས་ཚོགས་དགེ་འདུན་འདུས་པ་རྒྱ་མཆོའི་དབུས་སུ་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ལ་གྲྭ་སྐོར་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་ཕྱིར་རང་དགོན་དུ་ཕེབས།དེ་ནས་དཀར་དགོན་མཚན་ཉིད་གྲྭ་ཚང་གི་འཛིན་གྲྭ་རྒན་རིམ་ནས་མཁན་པོར་མངའ་གསོལ།ཚོགས་ཆེན་དུ་གསོ་སྦྱོང་གི་མདོ་འཆད་པ་དང་།ཆོས་ཐོག་སྐབས་སུ་བརྩི་བཞག་གནང་བ།སྒྲུབ་མཆོད་སྐབས་སུ་རྡོ་རྗེ་སློབ་དཔོན་བྱེད་པ།སྨོན་ལམ་སྐབས་སུ་གསུང་ཆོས་གནང་བ་སོགས་བྱེད།དབུ་མཛད་ཀྱི་ཆ་རྐྱེན་ནི།ཆོས་སྤྱོད་རབ་གསལ་སོགས་དགེ་འདུན་མང་པོའི་ཚོགས་སུ་ཐུགས་ཐོག་ནས་རྒྱུགས་འབུལ་བ་དང་།འདོད་རྟ་དབྱངས།ཆོ་ག་ཕྱག་ལེན་འབུད་རྡུང་དཀྲོལ་སོགས་ལ་བྱང་ཆ་ཡོད་ཚེ་བྱིངས་འདྲེན་དུ་བསྐོ་བ་ཡིན།དགེ་བསྐོས་གྱིས་བླ་སྤྲུལ་ཁག་དང་གྲྭ་རྒན་གཞོན་བར་གསུམ་མཐའ་དག་གིས་ཆོས་འདུལ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས།ཕྱི་ནང་གི་ཀུན་སྤྱོད་སོགས་སྒྲིག་ལམ་སྐོར་ལ་ལྟ་རྟོག་བྱེད་པ་ཡིན།སྐུ་ཚབ་གཉིས་ནས་ཧོར་ཆོས་རྗེས་ཡོང་སྒོ་དང་འགྲོ་སོང་ཕྱོགས་ལ་བལྟ་རྟོག་བྱེད་པ་ཡིན།མཆོད་དཔོན་གྱིས་དཀྱིལ་འཁོར་གྱི་ཐིག་ཚད་དང་མཆོད་གཏོར་གྱི་བཟོ་རྩལ་སོགས་ལ་མཁས་པར་བྱེད་པའོ།འཆམ་དཔོན་གྱིས་རྩ་ཐིག་གར་སྟབས་སོགས་ལ་མཁས་པར་བྱེད།ꪥརབ་བྱུང་བཅོ་ལྔ་ནས་བཅུ་དྲུག་བར་བྱོན་པའི་མཚན་ཉིད་གྲྭ་ཚང་གི་གདན་རབས་ཤེས་གསལ་མཚན་ཐོ་ནི།རབ་འབྱམས་པ་ཏྲེ་ཧོར་ཚང་།སངས་རྒྱས་ཐུབ་དབང་།ཡ་མ་ཐར་ལམ།སངས་རྒྱས་ཕུན་ཚོགས།དགེ་སྐྱོར་དཔོན།ཚེ་རིང་བསམ་གཏན།སྟོབས་ལྡན།རྡོ་རྗེ་གནས་སྐྱབས།བསྟན་པ།ཆོས་གྲགས།དཀོན་མཆོག་དངོས་གྲུབ།དགེ་ཡོན་ཏན།ཀླུ་ཕྱུགབདེ་ལེགས་ཉི་མ།མཐུ་སྟོབས།བློ་དགའ་རྣམས་དགེ་བཤེས་ཤ་སྟག་ཡིན་ཞིང་འདུག་ཡུན་ལོ་ངོ་གསུམ་རེ་ཡིན།མཁན་རབས་ཚང་མ་མཚན་ཐོ་མེད་པས་འགོད་མ་ནུས།
གཉིས་པ་རྣམ་རྒྱལ་གྲྭ་ཚང་གི་བླ་རབས་ནི།དགེ་བའི་བཤེས་གཉེན་བློ་བཟང་ཤེས་རབ།སྟོབས་ལྡན།བློ་བཟང་བསམ་གཏན།བློ་བཟང་དབང་ཕྱུགབློ་བཟང་ཆོས་འཕེལ།བསོད་ནམས་ཆོས་རྒྱལ་རྣམས་སོ།རྣམ་རྒྱལ་གྲྭ་ཚང་གི་བླ་མ་མཚན་ཉིད་གྲྭ་ཚང་ནས་འགྲོ་དགོས།ལས་སྣེ་དགེ་བཤེས་ངེས་པར་ཡིན་མི་དགོས།ཡོན་ཏན་ངེས་ཅན་ཡོད་པའི་རྒན་ཞིག་གིས་བླ་མའི་འགན་ཁུར་ཆོགདབུ་མཛད་གཅིགརྒན་པ་གཉིས།མཆོད་གཡོག་གཅིག་བཅས་ཡོད།
གསུམ་པ་སྔགས་པ་གྲྭ་ཚང་གི་བླ་རབས་ནི།མཁས་ཤིང་གྲུབ་པའི་དབང་ཕྱུག་ཨརྒ།པད་མ་ཚེ་རིང་།རྡོ་རྗེ་ཚེ་བརྟན།བློ་བཟང་དོན་གྲུབ།ཕུན་ཚོགས་དོན་གྲུབ།ཕུན་ཚོགས་དར་རྒྱས།བློ་བཟང་དབང་ཕྱུགཡ་མ་བདེ་ལོགས།སྐལ་བཟང་སྟོབས་ལྡན་རྣམས་སོ།མཁན་པོ་འདི་དག་དགེ་བཤེས་ཤ་སྟག་ཡིན།མཚན་ཉིད་གྲྭ་ཚང་ནས་ཡོང་དགོས།
བརྒྱད་པ།དགོན་པའི་བཅའ་ཁྲིམས་སྐོར།
དགོན་པའི་གྲྭ་པ་རྒན་གཞོན་སུ་ཡིན་ཡང་ཆོས་འདུལ་བའི་གཞུང་ནས་བཤད་པའི་འདུལ་ཁྲིམས་ཇི་བཞིན་ཉམས་སུ་ལེན་དགོས་པར་མ་ཟད།ད་དུང་དགོན་པའི་དམིགས་གསལ་གྱི་ནང་ཁྲིམས་འགའ་གཏན་འབེབས་བྱས་ཡོད་པ་བཅའ་ཡིག་སེར་པོ་ནང་འཁོད་པ་རྣམས་ཀྱང་སྲུང་དགོས་ཏེ།གལ་སྲིད་སྡོམ་པ་དང་འགལ་ན་དགོན་པའི་བཅའ་ཁྲིམས་ལྟར་རྒྱུ་ཐོག་དང་ལུས་ཐོག་གཉིས་ནས་ཆད་པ་གཅོད་པ་ཡིན།
གཞན་ཡང་དགོན་འདི་དང་ཡུལ་ཁམས་འདི་ལ་བཀའ་དྲིན་ལྷག་པར་ཆེ་བའི་བླ་མ་ལམ་བྲག་སྐལ་བཟང་རྣམ་རྒྱལ་འཁྲུངས་ཡུལ་གཙང་རོང་ཆེན་ནས་ཡིན།ཁོང་གིས་དབུས་གཙང་དུ་སློབ་གཉེར་རྫོགས་རྗེས་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་བཀའ་བཞིན་དཀར་མཛེས་ལ་ཕེབས་ནས་ལམ་བྲག་རི་ཁྲོད་དུ་བཞུགས་ཏེ།རི་ཁྲོད་པ་རྣམས་ལ་དང་པོ་སྒྲུང་སྙན་པོ་གསུངས་ཏེ་སློབ་མ་མང་དུ་འདུས་པར།རིམ་གྱིས་ཆོས་བཤད་དབང་བསྐུར་གནང་སྟེ་དགོན་པའི་སྒྲིག་ལམ་ཡང་ཇེ་དམ་དུ་བཏང་།ཧོར་ཆུ་ཉིན་སྲིབ་ཀུན་ལ་རྨྱུང་གནས་བཙུགས་ཏེ་འགྲོ་དོན་ཆེན་པོ་བྱུང་།དེའི་སྐབས་དཀར་མཛེས་དགོན་པའི་གྲྭ་པ་རྣམས་བཅའ་ཁྲིམས་སོགས་ལ་བརྩི་འཇོག་ཆེར་མེད་པར།དཔེར་ན་དགོན་ནང་དུ་ཁྱིམ་གཞི་ཆགས་པ་སོགས་རང་མོས་ཀྱི་རྣམ་པ་མང་པོ་ཡོད་སྟབས།ལམ་བྲག་སྐལ་བཟང་རྣམ་རྒྱལ་ནས་དགོན་པའི་བཅའ་ཡིག་དང་སྒྲིག་སྲོལ་ལམ་ལུགས་རྣམས་དག་བཅོས་དང་།གྲྭ་ཚང་དུ་གདུགས་དཀར་བཟློག་ཆེན་སོགས་བཙུགས་པ་དང་།སློབ་གཉེར་བ་རྣམས་ཆོས་རར་ཚོགས་ལང་དམ་བཅའ་སོགས་ལ་བསྐུལ་བ་ནན་ཏན་མཛད།རྣམ་རྒྱལ་གྲྭ་ཚང་དུ་ཕེབས་ནས་དགེ་འདུན་པ་དང་མཉམ་དུ་གཞི་གསུམ་གྱི་ཕྱག་ལེན་གནང་སྟེ་མདོ་མྱང་འདས་ལས་བཅོམ་ལྡན་འདས་ལ་བདུད་ཀྱི་སྲོག་སྙིང་ཕུལ་བའི་སྔགས་དང་།ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་གཟུངས་གཉིས་ལ་འདོད་གསོལ་གསར་དུ་བརྩམས་ཏེ།གང་སེར་མ་བཅས་ཀུན་གྱི་མཐོང་ཡུལ་སྒོ་འགྲམ་དུ་སྦྱར་ཏེ་སྤྱི་སྒེར་སོ་སོའི་སྲུང་དགོས་པའི་བཀའ་གནང་།

དགུ་པ།དགོན་པའི་བཤད་སྒྲུབ་སློབ་གཉེར་གྱི་སྐོར།
དཀར་མཛེས་དགོན་པའི་གདན་ས་སོ་སོའི་གྲྭ་པ་རྣམས་ཀྱིས་སྤྱིར་མདོ་སྔགས་རིག་གནས་ཀྱི་གཞུང་མཐའ་དག་ལ་སློབ་གཉེར་བྱེད་པ་ཡིན་མོད།དེང་སྐབས་མདོ་སྔགས་ཟུང་འབྲེལ་དེ་ཅུང་དཀོན།སྔགས་ལ་མོས་པའི་རྒྱུ་མཚན་གྱི་མདོ་ཁྱད་གསོད།མདོ་ལ་མོས་ཁུལ་ཀྱིས་སྔགས་ཁྱད་གསོད་བྱེད་པའི་རྐྱེན་གྱིས།ས་གནས་དཔོན་གྱིས་སྔགས་པ་གྲྭ་ཚང་གི་ཆོ་ག་མཚན་ཉིད་གྲྭ་ཚང་གིས་འདོན་མི་ཆོག་པ་དང་།དེ་བཞིན་མཚན་ཉིད་ཀྱི་གཞུང་སྔགས་པ་གྲྭ་ཚང་གིས་སྦྱང་མི་ཆོག་པ་སོགས་གཏན་འབེབས་ཧ་ཅང་མང་ངོ་།སྔགས་པ་གྲྭ་ཚང་ལ་དགེ་བཤེས་ཧ་ཅང་དཀོན་པ་དང་།མཚན་ཉིད་གྲྭ་ཚང་ལ་སྔགས་རམས་པ་ཧ་ཅང་ཉུང་བས་ཀྱང་རྟོགས་ཐུབ།
མཚན་ཉིད་གྲྭ་ཚང་གི་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་པའི་ཡིག་ཆ་ནི།སེ་ར་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་སྦྱོང་བ་ཡིན།དེ་ཡང་གྲྭ་པ་མང་ཤོས་ཀྱིས་བསྡུས་གྲྭ་རིགས་ལམ་ཆུང་བ་དང་།རིགས་ལམ་འབྲིང་བ་གཉིས་ལ་སྦྱངས་པ་རྫོགས་རྗེས་དབུས་ཀྱི་གདན་ས་སེ་འབྲས་དགའ་གསུམ་གང་རུང་ལ་ཕེབས་ཏེ་ལོ་ངོ་གསུམ་བཞི་ཙམ་ལ་དེ་གར་གཞུང་ལ་སྦྱངས་པ་བྱས་ཏེ་ཕྱིར་རང་དགོན་དུ་ཕེབས་ཏེ་བཞུགས་པ་ཡིན།གྲྭ་པ་ཉུང་ཤས་ཤིག་གིས་དབུས་གཙང་དུ་ལོ་ངོ་དུ་མའི་རིང་ལ་གཞུང་བཀའ་པོད་ལྔ་ལ་ཞིབ་ཏུ་སྦྱངས་ནས་དགེ་བཤེས་སོགས་ཀྱི་མཚན་རྟགས་ལེན་པའང་ཡོད།སྔགས་པ་གྲྭ་ཚང་གིས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱུད་སྡེ་སོ་སོའི་རྩ་བཤད་ཀྱི་སྒོ་ནས་འཆད་ཉན་དང་།ཁྱད་པར་དུ་གར་ཐིག་དབྱངས་གསུམ་སོགས་ལ་སྦྱངས་ཏེ་ལམ་རིམ་གཉིས་ལ་ཉམས་ལེན་བྱེད་པ་ཡིན།རྣམ་རྒྱལ་གྲྭ་ཚང་གིས་གཙོ་བོ་སྐུ་རིམ་ཞབས་བརྟན་དང་།བསྐང་གསོ།ལྷ་མོའི་མདོས་ཆེན་སོགས་འདོན་ཆོས་སྐོར་ལ་སྦྱངས་བརྩོན་བྱེད།བཤད་སྲོལ་ལ་མདོ་སྔགས་གྲྭ་ཚང་གསུམ་འབྲེལ་བར་བཤད་ཀྱང་སྔགས་པ་གྲྭ་ཚང་གི་གྲྭ་མང་གིས་གྲྭ་ཇ་སོགས་སྔགས་པ་གྲྭ་ཚང་དུ་ཕེབས་ཀྱི་ཡོད།

བཅུ་པ།དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་སྐོར།
དང་པོ་ཚོགས་ཆེན་འདུ་ཁང་(འདུ་ཁང་སྤྱི་པའང་ཟེར་)གི་ནང་རྟེན་སྐོར་ལ།སྔོན་གཙུག་ལག་ཁང་འདི་ཉིད་བཞེངས་པ་ནས་རིམ་གྱིས་ནང་རྟེན་གྱི་སྐོར་མཐའ་ཡས་པ་ཞིག་བཞེངས་ཚུལ་ནི།ཐོག་མར་སའི་རྒྱ་ཁྱོན་གཞི་འདོམ་གྲུ་བཞི་མ་བརྒྱད་བརྒྱ་ལྷག་ཙམ་གྱི་སྟེང་དུ་གཙུག་ལག་ཁང་བཞེངས་ཡོད།དེའི་སྟེང་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་།གཉྫི་ར།ཆོས་འཁོར།གདུགས་རྒྱལ་མཚན་སོགས་ཀྱིས་བརྒྱན་ཡོད།ནང་རྟེན་གྱི་སྐོར་ལ།རྒྱ་ཕིབས་འོག་ལྷ་ཁང་དུ་འཇམ་དབྱངས་ཆོས་འཁོར་མ་རྒྱལ་བ་སྐུ་ཕྲེང་ཞིག་གིས་རྟེན་སྐལ་དུ་གནང་བ་དེ་བཞུགས།གཟིགས་རྒྱབ་བཀའ་ཆེན་གྱིས་བཞེངས་པའི་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་སྐུ་ཚད་ཁང་བརྩེགས་གཅིག་ཙམ་ཡོད་པ།བྱམས་པ།རྗེ་རིན་པོ་ཆེ།འཁྲུངས་གསར་བློ་བཟང་ཕུན་ཚོགས་བཅས་ཀྱི་སྨན་སྐུ་བརྩེགས་གསུམ་ཙམ་ཡོད་པ།ཚེ་ལྷ་རྣམ་གསུམ།སེང་གདོང་མ།སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་སྐུ་ཚད་བརྩེགས་གཉིས་ཙམ་ཡོད་པ།འཇམ་དབྱངས་དང་ཕྱག་རྡོར།སྨན་བླ་བདེ་གཤེགས་བརྒྱད་བཅས་མདའ་ཚད་མ།ཚོགས་ཆེན་གྲལ་མགོར།རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་ཆོས་ཀྱི་ཉི་མའི་སྐུ་འདྲ།རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་ཁང་བརྩེགས་གཉིས་ཡོད་པ།འདུ་ཁང་སྒོའི་སྟེང་དུ་ལམ་བྲགའཁྲུངས་གསར།གཟིགས་རྒྱབ་བཅས་ཀྱི་སྐུ་མདའ་ཚད་མ།སྟོན་པའི་འཁྲུངས་རབས།རྒྱན་དྲུག་མཆོག་གཉིས་ཀྱི་གྱན་ཐང་།སྲུང་མ་ཁང་དགོན་པ་སྤྱིའི་སྲུང་མ།བཀའ་སྲུང་ཡོན་ཏན་རྒྱལ་པོ།རྟ་མགྲིན་གསང་སྒྲུབ།ལྷ་མོའི་སྐུ་བཅས་མདའ་ཚད་མ།བླ་མ་གསུམ་གྱི་གཟིམས་ཆུང་ནང་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་།རྒྱུ་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན།རྗེ་ཡབ་སྲས་གསུམ།གནས་བརྟན་བཅུ་དྲུགརྒྱལ་ཆེན་སྡེ་བཞི།ཚེ་དཔག་མེད།རྣམ་རྒྱལ་མ་བཅས་ཀྱི་སྐུ་འདྲ།ཡང་རྗེ་ཡབ་སྲས་གསུམ་དང་རྣམ་སྲས་སོགས་ཀྱི་སྐུ་ཐང་བཅོ་ལྔ།རྒྱུ་གསེར་ཟངས་ལས་གྲུབ་པའི་གཟིགས་རྒྱབ་སྔགས་འཆང་གི་གདུང་རྟེན་ཁང་བརྩེགས་གཅིག་ཡོད་པ།བྱམས་པ་ཆོས་འཁོར་མ།རྗེ་ཡབ་སྲས་གསུམ་བཅས་ཀྱི་ལི་སྐུ་ནང་གཟུངས་ལ་རྒྱལ་དབང་བཅུ་གསུམ་པའི་ན་བཟའ་ཆ་ཚང་།གཞན་ཡང་ལི་སྐུ་ཆེ་ཆུང་སུམ་ཅུ་ལྷགཀུན་རིག་དཀྱིལ་འཁོར།རྗེ་ཙོང་ཁ་བའི་རྣམ་ཐར་རྒྱས་པ།སྟོན་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་།འཁྲུངས་གསར་འཁྲུངས་རབས་སོགས་ཞལ་ཐང་སུམ་ཅུ་ལྷགཤར་ལི་ནུབ་ལིའི་སྐུ་བརྙན་ཆིག་སྟོང་ལྔ་བརྒྱ་ལྷགརྒྱུ་གསེར་ཟངས་ལས་གྲུབ་པའི་གསེར་སྡོང་ཁང་བརྩེགས་གཉིས་ཡོད་པའི་ནང་གཟུངས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ།སྐུ་གསེར་ཟངས་སྒྲོལ་མ་ཉེར་གཅིག་ཉེ་སྲས་བརྒྱད་ཁང་བརྩེགས་ཕྱེད་ཙམ་ཡོད་པ།ཙོང་ཁ་བརྒྱད་ཅུའི་སྨན་སྐུ།སྒོ་ཕྱི་ན་རྒྱལ་ཆེན་བཞིའི་སྨན་སྐུ་སོགས་ཡོད།
གསུང་གི་སྐོར་ལ།བཀའ་འགྱུར་དངུལ་བྲིས་ཆ་ཚང་གཅིགཚལ་པར་སྣག་པར་ཚར་དགུ།རྗེ་ཡབ་སྲས་གསུང་འབུམ་ཆ་ཚང་བཞི་སོགས་ཡོད།མགོན་ཁང་ནང་དུ་ཆོས་རྒྱལ་ནང་སྒྲུབ།ལྕམ་སྲིང་གཙོ་འཁོར་གསུམ་བཅས་མི་ཚད་མ།ཐང་སྟོང་པའི་སྐུ་བརྙན།འཇིགས་བྱེད།གསང་འདུས།ཀུན་རིགརྒྱན་དྲུག་མཆོག་གཉིས་བཅས་ཀྱི་གྱན་ཐང་སོགས་བཞུགས།
གཉིས་པ་སྔགས་པ་གྲྭ་ཚང་གི་ནང་རྟེན་དུ་རྗེ་ཙོང་ཁ་པ།བདེ་གསང་འཇིགས་གསུམ།ཚེ་ལྷ་རྣམ་གསུམ།སྒྲོལ་མ།བྱམས་པ།རྡོ་རྗེ་སེམས་དཔའ།འཁྲུངས་གསར་བློ་བཟང་ཕུན་ཚོགས།སྟོན་པ་བཅས་སྐུ་ཚད་ཁང་བརྩེགས་གཅིག་ལྷག་ཡོད་པ།ཤུཊ་སྡན་རིགས་ལྔ།དམག་ཟོར་མ།དམ་ཅན།ནོར་བདག་བཀའ་རྒྱ་མ།རྣམ་སྲས།མགོན་དཀར།རྒྱལ་བ་སེང་གེ་ང་རོ།དུས་གསུམ་སངས་རྒྱས།གནས་བརྟན་བཅུ་དྲུགརྗེ་ཡབ་སྲས་གསུམ།སྲུང་མ་ཁང་དུ་ནག་ཚང་བསྟན་པ་དར་རྒྱས་ཕྱག་བཟོ།མགོན་པོ།ལྕམ་སྲིང་།སྨན་སྐུ་ཆེ་ཆུང་སྣ་ཚོགས།རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཤེས་རབ་སེང་གེ་སྐུ་འབུམ།བདེ་གསང་འཇིགས་གསུམ་གྱི་བློས་བསླང་།ལྷ་མོའི་སྐུ།འཇིགས་བྱེད།རྟ་མགྲིན།ཆོས་རྒྱལ།ནུབ་ལིའི་སྐུ་སྣ་ཚོགས་ཆིག་སྟོང་ལྷག་བཞུགས།
རྒྱུ་ཤིང་ལས་གྲུབ་པའི་དབྱེན་འདུམ་མཆོད་རྟེན་ཁང་བརྩེགས་གཅིག་ཅན་དང་།གཟིགས་རྒྱབ་གཤིམས་ཁང་དུ་རྗེ་ཡབ་སྲས་སྐུ།གྲུབ་ཐོབ་བརྒྱད་ཅུའི་སྨན་སྐུ།རོང་ཚའི་གཟིམས་ཆུང་ནང་བྱམས་པ།རིགས་གསུམ་མགོན་པོ།གཞན་ཡང་གསེར་ཟངས་ལི་སྐུ་སྣ་ཚོགས་ལྔ་བརྒྱ་ལྷགཞལ་ཐང་སྐོར་ལ་གསང་བདེ་འཇིགས་གསུམ།ཙོང་ཁ་བརྒྱད་ཅུ།ལྷ་མོ།རྟ་མགྲིན།དུས་གསུམ་སངས་རྒྱས།དཔག་བསམ་འཁྲི་ཤིང་།རྒྱན་དྲུག་མཆོག་གཉིས།གྲུབ་ཐོབ་བརྒྱད་ཅུ།གནས་བརྟན་བཅུ་དྲུག་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་གྱན་ཐང་།གསུང་རྟེན་སྐོར་ལ་སྡེ་དགེ་པར་མའི་བཀའ་འགྱུར་དང་བསྟན་འགྱུར།རྗེ་ཡབ་སྲས་བཀའ་འབུམ།ལམ་བྲག་གསུང་འབུམ།པཎ་ཆེན་ཆོས་རྒྱན་བཀའ་འབུམ།བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་བཀའ་འབུམ།རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་འབུམ།གུང་ཐང་།ཁྲི་ཆེན་ངག་དབང་ཆོས་ལྡན།ཐུབ་བསྟན་ཆོས་ཀྱི་ཉི་མ།ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱི་བཀའ་འབུམ།དམིགས་བརྩེ་མའི་བེའུ་བུམ་པོད་གསུམ།རྡོ་དྲིལ་ཆ་ཚང་བརྒྱ་དང་ལྔ་བཅུ་བཅས་མཐའ་ཡས་པ་བཞུགས།
གསུམ་པ་མཚན་ཉིད་གྲྭ་ཚང་གི་རྟེན་གཙོ་རྗེ་རིན་པོ་ཆེ་སྨན་སྐུ་ཁང་བརྩེགས་གཅིག་ཙམ་ཡོད་པ།རྒྱུ་གསེར་ཟངས་ལས་གྲུབ་པའི་གདུགས་དཀར།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།སྒྲོལ་མ་བཅས་སྐུ་ཚད་བརྩེགས་གཅིག་ཅན།རྒྱུ་གསེར་ཟངས་པཎ་ཆེན་ཆོས་ཀྱི་ཉི་མ།གནས་བརྟན་བཅུ་དྲུགལོ་གྱོན་མ།སྒྲོལ་མ་ཉེར་གཅིག་བཅས་མདའ་ཚད་མ།རྗེ་སྐུ་ཁང་དུ་རྒྱུ་གསེར་ཟངས་རྗེ་ཡབ་སྲས་གསུམ་དང་རྗེ་ཚེ་འཛིན་མ་བཅས་སྐུ་བརྙན་ཐོག་ཚད་གསུམ་ཅན།རྒྱུ་གསེར་ཟངས་ཇོ་བོའི་སྐུ་ཐོག་ཚད་མ།སྨན་སྐུ་སྒྲོལ་མ་གསུང་འབྱོན་མ།མགོན་པོ།ཚེ་ལྷ་རྣམ་གསུམ་བཅས་ཐོག་ཚད་མ།ཤུགས་ལྡན་རྟེན་འདུས།བྱམས་ཁང་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གསུམ་ཅན།སྨན་བླའི་ཁང་དུ་སྨན་འདམ་ལས་གྲུབ་པའི་སྨད་བླའི་སྐུ་དང་།རྒྱལ་པོ་སྐུ་ལྔ་དང་།སྨན་བླའི་བློས་བླང་།སྐུ་ལྔའི་རྟེན་འདུས་དང་སྲུང་མ་རྡོ་རྗེ་ཤུགས་ལྡན་སོགས་དང་།གཞན་ཡང་སྒྲོལ་མའི་སྐུ་མདའ་ཚད་མ་ཤར་ལི་ནུབ་ལི་སྣ་ཚོགས་ཆིག་སྟོང་ལྷག
ཞལ་ཐང་སྐོར་ལ།དཔག་བསམ་འཁྲི་ཤིང་།ཙོང་ཁ་བརྒྱད་ཅུ།རྒྱལ་དབང་དང་པཎ་ཆེན་འཁྲུངས་རབས།ལམ་བྲགགཟིགས་རྒྱབ།འཁྲུངས་གསར།གནས་བཅུ་སྒྲོལ་མ་ཉེར་གཅིག་སོགས་ཞལ་ཐང་ཉིས་སྟོང་ལྷག་ཡོད།གསུང་རབ་ཀྱི་སྐོར་ལ།བཀའ་འགྱུར་དང་བསྟན་འགྱུར་སྣར་ཐང་པར་ཚར་གསུམ།རྗེ་ཡབ་སྲས།གཟིགས་རྒྱབ་སོགས་ཀྱི་བཀའ་འབུམ།དམིགས་བརྩེ་མའི་ལས་ཚོགས།ཡིག་ཆ་སྣ་ཚོགས་སྐོར་པོད་སུམ་བརྒྱ་ལྷགདགོན་པ་སྤྱིའི་རྟེན་གྱི་གཙོ་བོ་ནི་སྨན་འདམ་ལས་གྲུབ་པའི་བྱམས་པ་མགོན་པོ་ཁང་བརྩེགས་གཉིས་ཡོད་པ་བཅས་སོ།འདི་ནི་མཁའ་ནང་བྱམས་ཁང་ཆེན་མོ་ཞེས་གྲགས།གཙུག་ཏོར་གདུགས་དཀར་ཚེམ་དྲུབ་མ་ཐོག་བརྩེགས་བཞི་ཅན་གྱི་གོས་སྐུ།
བཞི་པ་རྣམ་རྒྱལ་གྲྭ་ཚང་གི་རྟེན་གཙོ་སྨན་སྐུ་ཐུབ་པ་ཚུལ་ཁྲིམས་མ་བྱིན་ཅན།དུས་གསུམ་སངས་རྒྱས།རྗེ་ཡབ་སྲས།འཇིགས་བྱེད་སོགས་ཡི་དམ་སྐོར་དང་།མགོན་པོ་ཆོས་རྒྱལ་རྟ་མགྲིན་སོགས་སྲུང་མའི་སྐོར།ལྷ་མོའི་སྐུ་ཐོག་བརྩེགས་གཉིས་ཅན།ཙོང་ཁ་བརྒྱད་ཅུ།དཔག་བསམ་འཁྲི་ཤིང་།གསེར་བྲིས་སངས་རྒྱས་སྟོང་སྐུ་སོགས་ཞལ་ཐང་བརྒྱ་དང་ལྔ་བཅུ་ལྷགགཞན་ཡང་རྣམ་རྒྱལ་མཆོད་རྟེན།མ་ཎི་དུང་འཁོར།གདུགས་དཀར་དུར་འཁོར།བླ་མ་བཤེས་གཉེན་རྣམས་ཀྱི་སྐུ་གདུང་མཆོད་རྟེན་བཅུ་གཅིག་ལྷགགསུང་རབ་སྐོར་ལ།བཀའ་འགྱུར་གཅིགརྗེ་ཡབ་སྲས་གསུང་འབུམ།ཧོར་ཆོས་རྗེའི་གསུང་འབུམ།བརྒྱད་སྟོང་གསེར་བྲིས་སོགས་ཞིབ་ཏུ་བྲི་བར་མི་ནུས་སོ།།

བཅུ་གཅིག་པ།  དམངས་གཙོའི་བཅོས་བསྒྱུར་སྔ་གཞུག་གི་དགོན་པའི་གནས་ཚུལ།
དེ་ཡང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་སྤྱི་ལོ་1662ལོར་དཀར་མཛེས་དགོན་འདི་བཏབ་པ་ནས་སྤྱི་ལོ་1956ལོར་དམངས་གཙོའི་བཅོས་བསྒྱུར་འགོ་ཚུགས་རེག་པར་སྟེ་མི་ལོ་ཉིས་བརྒྱ་གོ་བཞི་བར་ལ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་།1958ལོའི་ཟླ་11པའི་ནང་དགོན་པའི་བླ་མ་དང་ལས་སྣེ་རྣམས་རྫོང་དུ་བསྡུས་ནས་སྤྱི་ཚོགས་ཐོན་སྐྱེད་ནང་ཞུགས་དགོན་པའི་སློབ་གསོ་སྒྲུབ།དེ་ནས་གྲྭ་པ་རྣམས་རང་རང་སོ་སོའི་ཁྱིམ་དུ་ཕྱིན་ནས་སྤྱི་ཚོགས་ཐོན་སྐྱེད་དུ་ཞུགས།འཁྲུངས་གསར། གཟིགས་རྒྱབ། ལམ་བྲག་རིན་པོ་ཆེ་1956ལོ་རྒྱ་གར་དུ་ཕེབས།ནག་ཚང་སྤྲུལ་སྐུ་དང་ཁང་གསར་སྐྱབས་མགོན།རབ་ཚལ།བུ་རམ།འབྲུག་ལངས་རིན་པོ་ཆེ་རྣམས་ལོ་མང་རབ་ཞིག་ལ་ཁུལ་ངལ་རྩོལ་བསྒྱུར་བཀོད་ནང་ཞུགས།
1966ལོར་རྒྱལ་ཡོངས་སུ་རིག་གནས་གསར་བརྗེ་ཆེན་པོ་ཞེས་ཟང་ཟིང་གི་གནམ་ས་གཡོ་བའི་སྐབས།དགོན་པའི་ལྷ་ཁང་སོ་སོ་དང་གྲྭ་ཤགསྐུ་གསུང་ཐུགས་རྟེན་སོགས་ཐམས་ཅད་མེ་ལ་བསྲེགས་པ་དང་ས་ལ་བརྡེབས་པ་སོགས་བྱས་ཏེ་དགོན་པ་ཡོངས་རྫོགས་ཤུལ་མེད་དུ་རྨང་ནས་འཇིག་ཟིན།

བཅུ་གཉིས་པ།དགོན་པ་ཡང་བསྐྱར་བཞེངས་པའི་སྐོར།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་རྗེས།རང་རྒྱལ་གྱི་ཆོས་ལུགས་གནད་དོན་སྐོར་གྱི་རྩ་བའི་བལྟ་ཚུལ་དང་རྩ་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ།ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབབ་བྱས་པར།སྤྱི་ལོ་1981ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གིས་དཀར་མཛེས་དགོན་པ་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་།ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ནང་དགོན་པའི་ལྷ་ཁང་རྣམས་དང་གྲྭ་ཤག་སོ་སོ།ནང་རྟེན་སྐུ་གསུང་ཐུགས་རྟེན་སོགས་རྩ་གཏོར་ཐེབས་པ་ལ།རྒྱལ་ཁབ་ཀྱིས་སྔ་རྗེས་སུ་དཔལ་འབྱོར་སྟེང་བསྡོམས་སྒོར་ཁྲི་བཞི་བཅུ་ཞེ་གསུམ་དང་སྟོང་ཕྲག་བདུན་གནང་།རྒྱལ་ཁབ་ཀྱིས་རོགས་སྐྱོར་གནང་བའི་དངུལ་གྱི་རྨང་གཞིའི་སྟེང་དུ་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་ཞལ་འདེབས་རྣམས་བསྡུས་ནས་ནག་ཚང་སྤྲུལ་སྐུ་བྱམས་པ་ངག་དབང་ནས་འགན་ཁུར།རབ་ཚལ་རིན་པོ་ཆེ་བློ་བཟང་ངག་དབང་ནས་འདུ་ཁང་སྟེང་ཤོད་ཀུན་ཇུས་བཀོད་ས་ཁྲ་བཟོ་རྒྱུ་དང་སྤུས་ཚད་ལྟ་ཞིབ་ཀྱི་འགན་ཁུར།འཛུགས་སྐྲུན་བདག་གཉེར་ཨུ་ཡོན་ལྷན་ཁང་གི་གཙོ་བོ་གསེར་ཆུ་ཞང་གི་སྔགས་རམས་པ་བློ་བཟང་ཆོས་རྒྱལ་དང་།རབ་ཚལ་སངས་རྒྱས་ཉི་མ།གྲོང་བྱང་ཟླ་བ་བཀྲ་ཤིས།སུམ་ངོ་གྲ་དགའ།ལྷོ་བ་ཚེ་དབང་ཕུན་ཚོགས།ཐིང་ཁ་བསྟན་འཛིན་ཉི་མ།ཀ་རབ་པད་མ་ཚེ་སྒྲུབ།ཁོ་རྩེ་རྡོ་རྗེ་ཚེ་རིང་།མདའ་མདོ་བུ་ཕྲུག་བཅས་མི་བཅུ་རྩ་འཛུགས་བྱས་ཏེ།ཉམས་གསོའི་འགན་ཁུར།མཁན་པོ་དགེ་བའི་བཤེས་གཉེན་ཆེན་པོ་གཡང་དཀར།ཚོགས་ཆེན་དབུ་མཛད་དགེ་པདྨ་ཚེ་དབང་།སྔགས་པའི་དབུ་མཛད་སྔགས་རམས་ཆོས་རྒྱལ་གྱིས་གཅིག་ལྕོགས་བྱས།དགེ་བསྐོས་དགེ་བློ་བཟང་འཇམ་དབྱངས་བཅས་རྩ་འཛུགས་བྱས།སྤྱི་ལོ་1981ལོའི་ཟླ་བརྒྱད་པར་དཀར་དགོན་གསར་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོ་བཙུགས་ཏེ་གཙུག་ལག་ཁང་བཞེངས་བའི་ས་ཕྱོགས་སུ་བཀྲ་ཤིས་གསོ་སྦྱོང་འཚོགས།འདུ་ཁང་གི་ཆ་ཚད་དང་འགྲོ་ལམ་སོགས་ཀྱི་ཐིག་བཏབ་པའོ།སྤྱི་ལོ་1983ལ་དགོན་པའི་གཙུག་ལག་ཁང་བརྩེགས་ལྔ་ཡོད་པ་གཉེར་ཁང་དང་ཇ་ཁང་བཅས་གསར་བཞེངས་གྲུབ།
དེ་ནས་རིམ་གྱིས་གྲྭ་ཚང་ཁག་དང་ལྷ་ཁང་སོ་སོ་ལེགས་པར་བཞེངས་ཏེ།ནང་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་རྣམས་དང་།ལམ་བྲག་རྡོ་རྗེ་འཆང་བྱམས་པ་མཁས་གྲུབ།ཁང་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན།གཞན་དགེ་སྟག་རིན་པོ་ཆེ།རབ་ཚལ་རིན་པོ་ཆེ་སོགས་ཀྱི་དགོངས་པ་བཞིན།ཤང་བཅུ་ལ་ཁང་ཚན་བཅུ།བདག་གཉེར་གྲྭ་ས་བཞིན་བྱ་རྒྱུ་དང་།གྲ་ཤག་ཁང་མིག་དྲུག་ལས་ཆེ་མི་ཆོག་པ་བྱས།གྲྭ་པ་ཚོ་གྲངས་མང་བ་མི་གཙོ།གཙང་བ་གཙོ་བོ་བྱས།ཤམ་བཅུ་མི་དམངས་གྱི་རེ་འདུན་ཉན་ནས་མང་ཚོགས་ཀྱི་རེ་བ་བཞིན།གྲྭ་པ་དག་སེལ་བྱས་ཏེ་བསྟན་པའི་རྨང་བརྟན་པར་བྱས།སྔོན་གྱི་ལུགས་མདོ་སྔགས་ཕྱོགས་ཞེན་སོགས་མེད་པ་དང་།འཇམ་མགོན་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་གང་ཟག་གཅིག་གི་ཉམས་ལེན་བཞིན་གྲྭ་ཚང་གཅིག་ཏུ་བྱས་ཏེ།མདོ་སྔགས་གྲྭ་ཚང་སོ་སོར་མི་དགོས་པར་བྱས།སྤྲུལ་སྐུ་རྣམས་དགོན་པར་བཞུགས་དུས་ཚོགས་ཆོས་རར་ཕེབས་པ་ལས་གུ་ཡངས་སོགས་གཏན་ནས་མེད།དགོན་པའི་གྲྭ་ཚང་སོ་སོའི་བཤད་སྒྲུབ་སློབ་གཉེར་དང་།མཛད་སྒོ་དུས་ཆེན་སོགས་སྔོན་མ་ནང་བཞིན་ཕལ་ཆེར་ཉམས་གསོ་གྲུབ་པའོ།།ད་ལྟ་དབྱར་དགུན་སྟོན་དཔྱིད་ཀྱི་ཆོས་རྭ་ཟླ་རེ་རེ་ལ་ཡོད་པ་བྱས།གྲྭ་བ་ཚང་མའི་འདོན་ཆོག་ཚང་མ་ལོ་ལྔ་ལ་བློ་འཛིན་བྱས་ཏེ་རྒྱུགས་ཕུལ་རྗེས།ཚང་མའི་མཚན་ཉིད་ལ་སྦྱང་བརྩོན་བྱ་རྒྱུའི་སྒྲིག་ལམ་བཙུགས།གྲྭ་པ་རེ་རེའི་སྐྱབས་འགྲོའི་རྒྱུ་དང་།དགག་སྒྲུབ་གྱི་བསླབ་བྱ་དང་།དགེ་སློང་གི་ཕམ་ལྷག་བཅུ་བདུན།དགེ་ཚུལ་བླང་འདས་སོ་དྲུག་གི་རྒྱུགས་འབུལ་བའི་སྲོལ་བཙུགས།དབྱར་གནས་སྐབས་སུ།ཡི་དམ་གྱི་ལས་རུང་གི་བསྙེན་པ་བྱ་རྒྱུ་སོགས་ཉམས་ལེན་ལ་གཙོ་བོར་བྱེད།དུས་འཁོར་སྒྲུབ་མཆོད་ཙམ་ལས་རྒྱུགས་སྤྲོད་སྒྲིག་ལམ་སོགས་ཚད་ལྡན་གྲྭ་བ་ལ་དགོན་པའི་དབང་ཡིག་སྤྲོད་པ་དང་།དེ་དག་ལ་ཟླ་རེར་ཕོག་སྤྲོད་པ་དང་།སྒྲིག་ལམ་དང་འགལ་བའི་རིགས་ལ་ཉེས་ཆད་གཅོད་པ་ཡིན།གྲྭ་ཤག་ཀྱང་བཞི་བརྒྱ་བརྒྱད་ཅུ་ལྷག་གྲུབ་ཟིན།རྒྱལ་ཁབ་ཀྱིས་ཐག་བཅད་པའི་སེར་མོ་བའི་གྲངས་ཀ་བརྒྱ་ཙམ་ཡིན་ནའང་།ད་ལྟ་དགོན་པར་དངོས་སུ་སེར་མོ་བ་དྲུག་བརྒྱ་ཞེ་བརྒྱད་(648)ལྷག་བཞུགས་ཡོད།རྒྱ་གར་དུ་ཕེབས་པ་བཞི་བརྒྱ་ལྷག་ཡོད།རྒྱ་གར་དུ་དེ་འདྲ་མང་པོ་ཕེབས་པའི་རྒྱུ་མཚན་ནི།སྔོན་མ་ལྟར་ན་གྲྭ་བ་རྣམས་དགོན་པ་འདིར་ཞུགས་ནས་འདོན་ཆོག་སོགས་བློ་འཛིན་རྫོགས་རྗེས།ཕལ་ཆེར་ལོ་ན་བཅུ་བདུན་དང་བཅོ་བརྒྱད་ཡས་མས་སུ་དབུས་གཙང་གི་གྲྭ་ས་སེ་འབྲས་དགེ་གསུམ་དང་རྒྱུད་སྟོད་སྨད་གང་རུང་ལ་ཕྱིན་ནས་ལོ་ངོ་གསུམ་བཞི་སོགས་ལ་དཔེ་ཆ་སྦྱངས་དགོས་པའི་ལུགས་སྲོལ་ཡོད་པར།ད་ལྟ་དབུས་གཙང་གི་གདན་ས་གསུམ་དང་རྒྱུད་སྟོད་སྨད་བཅས་ལ་འགྲོ་མི་ཆོག་པའི་རྐྱེན་གྱིས།རྒྱ་གར་གྱི་སེ་འབྲས་དགེ་གསུམ་དང་རྒྱུད་སྟོད་སྨད་བཅས་ལ་བྱིན་ནས་དཔེ་ཆ་སྦྱངས་པ་ཡིན་སྟབས།རྒྱ་གར་ལ་གྲྭ་པ་མང་པོ་བྱིན་པའི་རྒྱུ་མཚན་ནི་དེ་འདྲ་རེད།ནག་ཚང་སྤྲུལ་སྐུ་1985ལོ་དར་མདོར་ལས་གནས་བསྒྱུར།ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་མཆོག་ནས་དགོན་པའི་འགན་བཞེས།
སྤྱི་ལོ་1987ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་དགོན་པ་འདིར་སློབ་གྲྭ་ཞིག་བཙུགས་ཡོད།དེ་ནི་ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱིས་འགོ་འདྲེན་བྱས་ཏེ་བཙུགས་པ་ཡིན།སློབ་གྲྭ་ཡོངས་ལ་སློབ་མ་བཞི་བརྒྱ་ཞེ་གཉིས་ཡོད།དེ་ཚང་མ་དགོན་པ་རང་གི་གྲྭ་པ་ཡིན།སློབ་མ་ཆེ་བ་ལོ་སོ་ལྔ་མན་ཆད་དང་ཆུང་བ་ལོ་བདུན་བརྒྱད་ཡན་ཆད་རྣམས་ཡིན།འཛིན་གྲྭ་གསུམ་ཡོད།འཛིན་གྲྭ་དང་པོའི་སློབ་དེབ་ནི་བྱིས་པ་དག་ཡིག་སོགས་ཡིན།འཛིན་གྲྭ་གཉིས་པའི་སློབ་དེབ་ནི་སུམ་ཅུ་པ་དང་།དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་སྦྱངས་པ་སོགས་ཡིན།འཛིན་གྲྭ་གསུམ་པའི་སློབ་དེབ་ནི་རྟགས་འཇུག་དང་ལོ་རྒྱུས་སྐོར་དང་།རྟོགས་བརྗོད་སྐོར་སོགས་ཡིན།སློབ་གྲྭའི་འཛིན་གྲྭ་གསུམ་ལ་དགེ་རྒན་གསུམ་ཡོད།དེ་གསུམ་གྱི་ཟླ་རེའི་ཟླ་ཕོགས་དགོན་པ་གཞུང་ནས་སྟེར་བ་ཡིན།སློབ་མ་རྣམས་ཀྱི་ཟླ་རེའི་བསླབ་འབྲས་སྐར་གྲངས་ལྟར་བྱ་དགའ་སྟེར་བ་སོགས་སློབ་གཉེར་ལ་བསྐུལ་བའི་བྱེད་ཐབས་མང་དུ་བཀོད་ཡོད།

བཅུ་གསུམ་པ།ད་ལྟའི་དགོན་པའི་བདག་གཉེར་དོ་དམ་གྱི་སྐོར།
དེང་སྐབས་གསར་དུ་བཙུགས་པའི་དགོན་པའི་བདག་གཉེར་དོ་དམ་ཚན་ཁག་ནི།དམངས་གཙོའི་རང་བཞིན་ལྡན་པའི་རྩ་འཛུགས་ཤིག་ཡིན།བདག་གཉེར་ཨུ་ཡོན་རྣམས་འདེམ་བསྐོ་བྱ་ཚུལ་ནི།དགོན་པའི་བདག་གཉེར་བ་དང་།ཁང་ཚན།དགེ་རྒན་རྣམས་འཚོགས་ནས་གཙོ་བོ་མི་ནུས་པ་ཅན་དང་གཞུང་དྲང་པོ་ཡིན་པ་རྣམས་འདམ།དེ་རྗེས་འདེམས་ཤོག་འཕེན་པ་དང་ལག་པ་ཡར་བཀྱགས་པའི་བྱེད་ཐབས་ལ་བརྟེན་ནས་མང་ཉུང་དང་བསྟུན་ཏེ་གཏན་ཕབ་བྱེད་པ་ཡིན།གྲྭ་པའི་སྒྲིག་ལམ་གྱི་སྐོར་ཚང་མ་ཆོས་འདུལ་བ་དང་དགོན་པའི་ནང་ཁྲིམས་ཇི་བཞིན་སྲུང་དགོས་པ་ཡིན།བླ་སྤྲུལ་སུ་ཡིན་ཡང་དམིགས་བསལ་གང་ཡང་མེད།དགོན་པའི་ཆོས་ཕྱོགས་དང་གཞན་པའི་བྱ་ལས་ཚང་མ་བདག་གཉེར་ཚན་ཁག་གི་མི་རྣམས་ཚོགས་ནས་ཐག་གཅོད་པ་ཡིན།དམིགས་བསལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་རྫོང་ནང་བསྟན་མཐུན་ཚོགས་དང་རྫོང་ཆོས་ལུགས་ལས་དོན་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཐག་གཅོད་པ་ཡིན།

བཅུ་བཞི་པ།ད་ལྟའི་དགོན་པའི་དཔལ་འབྱོར་གྱི་ཡོང་ཁུངས་སྐོར།
དགོན་པའི་དཔལ་འབྱོར་ཐད་མང་ཚོགས་ལ་ལག་མི་བརྐྱངས་བར་རང་ཁ་རང་གསོའི་ཆེད་1982ལོར་ལྕགས་པར་ཁང་ཞིག་བཙུགས་ཡོད་པ་དང་།རྫོང་ཐོག་ཏུ་མགྲོན་ཁང་ལྔ་ཙམ་ལས་ཡོད།ཚོང་ཁང་ཆེ་ཆུང་འགའ་དང་ལྷག་པར་དུ་ལྷ་སའི་བར་སྐོར་དུ་སྒོར་ཁྲི་སོ་བརྒྱད་སྤྲད་ནས་ཚོང་ཁང་ཞིག་ཉོས་ཡོད་པ་དང་།ད་དུང་རྫོང་ཐོག་ཏུ་བཟོ་ཁང་ཞིག་བཙུགས་ཏེ་སེར་སྐྱ་རྣམས་ཀྱི་གོས་ལྷམ་སོགས་བཟོ་བ་དང་།བྱིས་པ་སྐྱོང་བའི་བུ་བཅོལ་ཁང་ཞིག་དང་གྲོང་པ་དང་སེར་མོ་བ་རྣམས་ཀྱི་གཟུགས་པོ་འཁྲུ་བའི་ཁྲུས་ཁང་།དགོན་པ་གཞུང་ལ་ཕྱུགས་ཟོག་འབྲི་ཉིས་བརྒྱ་ཡོད་པ་རྣམས་འབྲོག་པ་མང་ཚོགས་རྣམས་ལ་བཅོལ་ནས་ཁོ་ཚོའི་འབྲི་རེ་ནས་ལོ་རེ་ལ་མར་རྒྱ་མ་བཅུ་གཉིས་རེ་དགོན་པ་གཞུང་ལ་སྤྲོད་དགོས།བེའུ་རྣམས་འབྲོག་པ་རང་ལ་དབང་བ་དང་།མ་རྩ་ཡལ་མི་ཆོག་པ་ཡིན།དགོན་པ་གཞུང་ལ་རླངས་འཁོར་ཆེ་ཆུང་གསུམ་ཙམ་ཡོད་པས་དེ་དག་གི་ཡོང་སྒོ་དང་།དགོན་པའི་ཉེ་འདབས་སུ་ཆུ་མགོ་སྤང་སྟེང་དུ་ས་མུའུ་བཅུ་ལྷག་ལ་ཤིང་ཏོག་ར་བ་བསྐོར་ཏེ་ཤིང་འབྲས་ཅན་གྱི་སྡོང་པོ་སྟོང་ཕྲག་གསུམ་ལྷག་བཙུགས་ཡོད་པ་དང་།དགོན་པའི་གྲྭ་པ་རྣམས་གྲོང་ཁྱིམ་དུ་ཞབས་བརྟན་སོགས་ལ་ཕེབས་ཏེ་ཡོན་གང་བྱུང་དགོན་པ་གཞུང་ལ་འབུལ་དགོས་པ་དང་།ཡོན་བདག་དབུལ་ཕྱུག་གང་ཡིན་ཡང་གྲྭ་པ་སྒེར་ལ་ཟུར་དུ་འབུལ་བ་བྱེད་མི་དགོས་པ་སོགས་སྔར་མེད་པའི་སྲོལ་བཟང་ཞིག་བཙུགས་པ་དང་།ད་དུང་ས་ཞིང་མུའུ་བརྒྱ་ཕྲག་འགའ་ཡོད་པ་སོགས་གོང་གི་དེ་རྣམས་ཀྱི་ཡོང་སྒོ་ཚང་མ་དགོན་པ་གཞུང་ལ་དབང་བས།མ་དངུལ་དེ་རྣམས་དགོན་པའི་འཛུགས་བསྐྲུན་དང་གྲྭ་པ་རྣམས་ཀྱི་འཚོ་བརྟེན་བྱེད་པ་ཡིན་ནོ།།ཞེས་དཀར་མཛེས་དགོན་པའི་ལོ་རྒྱུས་འདི་ནི་1994ལོའི་ཟླ་བདུན་པར་དཀར་མཛེས་དགོན་པའི་བླ་མ་རྒན་པ་རྣམས་དང་ཁང་གསར་སྐྱབས་མགོན་དང་ནག་ཚང་སྤྲུལ་སྐུ་བྱམས་པ་ངག་དབང་སོགས་ལ་བཅར་འདྲི་དང་རྩད་གཅོད་ཞིབ་དྲི་ཞུས་པ་དང་། ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་རྣམས་ཕན་ཚུན་ཞིབ་དུ་བསྡུར་ཏེ་དཔྱད་པ་ལ་བརྟེན་ནས་སྐྱེས་ཡུལ་ཨ་མདོ་རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་གོ་ལྔ་ལོའི་ཟླ་གཉིས་པའི་ཚེས་བརྒྱད་ལ་པེ་ཅིན་དུ་རྫོགས་པར་སྦྱར་བ་དགེའོ།།

དཀར་དགོན་ལོ་རྒྱུས་ཟུར་ལྟའི་དཔྱད་གཞིའི་ཡིག་ཆའི་སྐོར།
༡.《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།
༢.ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི《ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ》ཞེས་པ་ལག་བྲིས་མ།
༣.རྗེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《བསྟན་རྩིས་ཀུན་ལས་བཏུས་པ》༡༩༨༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།
༤.《དཀར་མཛེས་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས》ཞེས་པའི་ལག་བྲིས་མ།
༥.ཁང་དམར་པས་བསྒྲིགས་པ་《ཧོར་གྱི་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས》ཞེས་པའི་ལག་བྲིས་མ།
༦.༡༩༦༢ལོར་འཕགས་ཡུལ་ནས་བསྒྲིགས་པའི《དཀར་མཛེས་དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་ཐོ་བཀོད་》བྱ་བའི་ལག་བྲིས་མ།
༧.འཕགས་ཡུལ་ནས་ཐོན་པའི་དཀར་མཛེས་དགོན་པའི་ལོ་རྒྱུས་ཤོག་དྲིལ་མ།
༨.《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།དཀར་མཛེས་རྫོང་གི་ས་ཆའི་མིང་བཏུས་》ཞེས་པ།༡༩༨༦ལོར་ཡ་ཨན་པར་འདེབས་བཟོ་གྲྭ་ནས་བཏོན།
༩.《དཀར་མཛེས་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག》བྱ་བ་༡༩༨༨ལོར་དཀར་མཛེས་ཚགས་པར་བཟོ་གྲྭ་ནས་བཏོན།
༡༠.ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ལག་བྲིས་མ་པོད་གཅིག།
༡༡.དགའ་ལྡན་གསེར་ཁྲི་དགུ་བཅུ་པ་ཤཱཀྱའི་དགེ་སྦྱོང་བྱམས་པ་ཆོས་གྲགས་ཀྱིས་མཛད་པའི་《ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》ཤིང་པར་མ།
༡༢.དཀར་མཛེས་རྫོང་དང་ཁུལ།སི་ཁྲོན་ཞིང་ཆེན་ཀྱི་ཡིག་ཚགས་ཁང་བཅས་ནས་འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་ཇི་སྙེད་དང་།1994ལོའི་ཟླ་བདུན་པར་དཀར་མཛེས་དགོན་པའི་བླ་མ་རྒན་པ་རྣམས་དང་ཁང་གསར་སྐྱབས་མགོན་དང་ནག་ཚང་སྤྲུལ་སྐུ་བྱམས་པ་ངག་དབང་སོགས་ལ་བཅར་འདྲི་དང་རྩད་གཅོད་ཞིབ་དྲི་ཞུས་པ་རྣམས་སོ།།




རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།