རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་དང་ཚེ་ཙེ་བཞི་བཤད་པ།

དང་པོ།   རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་བཤད་པ།
    དེ་ཡང་སོག་པོ་རྣམས་སྔ་གཞུག་ཏུ་ཐེངས་ལྔར་མཚོ་སྔོན་དུ་གནས་སྤོར་ནས་འོངས་ཡང་།ཐེངས་དང་པོ་ནི་དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་ཀྱི་ས་གནས་སྲིད་འཛིན་སྡེ་ཁག་ཏུ་སོག་པོའི་འགོ་བ་རེ་གཉིས་ཙམ་བཞག་པ་དེའི་བོད་འབངས་རྣམས་ལ་ཐེ་གཏོགས་ཆེན་པོ་བྱུང་མེད།ཐེངས་གཉིས་པ་ནི་སྤྱི་ལོ་1510ལོའི་སྐབས་སུ་སོག་པོ་ཡུམ་ཚེའི་སྐོར་ཡོང་ནས་མཚོ་སྔོན་པོའི་མཐའ་འཁོར་དུ་ཡོད་པའི་བོད་འབངས་རྣམས་མང་ཆེ་བ་བཙན་གྱིས་རྨ་ཆུའི་ལྷོའི་ཕྱོགས་སུ་མཐའ་བསྐྲད་བྱས་ཏེ།རྨ་ཆུའི་ལྷོ་ཕྱོགས་ཀྱི་སྐབས་དེའི་ཀོས་ཏེ་ཐིན་(贵德厅)དང་།ཞིན་ཧྭ་དབྱིན་(循化营)གྱི་ས་ཆར་སོང་ཞིང་དེ་དག་གི་མངའ་འོག་ཏུ་གཏོགས་པར་བྱས།
     སྤྱི་ལོ་1578ལོར་ཨལ་ཐན་ཧན་མཚོ་སྔོན་དུ་ཕེབས་ནས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་པོར་གདན་འདྲེན་དུས།དེ་ནས་ཨལ་ཐན་གྱི་བུ་བཞི་པ་པེན་ཐུའུ་མཚོ་སྔོན་དུ་བཞག  དེ་ནས་ལོ་བཅུའི་རྗེས་ནས་པེན་ཐུའུ་སྐུ་ཀྲོངས།  པེན་ཐུའུ་སྐུ་ཀྲོངས་རྗེས་ཁོང་ལ་བུ་བདུན་ཡོད་པ་རྣམས་ཀྱིས་དེ་གའི་སོག་པོ་ཚོ་ཁག་གཞན་དག་མཉམ་དུ་བསྡོམས་ནས་མདོ་སྨད་ཀྱི་བོད་ཀྱི་ས་ཁུལ་དག་ཏུ་འཛུལ། དེ་ནས་ “སྤྱི་ལོ་1589ལོར་པེན་ཐུའུ་ཡི་སྲས་ཧོ་ལོ་ཆི་ཡི་དམག་དཔུང་སྐོར་ཞིག་གིས་ད་ལྟའི་ཀན་སུའུ་ས་ཁུལ་གྱི་ཐོ་ཀྲིག་ས་ཁུལ་ལ་དམག་རྒྱབ་པར་ཧོ་ལོ་ཆིའི་དམག་དཔུང་ལ་རྩད་མེད་རང་བཞིན་གྱི་ཕམ་ཁ་བྱུང་།     དེ་ནས་དམག་ལྷག་མ་རྣམས་ཀྱིས་ལོ་དེའི་ཟླ་བདུན་པའི་ནང་ཧུ་ཀྲིག་དང་ལིན་ཐོ།  བེ་ཡོན་ས་ཁུལ་དུ་འཕྲོག་བཅོམ་དང་འཇབ་རྒོལ་འགའ་བྱས་མཐར་ཡང་ཤིན་ཏུ་ཕམ་ནས་དམག་ལྷག་མ་ཡོད་པ་རྣམས་ཀྱང་ཁ་ཐོར་ཏེ་ཕྱོགས་ཡར་མར་རྣམས་སུ་བྲོས།  ད་དུང་དམག་ལྷག་སྐོར་ཞིག་ཡོད་པ་ཁྲིད་ནས་མཚོ་སྔོན་པོའི་ནུབ་ཕྱོགས་སུ་སོང་ནས་གཞི་བཟུང་ན་ཡང་།  ཁོ་ཚོའི་ས་དེ་གའི་བོད་མི་རྣམས་ལ་འཕྲོག་བཅོམ་དང་ས་རྩོད་སོགས་འགལ་བ་སྣ་ཚོགས་ཀྱི་དབང་གིས་ཁོ་ཚོ་ལ་ནམ་ཡང་སྟོབས་ཤུགས་རྒྱས་མ་ཐུབ་པར་མགོ་འགྱོགས་རྒྱུ་མེད་པར་གྱུར་བར་བཤད” ། དེ་དུས་དམག་ཁ་ཐོར་དུ་སོང་སྟེ་ཕྱོགས་ཡར་མར་ལ་བྲོས་དུས་ཀྱི་དམག་མི་བརྒྱ་ཕྲག་ཙམ་གྱི་མགོ་དཔོན་ཞིག་གིས་རང་གི་སོག་པོའི་དམག་དང་ཁོ་ཚོའི་བཟའ་མི་འདྲེས་མ་ཕལ་ཆེར་མི་བརྒྱ་ཕྲག་གཅིག་ཙམ་ཞིག  ད་ལྟའི་རེབ་གོང་གི་རི་སྟག་སྡེ་བའི་ལྷོ་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་གྱི་ས་དེར་ས་མཁར་བསྐོར་ཏེ་གནས་གཞི་བཟུང་བས་ཧོར་ཅེའུ་མཁར་ཞེས་སུ་གྲགས་པ་བྱུང་།  དེ་ཡང་ཁོ་ཚོ་སོག་པོའི་རིགས་ཡིན་པའི་ཆ་ནས་ཧོར་ཞེས་དང་།  ཅེའུ་ཞེས་པ་རྒྱ་སྐད་དེ་(军)དམག་ཞེས་པའི་དོན་དང་ཅེའུ་མཁར་(军营)ཞེས་དམག་མཁར་གྱི་དོན་ནོ།།“ཁོ་ཚོའི་དམག་དཔོན་དང་དམག་མི་རྣམས་ཀྱི་རྟགས་ནི་རས་དམར་པོའི་མགོ་དཀྲིས་ཅན་ཡིན་པས།  ཁོ་ཚོའི་དམག་མིང་དང་མཁར་ནང་གི་སྡེ་མིང་ལ་མགོ་དམར་དམག་དང་།  མགོ་དམར་སྡེ།  མཁར་མིང་ལའང་མགོ་དམར་ཅེའུ་མཁར་དུ་གྲགས་”ཞེས་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་གྱིས་བཤད།མཁར་དེའི་སྒོ་ཆེན་ཟངས་དམར་གྱིས་བཏུམས་ཡོད།མཁར་སྒོའི་ངོས་ལ་ཁོང་ཚོའི་མེས་པོ་དམ་པ་ཧོར་རིགས་ཀྱི་དཔའ་བོ་ཁྲོ་གཏུམ་ཅན་རྣམས་ཀྱི་གཟུགས་རིས་ཤོག་དམར་དང་།  རས་དམར་གྱི་སྟེང་ལ་བྲིས་ནས་སྒོ་ངོས་ལ་སྦྱོར་དགོས་པའི་སྲོལ་ཡོད།  དེ་ལྟར་མཁར་དེའི་མིང་ལ་སྒོ་དམར་ཧོར་ཅེའུ་མཁར་ཞེས་སུ་གྲགས་སོ།  །ད་ལྟའང་ཧོར་ཅེའུ་མཁར་གྱི་དམག་སྒར་གྱི་མཁར་ཤུལ་དང་རྟ་རའི་ཤུལ། བླ་སྡོང་དང་སྡོད་ཤུལ།  གདུང་བཞུ་སའི་ས་མིང་སོགས་མ་ཉམས་པར་ཡོད།ཕྱིས་སུ་སོག་པོ་བློ་བཟང་བསྟན་འཛིན་གྱིས་ཆིན་གོང་མར་ངོ་རྒོལ་གྱི་ཟིང་འཁྲུག་ཞི་འཇགས་སུ་བཏང་རྗེས་རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་དམག་མཁར་དེ་ཡང་དེ་མུར་འཇིག་སྟེ།  མཁར་ནང་དུ་ཡོད་པའི་སོག་པོ་མང་ཆེ་བ་ད་ལྟའི་སྒོ་དམར་སྡེ་བའི་ནང་ཞུགས། མཁར་གྱི་སྒོ་ཆེན་ཟངས་དམར་གྱིས་བཏུམས་ཡོད་པ་དེ་སྒོ་དམར་སྡེ་བའི་མཁར་སྒོ་བྱས།   དེ་ནས་བཟུང་ད་ལྟའི་སྒོ་དམར་སྡེ་བའི་མིང་ལ་སྒོ་དམར་ཞེས་པའི་མིང་ཐོགས།
གཉིས།  རེབ་གོང་དུ་ཡོད་པའི་ཚེ་ཙེ་བཞི་བཤད་པ།
        རེབ་གོང་དུ་ཡོད་པའི་ཚེ་ཙེ་བཞི་ནི།   གཉན་ཐོག   སྒོ་དམར།  རྐ་སར།  ཐོ་གྱ་བོད་སྐོར་བཅས་བཞི་ཡིན། དེ་ཡང་ཚེ་ཙེ་ཞེས་པ་ནི་སོག་སྐད་དེ་དམག་གི་དོན་དང་།  སོག་སྐད་དུ་དམག་མིའི་མིང་ལ་ཚེ་རུག་ཞེས་འབོད་པ་རེབ་གོང་གི་མིའི་སོག་སྐད་ཇི་བཞིན་ཁ་ལ་མ་བདེ་བར་ཚེ་ཙེ་ཞེས་བརྡ་ཟུར་ཅུང་ཟད་འགྱུར་བ་ཙམ་མོ།  །དེ་བཞི་ལ་དོར་སྡེ་བཞི་ཡང་ཟེར།  དོར་སྡེ་ཞེས་མིང་ཐོགས་དོན་ནི།  དེ་སྔ་ཧོར་དམག་དོར་རྟ་ནག་པོའི་དམག་མི་རྣམས་ཀྱི་ཁྱིམ་མི་འགའི་མི་རབས་ཕྱི་མའི་བརྒྱུད་པ་སྡེ་འདི་དག་གི་ནང་དུ་ཡོང་སྟེ་གཞི་བཟུང་བ་ཡིན་པའི་ཆ་ནས་དོར་སྡེ་ཞེས་མིང་ཐོགས། ཡང་རེབ་གོང་གི་སྐད་རིགས་ལ་﹤དོ་རེན་﹥(多人) ཞེས་པ་རྒྱ་སོག་སྒོག་ཙོང་དང་མེ་ལོང་དང་སོ་མང་སོགས་དངོས་རྫས་ས་སིལ་མང་པོ་བཙོང་རྒྱུ་ཡོད་པའི་མི་ལ་དོ་རེན་ཞེས་འབོད།  ཁོ་ཚོ་ལ་དངོས་རྫས་ས་སིལ་མང་པོ་བཙོང་རྒྱུ་ཡོད་པའི་ཆ་ནས་﹤དོར་དོ་མི་﹥(有零碎的东西多多人)ཞེས་ཟེར། «ཀྲུང་གོའི་བོད་ཀྱི་ཚོ་བ་»ཞེས་པའི་ནང་།  “དམངས་ཁྲོད་ཀྱི་བཤད་སྲོལ་ལ།  དེ་སྔ་སོག་པོའི་དམག་མི་འགའ་ས་དེར་ཡོང་ནས་གཞི་སྡོད་བྱས་པ་ལ་བརྟེན་ནས་ད་ལྟའི་ཚེ་ཙེ་བཞིའི་སྡེ་བ་དེ་བྱུང་ཞེས་དང་། ”ཡང་སྤྱི་ཚོགས་རིག་པའི་ཆེད་མཁས་པ་ཅེན་ཀྲི་ཞང་གིས་བརྩམས་པའི་«རུས་ཚོགས་ཁོངས་གཏོགས་ཀྱི་རང་ཉིད་ངོས་འཛིན་དང་སྤྱི་ཚོགས་མཚན་ཉིད་»ཞེས་པར།“རེབ་གོང་གི་ཚེ་ཙེའི་བཞིའི་ཡུལ་སྐད་ནི་ཨར་ཐེ་སྐད་ཁོངས་ཀྱི་སོག་པོའི་སྐད་ཡིན་” ཞེས་དང་།  ད་དུང་དེའི་ཤོག་ངོས་གྱ་ལྔ་པ་ན།  “མོ་རང་གིས་གཉན་ཐོག་སྡེ་བའི་རྒན་རབས་དག་ལ་བཅར་འདྲི་བྱས་པ་ལྟར་ན་ཁོ་ཚོའི་མེས་པོ་ནི་ཞིན་ཅང་ནས་འོངས་པའི་སོག་པོའི་རྒྱུད་པ་ཡིན་པར་བཤད་”ཞེས་དང་།
      ཚེ་ཙེ་བཞིའི་སྡེ་བ་འདི་དག་མང་པོ་རེབ་གོང་དུ་ཡོང་པའི་དུས་ཚོད་ནི། སྤྱི་ལོ་1651ལོར་ཐུ་མེད་ཀྱི་ཐས་ཇི་འགའ་ཞིག་གིས་ལུ་གུའི་ཚིལ་སོར་འཕྲོད་པ་བཟུང་ནས།  དར་རྒྱལ་པོ་ཤོག་ཐུ་ལ་སྟོན་མོ་བཤམས་པས།  བོད་སོག་གི་མི་སྣ་ཚོགས་ཀྱིས་ངོ་མཚར་དུ་བཟུང་སྟེ་དྲི་བ་བྱས་པར།   ཁོ་ཚོས་ལན་དུ་རྩྭ་ས་བཟང་བ་དང་རུ་བ་མང་པོ་མེད་ཚུལ་ཞུས་པའི་རྐྱེན་ཀྱིས།  རྨ་ཆུའི་ལྷོ་ཕྱོགས་སུ་རུ་བ་སྤོར་ཡོང་རྒྱུའི་ཇུས་གཞི་བཏང་བ་རེད།   མཚོ་སྔོན་དེབ་ཐེར་ཟ་འོག་རིས་མར་“ཐུ་མེད་དང་ཐོར་གོད་ཀྱི་ཐས་ཇི་འགའ་ཞིག་གིས་ལུ་གུའི་ཤ་ཚོ་བ་ཁྱེར་ཡོང་བ་དང་།   ཐོ་རུ་རྒོད་པོ་ཞོན་པར་བྱས་ཏེ་ཡོང་བའི་རྐྱེན་བྱས་ཏེ།   ས་ཆ་བཟང་བར་རྟོགས་ནས་པོ་ཤོག་ཐུའི་རུ་བ་སྤོར་རྒྱུ་བྱས་པ་དང་།  ཞོན་རྟ་ཐོ་རུ་རྒོད་པོའི་མིང་ལས་དྲངས་ཏེ་བོད་པ་རྣམས་ཀྱིས་སོག་མིང་གི་ཐོར་གོད་ལ་ཐོར་རྒོད་ཞེས་པར་བཏགས་པ་ཡིན་”ཞེས་བཤད།  སྤྱི་ལོ་1652ལོར་མཚོ་སྔོན་པོའི་ཕྱོགས་སུ་ཡོད་པའི་དར་རྒྱལ་པོ་ཤོག་ཐུའི་རི་བ་རྣམས་རིམ་གྱིས་རྨ་ཆུའི་ལྷོ་ཕྱོགས་བརྒལ་ཏེ་རེབ་གོང་རྩེ་གཞུང་ཕྱོགས་སུ་སྤོར་ཏེ་གནས་གཞི་བཟུང་བས་ད་ལྟའི་རྨ་ལྷོའི་སོག་རིགས་རང་སྐྱོང་རྫོང་དེ་བྱུང་།  འདིར་ཕྱོགས་སུ་སྤོར་བའི་སོག་པོ་རྣམས་ལ་མཚོ་སྔོན་པོ་ཕྱོགས་ཀྱི་བོད་པ་རྣམས་ཀྱིས་རྨ་ཕ་རིའི་སོག་པོ་དང་།   རྨ་ཕ་རིའི་ཝང་ཞེས་ཟེར།  བླ་བྲང་ས་ཁུལ་དབང་འོག་ཏུ་བཅུག   དེ་ནས་དར་རྒྱལ་པོ་ཤོག་ཐུའི་མཚོ་སྔོན་གྱི་རྒྱབ་ངོས་སུ་བཞུགས་པ་ལ།  སྐབས་འདིར་རྨ་ཆུ་ཁུག་པའི་ཉིན་སྲིབ་དང་།  མཛོད་དགེ་གླིང་འདུལ་ན་ཐུ་མེད་ཧོད་ལོ་ཆིའི་སྡེ་རྣམས་ཡོད་པ་མ་གཏོགས་གཞན་མེད་པར་གྲགས། 
      “སྤྱི་ལོ་1669ལོར་དར་རྒྱལ་པོ་ཤོག་ཐུའི་རུ་བ་ཁྲི་སྡེ་གཅིག་དང་སྟོང་སྡེ་ལྔ་འབལ་གཞུང་དང་རྨ་གཞུང་།  རྩེ་གཞུང་རྣམས་སུ་གཞི་ཕབ་ནས་བསྡད་ཡོད་པའི་སྒང་ཡིན།  སྐབས་འདིར་དར་རྒྱལ་པོ་ཤོག་ཐུས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གི་མི་སྡེ་ཚང་མ་ལ་ཡང་དབང་བྱས་ཡོད་སྟབས།  ཁམས་ཀྱི་ས་ཆ་ཐམས་ཅད་དང་ཟོང་ཅུ་ཚུན་ཆད།  མགོ་ལོག་ཉ་མཚོ་ཚུན་ཆད།  རེབ་གོང་དང་རྡོ་སྦིས།  བིས་མདོ།  ཧོར་ཚང་།  ཨ་མཆོག  རྗེས་ཚང་།  རོང་ཚོ་ཆེན་སོ་སོ།  ཐེ་བོ་བཟའ་རུ་བཅས་ལ་དབང་བསྒྱུར་བྱས་སྟབས།  དར་རྒྱལ་པོ་ཤོག་ཐུའི་དམག་དང་ཀ་ཅུ་བར་འཁྲུག་པ་འགའ་བྱུང་།    དར་རྒྱལ་པོ་ཤོག་ཐུའི་དམག་གིས་ཀ་ཅུ་དང་ཡང་ཡང་འཁྲུག་པ་བྱས་པའི་སྐབས།  དར་རྒྱལ་པོ་ཤོག་ཐུའི་དམག་བཅས་དར་རྒྱལ་ཀླད་ནས་སྒྱོགས་མདེལ་འཕང་པས།  ཀ་ཅུའི་མཁར་ནང་གི་ཟུར་ཞིག་བཤིགས་པས་མཁར་སྔ་མའི་གྱང་རོ་ད་ལྟའི་བར་དུ་ཡོད།  དར་རྒྱལ་ཀླད་ཅེས་པའི་མིང་ཐོགས་དོན་དེ་ཡིན།  དར་རྒྱལ་པོ་ཤོག་ཐུ་གཤེགས་ཁར་ཁོའི་བུ་ཐམས་ཅད་ཀྱི་ནང་ནས།  ཏིས་ཆང་ཁོ་ཤོས་ཆི་ལ།  ཁམས་དང་སྟོད་ཕྱོགས་ཀྱི་ས་ཆ་ཐམས་ཅད་དང་།  རོང་ཚོ་ཆེན་བཅོ་བརྒྱད།  རེབ་གོང་སྟོད་སྨད་སོགས་རུ་སྡེ་བཙན་པོ་དེ་དག་བུ་འབྲིང་པོ་འདིས་དབང་དུ་བསྡུ་མ་ཐུབ་ན་གཞན་པའི་དབང་དུ་བསྡུ་མི་ཐུབ་པར་བསམ་ནས།  ཁོའི་དཔོན་ས་ཏིས་ཆིང་ཁོ་ཤོས་ཆི་ལ་གཏད་པ་(འདི་པ་ཕྱིས་ཀྱི་རྒྱལ་པོ་ཇུ་ནང་ཡིན་)”སོགས་དེབ་ཐེར་མེས་ཞལ་ལས་གསུངས།   དེ་ལྟར་ཏིས་ཆང་ཁོ་ཤོས་ཆིས་ལོ་བཅུ་ཕྲག་འགའ་ཞིག་ལ་རེབ་གོང་སྟོད་སྨད་དང་རྡོ་སྦིས།  བིས་མདོ།  ཁ་ཀྱ།  རྒན་ཀྱ།  ཧོར་ཚང་།  ཨ་འཁོར།  ཐེ་པོ།  བཟའ་རུ།  མཛོད་དགེ་ཧོ་བ་བདུན།  རྔ་པ།  རབ་མདོ།  ཁམས་མགོ་ལོག  ཉ་མཚོ།  ཨ་རིག་བཅས་ལ་དབང་བསྒྱུར་ནས་བསྡད།
     སྐབས་དེར་ནུབ་བོད་དབུས་གཙང་གི་ཕྱོགས་སུ།  ལྷོ་མོན་གྱི་འཁྲུག་གཞི་ལ་བརྟེན་ནས་འབྲུག་པའི་དམག་གཙང་ཕྱོགས་སུ་བསྐྱོད་ནས་ས་ཆ་མང་པོ་ཚོད་འཛིན་བྱས།  བོད་དམག་གིས་འབྲུག་པའི་དཔུང་མ་ཐུབ་པར།  ས་སྐྱ་དང་སྡེ་བ་སྐྱིད་ཤོད་པས་ཆང་མཛད།  དེས་ཀྱང་མ་ཁོག་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ནས་ལོ་བཞི་ལྔའི་བར་དུ་བདེ་འཇགས་བྱེད་ཐབས་བཏང་།  བཙོན་མ་ཉིས་བརྒྱ་བླུས།  དེ་དུས་སྡེ་བ་གཞུང་ནས་ཏིས་ཆིང་ཁོ་ཤོས་ཆི་ལ་འཕྲིན་བཏང་སྟེ་འབྲུག་པའི་དམག་གི་ཁ་གནོན་བྱེད་དགོས་ཚུལ་གསུང་པར་བརྟེན།  ཏིས་ཆིང་ཁོ་ཤོས་ཆིས་དམག་བསྡུ་གྲབས་བྱ་སྐབས།  ཁོང་གིས་བློན་ཨུའི་ཇེང་ཚེ་རིང་རྣམ་རྒྱལ་ནས།  ད་ཐེངས་དབུས་གཙང་དུ་དམག་ཆེན་སོང་ན་མི་བཟང་ཞེས་བཤད།   རྒྱུ་མཚན་ནི་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གི་མངའ་རིས་རྒྱ་ཆེ་བས།  ཁོང་བཀྲོང་བའི་ཤུལ་དུ་སྡེ་འབངས་མིར་སེར་སྐྱོང་ཚུལ་མཁས་པོ་བྱེད་དགོས།  འཕྲལ་དུ་དམག་བསྡུ་བ་དང་།  དམག་གི་འགྲོ་གྲོན་ཁྲལ་ལྕི་བ་སོགས་ཀྱིས་མནན་ན་ཁོ་ཚོའི་ཡི་རངས་མི་བྱེད།  གལ་སྲིད་འགྲོ་ན་སོག་དམག་སྟོང་གཉིས་ཙམ་ཞིག་རྒྱབ་རོགས་སུ་སོང་ན་འགྲིག་ཚུལ་ཞུས་ཀྱང་།  ཏིས་ཆིང་ཁོ་ཤོས་ཆིས་ཉན་འཇོག་མི་བྱེད་པའི་ཁར།  བློན་པོ་ལ་ཁྱོད་རྒྱལ་བ་ཡབ་སྲས་ལ་བློ་མི་དཀར།  ཁོ་བོའི་རྒྱལ་རབས་རྣམས་རྒྱལ་བ་ཡབ་སྲས་ཀྱི་དོན་དུ་དམག་རྒྱག་པ་ཤ་སྟག་ཡིན་ཟེར་ནས་བློན་པོ་གོ་ས་ནས་མར་ཕབ་བྱས།  སོག་པོ་རང་གི་དམག་ཁྲི་གཅིག་ལྷག་དང་།  བོད་སྡེ་སོ་སོ་ནས་དམག་ཁྲི་གཉིས་བསྡུས་ཏེ་ཁྲལ་ལྕི་བ་བཞག་ཅིང་།  བོད་སོག་གི་དམག་ཁྲི་གསུམ་གྱི་དཔུང་ཆེན་བཏེགས།  སྟོད་ཕྱོགས་སུ་ཐོན་ཚེ་བོད་དམག་ཕལ་ཆེར་ཡུལ་བར་བྲོས་བཤོལ་བྱས་པས།  དམག་ཁྲི་གཉིས་ཙམ་ལས་མེད་མོད།  འོན་ཀྱང་འབྲུག་པའི་དཔུང་ཕམ་པར་བརྒྱབ་པ་ན།   རྒྱལ་དབང་ལྔ་པས་དགའ་ལྡན་ཨེར་ཏི་ནི་པོ་ཤོག་ཐུ་ཇུ་ནང་ཞེས་པའི་ཆོ་ལོ་ཕྱིན།  དེ་སྐབས་འབྲུག་པའི་དམག་དཔུང་ཕམ་པར་བརྒྱབ་ཀྱང་།  ཇུ་ནང་དམག་ལ་ཡང་ཕམ་ཁ་ཆེ་བ་བྱུང་བས་དམག་མང་པོ་ཤི།  དམག་བརྒྱབ་ནས་ཐོབ་པའི་དངོས་རྫས་དམག་ཁུལ་ལ་བགོས་པ་ཉུང་བ་དང་།  ཇུ་ནང་རང་གི་བདག་བཟུང་དང་ཁྱུར་མིད་བྱས་པ་མང་བས།  དམག་མི་རྣམས་ཀྱི་སེམས་མི་དགའ་བར་གྱུར།  དེའི་རྐྱེན་གྱིས་རང་ཡུལ་དུ་ལོག་ནས་མངའ་རིས་ཡོངས་སུ་དོ་དམ་བྱེད་ཆེད་དམག་རེ་ཕུལ་ཀྱང་དམག་འགྲོ་བ་མི་དགའ།  ཇུ་ནང་ལ་རྒོལ་བ་བྱེད་པ་ཕྱིས་སུ་ཇེ་མང་ལ་སོང་།  ཁོ་ཚོ་ལ་བཙན་པོ་བྱས་ཚེ་རུ་བྲོས་ཤིང་མཐའ་མཚམས་ཀྱི་བོད་རིགས་ནང་དུ་ཡིབ་པར་བྱས་པས།  ཇུ་ནང་བྱ་ཐབས་བྲལ་བས་ན་དམག་དང་མི་སེར་འཁྱམས་པ་ཤིན་ཏུ་མང་།  མངའ་ཁུངས་གི་བོད་རིགས་སོ་སོ་ཡང་ཇུ་ནང་གི་བཀའ་ལ་དེ་ཙམ་མི་ཉན།  བོད་སྡེ་ལ་ལ་ཕྱིར་འབུད་བྱས།  དེ་དུས་རུ་བྲོས་ཤིང་མཐའ་མཚམས་ཀྱི་བོད་རིགས་ནང་དུ་ཡིབ་པར་བྱས་པའི་སོག་པོ་དུད་ཁྱིམ་འགའ་ཤས་རེབ་གོང་གཉན་ཐོག་དང་། སྒོ་དམར། རྐ་སར། ཐོ་གྱ་བོད་སྐོར་བཅས་སུ་གཞི་ཕབས་ནས་གནས་གཞི་བཟུང་བས་རེབ་གོང་ཚེ་ཙེ་བཞི་ཞེས་པ་དུས་དེ་ནས་བྱུང་།  ད་དུང་ཧ་ར་པ་ཐུར་དང་སོག་རུ་སོགས་ཀྱི་སྡེ་བ་དག་གི་ནང་དུའང་སོག་པོའི་ཚོ་བ་རེ་གཉིས་ཡོད་ནའང་ད་ལྟ་སོག་པོའི་ཚོ་བ་དེ་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས། སྐད་རིགས། གྱོན་པ་སོགས་ཕྱོགས་ཐམས་ཅད་ནས་བོད་ལ་འགྱུར་ཟིན་པས་སོག་པོ་ཡིན་པའི་ཤུལ་ཙམ་ཡང་མེད།   ད་དུང་ཟབ་མོའི་ཉིན་ཕྱོགས་སོགས་སུའང་སོག་པོ་བསྡད་མྱོང་བས་སོག་སྐད་ཀྱི་ས་མིང་ད་ལྟ་ཡང་མ་ཉམས་པར་ཡོད།
     འོན་ཀྱང་ད་ལྟའི་དུས་སུ་ཡང་གཉན་ཐོག   སྒོ་དམར།  རྐ་སར།  ཐོ་གྱ་བོད་སྐོར་བཅས་ཚེ་ཙེ་བཞིའི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་ལ་འགྱུར་ཟིན་ནའང་།  ད་དུང་ཁོ་ཚོའི་སྐད་རིགས་དང་ཡུལ་སྲོལ་གོམས་གཤིས་སོགས་ནི་སོག་པོའི་ལུགས་ལྟར་གནས་ཡོད།    ལྷག་པར་དུ་སྐད་རིགས་ནི་ད་ལྟ་ཡང་སོག་པོའི་སྐད་ཆ་ཇི་བཞིན་དུ་བཤད་བཞིན་ཡོད།   རེབ་གོང་པ་རྣམས་ཀྱིས་དེ་ལ་དོར་སྐད་ཟེར།  གྱོན་པ་ནི་བཅིངས་དཀྲོལ་རྗེས་ནས་ད་ལྟའི་བར་འགྱུར་བ་ཆེན་པོ་བྱུང་ཡོད།
     སྒོ་དམར་སྡེ་བ།སྒོ་དམར་ཞེས་མིང་ཐོགས་དོན་ནི་གོང་དུ་བཤད་པ་ལྟར་ཧོར་ཅེའུ་མཁར་གྱི་དམག་མཁར་དེ་འཇིག་རྗེས།  མཁར་གྱི་སྒོ་ཆེན་ཟངས་དམར་གྱིས་བཏུམས་ཡོད་པ་དེ་ཁྱེར་འོངས་ཏེ། སྒོ་དམར་སྡེ་བའི་མཁར་སྒོར་བྱས་པས་སྒོ་དམར་དུ་ཐོགས་པ་ཡིན་པར་རེབ་གོང་གི་ལོ་རྒྱུས་ཐོར་བུ་དང་འབྲེལ་ཡོད་ཡིག་ཆ་ཁག་ནས་བཤད། གོང་དུ་ཡང་བཤད་པ་ལྟར་སྤྱི་ལོ་1589ལོར་པེན་ཐུའུ་ཡི་སྲས་ཧོ་ལོ་ཆི་ཡི་དམག་དཔུང་སྐོར་ཞིག་གིས་ད་ལྟའི་ཀན་སུའུ་ས་ཁུལ་གྱི་ཐོ་ཀྲིག་ས་ཁུལ་ལ་དམག་རྒྱབ་པར་ཧོ་ལོ་ཆིའི་དམག་དཔུང་ལ་རྩད་མེད་རང་བཞིན་གྱི་ཕམ་ཁ་བྱུང་རྗེས།  དམག་རྣམས་ཁ་ཐོར་ཏེ་ཕྱོགས་ཡར་མར་རྣམས་སུ་བྲོས་དུས་དེ་དུས་ཀྱི་དམག་མི་བརྒྱ་ཕྲག་ཙམ་གྱི་མགོ་དཔོན་ཞིག་གིས།  རང་གི་སོག་པོའི་དམག་དང་ཁོ་ཚོའི་བཟའ་མི་འདྲེས་མ་ཕལ་ཆེར་མི་བརྒྱ་ཕྲག་གཅིག་ཙམ་ཞིག་ཁྲིད་ནས།  རེབ་གོང་གི་རི་སྟག་སྡེ་བའི་གོང་རོལ་གྱི་ས་དེར་མཁར་ཞིག་བསྐོར་ཏེ་གནས་གཞི་བཟུང་བས་ཧོར་ཅེའུ་མཁར་ཞེས་སུ་གྲགས་པ་དེ་བྱུང་།  ཕྱིས་སུ་ཧོར་ཅེའུ་མཁར་གྱི་དམག་མཁར་དེ་འཇིག་རྗེས་མཁར་ནང་དུ་ཡོད་པའི་སོག་པོ་མང་ཆེ་བ་ད་ལྟའི་སྒོ་དམར་སྡེ་བའི་ནང་ཞུགས།
     དེ་ནས་སྤྱི་ལོ་1673ཡས་མས་སུ་དར་རྒྱལ་པོ་ཤོག་ཐུའི་རུ་བ་སོག་པོ་སྐོར་ཞིག་སྒོ་དམར་སྡེ་བའི་ནང་ཞུགས་པས།  སྒོ་དམར་སྡེ་བ་ནི་གློ་བུར་དུ་རེབ་གོང་ཏུ་ཡོད་པའི་མི་སྡེ་ཆེན་པོ་ཞིག་ཏུ་གྱུར་ཏེ་སྡེ་ཡོངས་ལ་མི་གྲངས་སྟོང་ཙམ་ཡོད་ཟེར།  དེས་ལྟ་བས་ན་སྒོ་དམར་སྡེ་བའི་ནང་དུ་སྔ་རྗེས་སུ་སོག་པོ་ཐེངས་གཉིས་སུ་གནས་སྤོར་ཏེ་ཡོང་ནས་གཞི་བཟུང་བ་ཡིན་ཏེ།  ཐེངས་དང་པོ་ནི་དེ་སྔ་ཧོར་ཅེའུ་མཁར་གྱི་དམག་མཁར་དེ་འཇིག་རྗེས་དེའི་མཁར་ནང་དུ་ཡོད་པའི་སོག་པོ་མང་ཆེ་བ་ད་ལྟའི་སྒོ་དམར་སྡེ་བའི་ནང་ཞུགས་པ་དང་།ཐེངས་གཉིས་པ་ནི་དར་རྒྱལ་པོ་ཤོག་ཐུའི་རུ་བ་སོག་པོ་སྐོར་ཞིག་སྒོ་དམར་སྡེ་བའི་ནང་ཞུགས་པ་རེད།
     ཡང་དེ་སྔ་མིང་རྒྱལ་རབས་ཀྱི་སྐབས་སུ་ས་གནས་སྲུང་བར་མངགས་པའི་དམག་དཔུང་ཐོ་གྱ་མཁར་ནང་དུ་བསྡད་པར །  དེ་དུས་ཀྱི་དམག་མི་ལ་ཞབས་ཞུ་སྒྲུབ་མིའི་ནང་དུ་ཁ་ཆེ་ཧོས་རིགས་མགར་བ་དང་ཚོང་པ་འགའ་རེ་ཡང་ཡོད།  ཁོ་ཚོའི་ལས་འགན་ནི།  དམག་རྟའི་རྨིག་ལྕག་བཟོ་བ་དང་འཚོ་བའི་སྟེང་བཀོད་སྤྱོད་བྱེད་པའི་གྲི་ཆུང་སོགས་བཟོ་བ།  ཚོང་ལས་ཕྲན་ཚེགས་བྱེད་པ་བཅས་ཡིན།  ཡིན་ནའང་ཁ་ཆེ་ཧོས་རིགས་རྣམས་ས་གང་དུ་ཁྱིམ་ཚང་རེ་གཉིས་ཤིག་བྱུང་ཚེ་མི་རིང་བར་ཕྱོགས་ཡར་མར་ནས་ཁ་ཆེ་མང་པོ་འདུས་ནས་ཡོང་སྟེ་གློ་བུར་དུ་ཁྱིམ་ཚང་མང་དུ་འཕེལ་འགྲོ་བ་ཞིག་ཡིན་སྟབས།  ཕྱིས་སུ་ཐོ་གྱའི་མཁར་ཕྱི་ནང་ཀུན་ཏུ་ཁ་ཆེ་ཁྱིམ་ཚང་མང་དུ་འཕེལ་སྟེ།  ཁ་ཆེ་རྣམས་ཀྱིས་ཐོ་གྱའི་མཁར་ཕྱི་ནང་དུ་ཡོད་པའི་རྒྱ་རིགས་རྣམས་ཀྱི་ཞིང་ས་དང་ཁང་ས་འཕྲོག་པ།  རྐུ་འཕྲོག་བྱེད་པ་སོགས་རྒྱ་རིགས་རྣམས་ལ་མནར་གཅོད་ཚད་ལས་འདས་པ་བྱས་ཏེ་ཐོ་གྱའི་མཁར་ཕྱི་ནང་གི་རྒྱ་རིགས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཀོད།  དེ་དུས་ཁ་ཆེ་རྣམས་ལ་ཞིང་ས་དང་ཁང་ས་མེད་པའི་དབང་གིས་ལ་ལར་སྒོ་དམར་སྡེ་བ་དང་རྐ་སར་སྡེ་བའི་ནང་དུའང་འཛུལ།   དེ་བས་སྒོ་དམར་སྡེ་བ་དང་རྐ་སར་སྡེ་བའི་ནང་དུ་ཁ་ཆེ་ཁྱིམ་ཚང་འགའ་རེ་ཡོད་པའི་རྒྱུ་མཚན་དུས་དེ་ནས་བྱུང་།  ཨ་གྲོང་མཐུ་བས་མཛད་པར་གྲགས་པའི་སྒོ་དམར་རུས་རིགས་ནི།  ཕ་ནི་རྒྱ་སོག་ཧོར་རིགས་དང་།  མ་ནི་ཧེ་རིགས་ཡིན་ཞེས་པའི་རྒྱུ་མཚན་ཡང་འདི་འདྲའི་དབང་གིས་བཤད་པ་ཡིན་ནམ་སྙམ།
     དེ་ལྟར་ཐོ་གྱའི་མཁར་ཕྱི་ནང་དུ་ཡོད་པའི་ཁ་ཆེ་རྣམས་ཀྱིས་རང་གི་ས་ཁོངས་རྒྱ་བསྐྱེད་པའི་ཕྱིར་དབྱར་ཁའི་དུས་སུ་སྨད་པ་སྡེ་བདུན་གྱི་ཞིང་བར་ནས་བ་གླང་དང་བོང་བུ་འཚོ་བ།  ས་དབྱིབས་ཀྱི་དབང་གིས་ཐོ་གྱའི་སོག་རྒྱ་སྨད་པ་སྡེ་བདུན་གྱི་གོང་རོལ་དུ་ཆགས་ཡོད་སྟབས།  དབྱར་དུས་སུ་སྨད་པ་སྡེ་བདུན་གྱི་རང་གི་ཞིང་ལ་ཆུ་གཏོང་དུས་ཐོ་གྱའི་སོག་རྒྱའི་ཆུ་རྐའི་ནང་གི་ཆུ་བཅད་ནས་ཞིང་ལ་ཆུ་གཏོང་དུ་མི་འཇུག་པ་སོགས་སྨད་པ་སྡེ་བདུན་ལ་བཙན་གནོད་ཀྱི་གདུག་རྩུབ་ཡ་ང་བ་བྱས་ཏེ་སྡོད་མི་བཟོད་པའི་གནས་ལ་བསྐྱལ་སྟབས།  སྨད་པ་སྡེ་བདུན་མཉམ་གཅིག་ཏུ་འཚོགས་ནས་ཐོ་གྱའི་སོག་རྒྱ་མཐར་སྤྲོད་གཏོང་རྒྱུར་གྲོས་གཞི་བཏོན། དེ་ནས་འཇམ་དཔོན་པོ་རྣམ་རྒྱལ་གྱིས་དམག་མགོ་ཁྲིད་དེ་ཐོ་གྱའི་སོག་རྒྱ་ལ་གཡུལ་འགྱེད་བྱས་པས།  ཐོ་གྱའི་སོག་རྒྱ་དང་སྒོ་དམར།  རྐ་སར་སྡེ་བའི་ནང་དུ་ཡོད་པའི་ཁ་ཆེ་རྣམས་གཡུལ་ཕམ་ཆེན་པོ་བྱུང་སྟེ།  དེ་དག་ལིན་ཞའི་ཏྰ་ཧོ་གྱ་ལ་མཐར་སྤྲོད་བཏང་།  ཡིན་ནའང་དེ་དུས་ཐོ་གྱའི་སོག་རྒྱ་རྣམས་སྒོ་དམར་དང་རྐ་སར་སྡེ་བའི་ནང་དུ་ཡོང་ནས་ལ་ལར་ལོ་ངོ་མང་དུ་ཕྱིན་ཡོད་སྟབས།  སོག་རྒྱ་པ་ཁ་ཤས་ཚེ་ཙེ་རྣམས་དང་གཉེན་འབྲེལ་བྱུང་བའི་དབང་གིས་བུ་རབས་ཚ་བརྒྱུད་ཀྱང་བྱུང་ཡོད།
    དེ་དུས་སོག་རྒྱ་པའི་ཁྱིམ་ཚང་ཁ་ཤས་ཏྰ་ཧོ་གྱ་ལ་འགྲོ་མ་འདོད་པར་ཆ་ལུགས་ཚེ་ཙེ་ལུགས་སུ་བསྒྱུར་ནས་མངོན་ཆུང་གིས་སྒོ་དམར་སྡེ་བའི་ནང་དུ་བསྡད་ཡོད།  ཡིན་ནའང་ཁོ་ཚོའི་ཆ་ལུགས་ཙམ་བསྒྱུར་ནའང་ལ་ལས་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་བསྒྱུར་མ་འདོད་པར་སྔར་བཞིན་བསྡད་ཡོད།  དེ་སྔ་རིག་གསར་སྐབས་ཆོས་ལུགས་ཚང་མ་ལྷ་འདྲེ་གདོན་བགེགས་སུ་བརྩིས་ནས་རྩ་མེད་དུ་གཏོང་སྐབས་སྒོ་དམར་སྡེ་བ་འདིར་ཡོད་པའི་ཁ་ཆེ་ཁྱིམ་ཚང་ཞིག་གིས།  ཁ་ཆེ་ཆོས་དཔེ་ཞིག་ཡོད་པ་རང་ཁྱིམ་གྱི་རྩིག་གསེབ་ཏུ་སྦས་ནས་ཡོད་པ་དེ།  འདས་པའི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་ཆོས་དཔེ་དེ་ཕྱིར་བཏོན་པ་ཡང་སྡེ་མི་རྣམས་ཀྱིས་མཐོང་བ་ལྟར་རེད།  ཡུལ་སྲོལ་གོམས་གཤིས་ཡང་བོད་སྤྱི་ལ་མི་མཐུན་པའི་ཁ་ཆེ་ལུགས་ལྟར་དུར་མཆོད་བྱེད་སྲོལ་ཡོད་པ་དེ།
      དེ་སྔ་ཨ་ལགས་གཡེར་གཤོང་ཚང་ནས་ཁོ་ཚོ་ལ་བསླབ་བྱ་གནང་སྟེ།  ཁྱོད་ཚོས་ལུགས་སྲོལ་ངན་པ་དེ་བོད་ཀྱི་ས་ཆ་གང་ལའང་མི་མཐུན་པས་ངེས་པར་འདོར་དགོས་ཞེས་གསུངས་ནའང་ད་དུང་དོར་ཐུབ་མེད།  དེ་བས་རེབ་གོང་པ་རྣམས་ཀྱིས་སྡེ་འདི་དག་གི་མི་ལ་རྟག་པར་རྒྱ་ཚེ་ཙེ་ཚོ་དང་དོར་དོ་ཚོ་ཞེས་བརྙས་དམོད་དང་དམའ་འབེབས་མཐོང་ཆུང་བྱས་པས།   ཁོ་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་ནས་རེབ་གོང་སྐུ་ཞོགས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་སྤྱན་སྔར་ཚེ་ཙེ་རྒན་གཞོན་ཡོངས་སོང་ནས་ངག་འདར་བ་དང་མིག་མཆི་མས་བཀང་སྟེ་སྐྱབས་བཅོལ་ཞུས་པར།  དུས་ད་ནས་བཟུང་ང་ཚོ་ཚེ་ཙེ་རྣམས་བླ་མ་ཁྱེད་ཚང་གི་ཐུགས་རྗེ་སྐྱབས་འོག་ལ་འཛུལ་བ་ཡིན་པས།  ང་ཚོས་བླ་མ་ཁྱེད་ཚང་དྲིན་ཅན་རྩ་བའི་བླ་མ་གཙུག་གི་ནོར་བུ་བཞིན་བཀུར་སྟེ་ཅི་གསུངས་བཀའ་བཞིན་དུ་སྒྲུབ་པ་ལགས་ན།  ང་ཚོ་ཚེ་ཙེ་སྡེ་མི་རྣམས་ཀྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་བླ་མ་ཁྱེད་ཚང་ལ་མཁྱེན་མཁྱེན་ཞུ་བ་དང་།  ཉི་མ་དེ་རིང་ནས་བཟུང་རེབ་གོང་བོད་པ་རྣམས་ཀྱིས་ང་ཚོ་ཚེ་ཙེ་རྣམས་ལ་ཚེ་ཙེ་ཚོ་དང་དོར་དོ་ཚོ་ཞེས་བརྙས་དམོད་དང་དམའ་འབེབས་མི་བྱེད་པའི་ཞལ་གསུངས་ནན་མོ་ཞིག་གནང་རྒྱུ་བཅས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་ན།  ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་ཀྱང་དེ་བཞིན་ཁས་བླངས་ཏེ་ཁོ་ཚོ་ལ་མི་འཇིགས་པའི་སྐྱབས་སྦྱིན་གནང་།  དུས་དེ་ནས་བཟུང་གཉན་ཐོག   སྒོ་དམར།  རྐ་སར།  ཐོ་གྱ་བོད་སྐོར་བཅས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་ལྷ་སྡེ་རུ་གྱུར། ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་ཁོ་ན་ལ་སྐྱབས་སུ་འགྲོ་བའི་དན་རྟགས་སུ།  སྒོ་དམར་“སྡེ་བའི་མཁར་སྒོའི་སྟེང་དུ་མ་ཎི་འཁོར་ཆེན་བསྐོར་ཡོད” ། དེ་ནས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་རེབ་གོང་དུ་བཀའ་ཆོས་གསུངས་སྐབས་སུ།  རེབ་གོང་མི་དམངས་ལ་ནན་གྱིས་གསུངས་དོན།   ཚེ་ཙེ་སྡེ་བ་འདི་དག་ང་ལ་སྐྱབས་བཅོལ་དུ་འོངས་པ་ཡིན་པས་ཁོ་ཚོས་བཤད་པ་བཞིན་ངས་ཀྱང་ཁས་བླངས་ཡོད།  ད་ཁྱོད་ཚོས་ང་ལ་འདང་ཞིག་རྒྱག་ན་ཁྲེ་ཙེའི་མི་སྡེ་འདི་དག་ལ་བརྙས་དམོད་དང་མཐོང་ཆུང་དམའ་འབེབས་སོགས་མི་བྱ་བར་ཕན་ཚུན་འདྲ་མཉམ་དང་རོགས་སྐྱོར་གང་ལེགས་གནང་རྒྱུ་བཅས་ཀྱི་རེ་བ་དང་བསླབ་བྱ་གང་ལེགས་གནང་། 
     ཉེ་ལམ་སྒོ་དམར་དགེ་འདུན་དོན་འགྲུབ་ཀྱིས་བྲིས་པའི་«རེབ་གོང་སྒོ་དམར་དོར་སྡེའི་ལོ་རྒྱུས་»ཞེས་པར། སྒོ་དམར་སྡེ་བའི་ལོ་རྒྱུས་དངོས་ལ་བརྫུན་བཟོ་དང་འཁྱོག་བཤད་མང་དུ་བཤད་ཡོད་པས་དེ་དག་ལ་ལན་ཞིག་བྲི་བའི་དགོས་པ་མ་མཐོང་མོད།  ཡིན་ནའང་བརྫུན་བཟོ་དེ་དག་མ་དག་རྒྱུན་འཇམས་སུ་སོང་ན་ཕྱིས་སུ་མི་ལ་ལའི་ལོ་རྒྱུས་བརྫུན་མ་ངོ་མར་མཐོང་པ་དང་།  ལོ་རྒྱུས་དངོས་མ་དེ་བརྫུན་པར་མཐོང་བའི་ནོར་འཁྲུལ་འབྱུང་བའང་སྲིད་པས་སྐབས་འདིར་དེ་དག་གི་འཁྲུལ་སེལ་རགས་ཙམ་ཞིག་བྲི་བ་ལ།  སྤྱིར་ལོ་རྒྱུས་ཞེས་པ་ནི་སྔོན་བྱུང་ཟིན་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བརྗོད་པ་ཞིག་ལ་ཟེར་བ་ལས།  དེ་མིན་རང་གི་ཧམ་སེམས་དང་གཡོ་རྒྱུ་དང་ཕྱོགས་ཞེན་གྱི་དབང་གིས་ལོ་རྒྱུས་བརྫུན་བཟོ་དང་འཁྱོག་བཤད་བྱས་ནས་བྲིས་ན་ཕན་པ་དང་སྙིང་བོ་ཅི་ཡང་མེད་པ་ཡིན།
    སྤྱིར་རེབ་གོང་དུ་མ་དག་རྒྱུན་འབྱམས་སུ་སོང་བའི་ཁ་དཔེ་ལ་ལ་དང་དཔེ་དེབ་ལ་ལར།  རེབ་གོང་མ་ཆགས་གོང་ལ་ཁ་གྱ་དང་སེར་གྱ་ནག་གྱ་སྟེ་རེབ་ཚ་བ་གསུམ་ཐོག་མར་ཆགས་ཞེས་དང་།  དོན་ལ་ཁ་གྱ་དང་སེར་གྱ་ནག་གྱ་སྡེ་གསུམ་འདི་ཆགས་པའི་རྗེས་ནས་ད་གཟོད་རེབ་གོང་ཆགས་པར་འདོད་པ་དང་། ཡང་ཁ་དཔེ་ལ་ལར།  ས་དཀྱིལ་གྲོང་བ་རི་སྟག་གསུམ།  །དགུ་ཆུ་འཐུང་བའི་སྔོན་མ་ཡིན།  །ཞེས་ས་དཀྱིལ་དང་གྲོང་བོ་དང་རི་སྟག་གསུམ་ནི་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ཡིན་ཟེར་བ་དང་།  ཡང་སྐྱིད་ཚང་བ་རྣམས་ཀྱིས་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ཁོང་ཚོ་ཡིན་ཟེར་བ་སོགས་ཤིན་ཏུ་མང་།  ཡང་བསེ་རྒྱ་ཧོར་གསུམ་གྱིས་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ཁོང་ཚོ་ཡིན་ཟེར་བ་སོགས་སྤྱིར་མི་ཚང་མས་རང་རང་གི་སྡེ་བ་དང་ཚོ་བ་ནི་ཆེས་སྔ་བ་དང་སྔོན་མ་ཡིན་པར་འདོད་པའི་ཧམ་སེམས་ཀྱི་ནད་གཞི་དེ་མི་ཚང་མ་ལ་ཡོད་པས་ཁག་མེད།  སྤྱིར་རེབ་གོང་དུ་མིའི་རིགས་བྱུང་བའི་ཐོག་མ་དང་དེ་མང་དུ་འདུས་པའི་ཚོ་བ་ནི་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་འགའི་སྔོན་ནས་བྱུང་ཡོད་པ་ནི་ཁོ་ཐག་ཡིན་མོད།  ཡིན་ནའང་ཆེས་ཐོག་མ་བྱུང་བའི་མི་དང་ཚོ་བ་དང་སྡེ་བ་ནི་འདི་ཡིན་ག་མིན་ཞེས་པའི་ཁ་ཚོད་ནི་སུས་ཀྱང་གཅོད་མི་ནུས་པ་ཡང་ཁོ་ཐག་ཡིན།   ལ་ལས་རང་གི་ཧམ་སེམས་དང་ཆགས་སེམས་ཀྱི་དབང་གིས་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ནི་ང་ཚོ་ཡིན་ཁོང་ཚོ་མིན་ཟེར་བའི་ཨུ་ཚུགས་རྒྱག་པ་ནི་ཚན་རིག་དང་མཐུན་པའི་གཞི་འཛིན་ས་དང་གནས་ལུགས་ཀྱི་བདེན་དབང་ཅི་ཡང་མེད་པའི་ལོང་གཏམ་ཙམ་དུ་ཟད་དོ།།
    དེ་སྔ་སོག་པོ་ཆིན་ཝང་དྲུང་ཡིག་དབང་ཆེན་སྐྱབས་ཀྱིས་སྤྱི་ལོ་1848ལོར་བསྒྲིགས་པའི་སོག་པོ་ལོ་རྒྱུས་«དེབ་ཐེར་མེས་པོའི་ཞལ་ལུང་»ཞེས་པའི་ནང་དུ་“སྟོད་ཀྱི་གོས་སྡེ་དང་བར་ཀྱི་ས་དཀྱིལ་མ་ཆགས་གོང་ལ་སྨད་ཀྱི་སྒོ་དམར་ཆགས།  སྒོ་ཆེན་ཟངས་དམར་གྱིས་ཤན་ཡོད་པའི་སྒོ་དམར་དུ་ཐོགས”ཞེས་པ་ནི།  རེབ་གོང་དུ་ཐོག་མར་སོག་པོ་སྡེ་བ་ལ་ཆགས་སྔ་བ་ནི་སྒོ་དམར་ཡིན་ཞེས་པའི་དོན་ཡིན་པ་ལས་སྤྱིར་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ནི་སྒོ་དམར་ཡིན་ཞེས་པའི་དོན་ནི་མ་ཡིན་ནོ།  །སོག་པོ་ལོ་རྒྱུས་«དེབ་ཐེར་མེས་པོའི་ཞལ་ལུང་»ཞེས་པ་དེའི་མགོ་ནས་འཇུག་པར་གྱི་བརྗོད་བྱ་གཙོ་བོ་ནི།  སྤྱིར་སོག་པོའི་བྱུང་ཁུངས་དང་དེའི་རིགས་རུས་ཀྱི་མཆེད་ཁུངས།  མཚོ་སྔོན་ལ་སོགས་པའི་བོད་ཁམས་རྣམས་སུ་སོག་པོའི་ཚོ་བ་དང་མི་སྡེ་བྱུང་ཚུལ།  དེ་དག་གིས་ཇི་ལྟར་དབང་བསྒྱུར་བྱས་ཚུལ་སོགས་སོག་པོའི་ལོ་རྒྱུས་བརྗོད་པའི་དེབ་ཐེར་ཞིག་ཡིན་པ་ལས་བོད་ཀྱི་ལོ་རྒྱུས་བརྗོད་པའི་དེབ་ཐེར་ཞིག་མིན་པ་རེད།ད་ལྟ་སྤྱི་ཚོགས་སྟེང་དུ་འཁྱར་ནས་ཡོད་པའི་སོག་པོ་ལོ་རྒྱུས་«དེབ་ཐེར་མེས་པོའི་ཞལ་ལུང་»ཞེས་པའི་ལག་བྲིས་མ་དེ་ནི་དེ་སྔ་རིག་གནས་གསར་རྗེ་སྐབས་སུ་དགག་པ་རྒྱག་པའི་ཆེད་དུ་སྤྱི་ལོ་1973ལོའི་ཟླ12པར་བསྐྱར་བཤུ་བྱས་པ་ཡིན་པར་དེབ་ཐེར་དེའི་དབུ་ན་གསལ་བར་བཤད་འདུག་པ་ལྟར་རེད།
   བསྐྱར་བཤུ་སྐབས་དེབ་ཐེར་དེའི་ནང་དོན་གྱི་ཆ་ལ་བཟོ་བཅོས་མང་དུ་བྱས་ཡོད་པས་དེབ་ཐེར་དེ་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་དཀའ།  དཔེར་ན་དེབ་ཐེར་དེའི་ནང་དུ།  ངོ་རྒོལ་བྱས་ཞེས་པ་དང་།  འཐབ་འཁྲུག་བྱས་ཞེས་པ།  བླ་མ་མང་པོ་དམར་གསོད་བཏང་ཞེས་པ།  ཨུལ་ཅོས་ཐུ་རྒྱལ་པོ་མེ་ལུག་ལོར་ཤི་བ་ན་ཞེས་པ།  ལྐོག་བཟའ་ལྐོག་བརྔན་གྱི་རྗེས་འབྲངས་ཏེ་ཐག་གཅོད་བྱེད་ཞེས་པ།  ཞྭ་སེར་ཏ་ལེ་ཕྱོགས་ཁག་ཞེས་པ་སོགས་སྐབས་དེའི་རིག་གསར་སྐབས་ཀྱི་ཐ་སྙད་གསར་བ་མང་དུ་བཀོད་ཡོད་པ་ཤིན་ཏུ་གསལ།  དེ་བས་སྒོ་དམར་དགེ་འདུན་དོན་འགྲུབ་ཀྱིས་གོང་གི་སོག་པོའི་ལོ་རྒྱུས་དེབ་ཐེར་མེས་ཞལ་གྱི་ནང་བཤད་པ་དག་ལ་གོ་བ་ཕྱིན་ཅི་ལོག་ཏུ་བླངས་ནས།  ཁྱི་དང་གློ་བ་འཕྲད་པ་ནང་བཞིན་བརྟག་དཔྱད་དང་ཞིབ་འཇུག་མེད་པར་རང་གི་ཨུ་ཚུགས་མཐར་བསྐྱལ་གྱིས་རེབ་གོང་དུ་ཆགས་སྔ་བའི་སྡེ་བ་ནི་སྒོ་དམར་ཡིན་པའི་སྒྲིབ་བྱེད་ཀྱི་ཁུངས་ཉག་གཅིག་ཏུ་དྲངས་པ་ནི།  སྤྱིར་ན་ལོ་རྒྱུས་སོགས་ལ་གོ་རྒྱ་ཐོས་རྒྱ་མེད་པ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ལ་བལྟ་རྒྱ་ཆུང་བ་སོགས་ཀྱི་དབང་གིས་གོ་ནོར་ཐེབས་པ་ལ་ཁག་མི་འདུག་གོ།  
    ཡང་སྒོ་དམར་དགེ་འདུན་དོན་འགྲུབ་ཀྱིས་བྲིས་པའི་སྒོ་དམར་དོར་སྡེའི་ལོ་རྒྱུས་སུ། རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་དུ་བཤད་པའི་རོང་བོ་ནང་སོ་དཀོན་མཆོག་རྒྱལ་མཚན་ལ་ཏྰ་མིང་ཟོན་ཏེ་ཡིས། ནང་སོའི་གོ་གནས་བསྩལ་པར་བཤད་པ་དེ་ནི་མི་རིགས་ཀྱི་ཞབས་འདྲེན་དང་ལོག་བཤད་ཡིན་པར་བཤད་པ་ནི།  ཁྱོད་རང་ལོ་རྒྱུས་ཀྱི་སྐོར་ལ་བལྟ་རྒྱ་མཐོང་རྒྱ་དང་གོ་ཐོས་མེད་པའི་སྐྱོན་ཏེ། རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་དུ་དེ་ལྟར་བཤད་པའི་ཡིག་ཆའི་ལུང་ཁུངས་ནི།  རྫོང་ཆུང་ཚང་གིས་མཛད་པའི་«རེབ་གོང་ཆོས་འབྱུང་རྒྱས་བཤད་ཀུན་གསལ་བློ་གསལ་མགུལ་རྒྱན་གདན་ས་གསུམ་གྱིས་བླ་མ་དམ་པ་རྣམས་གྱིས་གདན་རབས་»ཞེས་པའི་ཤོག་ངོས་ལྔ་པ་ན།  “རབ་བྱུང་བདུན་པའི་མེ་ལུག་ཧོར་ཟླ་གསུམ་པའི་ཚེས་དགུ་ལ།དཔོན་དཀོན་མཆོག་རྒྱལ་མཚན་ལ་ནང་སོའི་གོ་གནས་གནང་”ཞེས་པའི་དེབ་ལག་བྲིས་མར་གསལ་བར་ཡོད་པ་དང་།   ད་དུང་རྗེ་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི་«བསྟན་རྩིས་ཀུན་བཏུས་»1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་ཤོག་ངོས་216སོགས་ན་གསལ་བར་གསུངས་ཡོད་པས།  ཁྱོད་ལྟར་ན་དེ་དག་ཐམས་ཐད་ཀྱང་མི་རིགས་ཀྱི་ཞབས་འདྲེན་དང་ལོག་བཤད་ཡིན་ཟེར་རྒྱུ་ཨེ་ཡིན།  དེ་ལྟར་འདོད་པ་ནི་ཧ་ཅང་ཐལ་དྲག་འདུག་གོ། 
ཡང་སྒོ་དམར་དགེ་འདུན་དོན་འགྲུབ་ན་རེ།  སྒོ་དམར་དོར་སྡེའི་ལོ་རྒྱུས་བྱ་བའི་ཤོག་ངོས་༤༤ན་པེ་ཧུ་ཆན་ཧུ་སོགས་ཀྱི་ཐ་སྙད་ནི་གོང་མ་ཁང་ཞི་ཡིས་སྤྱི་ལོ་1697ལོའི་རྗེས་ནས་མགོ་བརྩམས་པ་ཞིག་ཡིན་པ་ལས།  རེབ་གོང་ལོ་རྒྱུས་ཆེན་མོ་ན་ཡོན་རྒྱལ་རབས་སྐབས་སུ་བསྩལ་བར་བཤད་པ་ནི།  ལོ་རྒྱུས་ལ་ཕུང་དཀྲུགས་དང་ནག་ཉེས་ཆེན་པོ་བཟོས་བར་བཤད་པ་ནི།  ཁྱོད་རང་ཧ་ཅང་ཚབས་ཆེ་བའི་ནོར་འཁྲུལ་ཆེན་པོ་སྟེ།  རྒྱ་སྐད་དུ་པེ་ཧུ་(百户)ཆན་ཧུ་(千户)བན་ཧུ་(万户)སྟེ་བོད་སྐད་དུ་བརྒྱ་དཔོན་དང་སྟོང་དཔོན་ཁྲི་དཔོན་སོགས་ཀྱི་གོ་གནས་ནི་དེ་སྔ་ཡོན་རྒྱལ་རབས་སྐབས་སུ་བསྩལ་བའི་གོ་གནས་ཤིག་ཡིན་པར་བོད་ཡིག་དང་རྒྱ་ཡིག་གི་ཡིག་ཆ་དུ་མ་ན་གསལ་བས་རེ་རེ་ནས་བགྲང་གིས་མི་ལང་མོད།  ཕྱོགས་ཙམ་སྨྲོས་ན།  སྔོན་རོང་པོ་བླ་མ་བསམ་གཏན་རིན་ཆེན་གྱིས་སྤྱི་ལོ་1342ལོར་རོང་པོ་དགོན་ཆེན་གསར་འདེབས་གནང་སྐབས་“ས་དཀྱིལ་ཏྰ་པེ་ཧུ་དང་མཆོད་ཡོན་དུ་འབྲེལ་ནས།  རྒྱལ་ཐང་གི་དབུས་སུ་རོང་པོ་བདེ་ཆེན་ཆོས་འཁོར་གླིང་གི་གཞི་འདིང་བར་མཛད་”ཞེས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་རྣམ་ཐར་གསང་གསུམ་སྣང་བའི་སྒྲོན་མེ་ ལས་གསལ་བར་གསུངས་ཡོད་པས།  སྐབས་དེར་ནི་ད་དུང་ཡོན་རྒྱལ་རབས་ཀྱི་དབང་བསྒྱུར་བའི་སྐབས་ཡིན་པས།  དེ་དུས་ས་དཀྱིལ་ཏྰ་པེ་ཧུ་ལ་བརྒྱ་དཔོན་གྱི་གོ་གནས་བསྩལ་ཡོད་པ་ཤིན་ཏུ་གསལ་བ་དང་།  དེ་ནི་ས་དཀྱིལ་ཏྰ་པེ་ཧུ་དཔོན་རབས་གཉིས་པ་དངོས་གྲུབ་རྒྱ་མཚོའི་སྐབས་ཡིན་པ་དང་། ཡང་མདོ་སྨད་བྱང་ཤར་གྱི་བོད་ཀྱི་ཚོ་བ་ཤོག་པའི་ལོ་རྒྱུས་ལས།  “ཡོན་རྒྱལ་རབས་ཀྱིས་མདོ་སྨད་ཚོ་བ་ཁག་གི་དཔོན་པོར་ཁྲི་དཔོན་དང་།  སྟོང་དཔོན། བརྒྱ་དཔོན་སོགས་ཀྱི་གོ་གནས་ཐོབ་ཐང་སྤྲད་ནས་རང་ཁོངས་ཀྱི་ཚོ་བ་ཁག་ལ་དོ་དམ་བྱས་” ཞེས་དང་། ད་དུང་རྫོང་ཆུང་ཚང་གིས་མཛད་པའི་རེབ་གོང་ཆོས་འབྱུང་རྒྱས་བཤད་ དང་།  ལོ་རྒྱུས་དེབ་ཐེར་ཁག་དང་།  ཆོས་འབྱུང་གདན་རབས་ཁག  རྣམ་ཐར་ཁག་སོགས་དུ་མ་ན་ཡོད་པས་རེ་རེ་ནས་བགྲང་གིས་མི་ལང་།  ཁྱོད་ལྟར་ན་གོང་གི་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས། ལོ་རྒྱུས་ལ་ཕུང་དཀྲུགས་དང་ནག་ཉེས་ཆེན་པོ་བཟོས་ཡོད་པར་ཐལ།  ཁྱོད་ཀྱི་ལོག་བཤད་ལ་འདོད་པའི་ཕྱིར། འཁོར་གསུམ་གྲངས་མེད་དུ་འབེབས་པ་ཤེས་སོང་ངམ།  བླུན་པོའི་སྨྲ་བ་ཉུང་ན་མཛེས་ཞེས་པ་ལྟར་རང་གིས་མི་ཤེས་ན་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ན་ཉེས་པ་ཆུང་ངོ་།།
         ཡང་ཁྱོད་ཀྱིས་སྒོ་དམར་ལོ་རྒྱུས་ནང་དུ་དྲི་བ་གཉིས་བཏོན་ཡོད་པའི་ལན་རེ་རེ་ནི། དེ་སྔ་དུས་རབས་ཉི་ཤུ་པའི་ནང་ཁ་ཆེ་པ་མ་པུ་ཧྥང་གིས་མཚོ་སྔོན་ལ་ལོ་ངོ་བཞི་བཅུ་ལྷག་ལ་དབང་བསྒྱུར་སྐབས།  བོད་རིགས་དང་རྒྱ་རིགས།  སོག་རིགས་སོགས་ལ་ཡ་ང་བའི་འཕྲོག་བཅོམ་དང་གསད་བསྲེགས་ཚད་ལས་འདས་པ་བྱས་ཡོད་པས།   སྐབས་དེར་མཚོ་སྔོན་གྱི་ཕྱོགས་འདིར་ནི་མུན་པའི་འཇིག་རྟེན་དུ་གྱུར་ཡོད་པ་དང་།  དེ་ནས་དུས་རབས་ཉི་ཤུ་པའི་སྨད་དུ་མཚོ་སྔོན་བཅིངས་བཀྲོལ་གྱི་སྐབས་ཁ་ཆེ་པ་མ་པུ་ཧྥང་གིས་གདུག་རྩུབ་ཀྱི་དབང་བསྒྱུར་རྩ་མེད་དུ་བཏང་སྟེ་མཚོ་སྔོན་ཕྱོགས་ཡོངས་ལ་བཅིངས་བཀྲོལ་ཐོབ་སྟེ།  དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་རིམ་གྱིས་མཚོ་སྔོན་གྱི་སྤྱི་ཚོགས་ཡར་རྒྱས་དང་བདེ་སྐྱིད་ལྡན་པའི་གནས་སུ་གྱུར་བ་«མཚོ་སྔོན་ལོ་རྒྱུས་ཟིན་བྲིས་གནད་བསྡུས་» སོགས་ལས་བཤད་ཡོད་པ་ལོ་རྒྱུས་ཁུངས་དག་ཡིན་པས་ཁྱོད་ཀྱི་དྲི་བ་དང་པོ་དེ་སོང་ལ།  དེའི་རྗེས་སུ་རིག་གནས་གསར་བརྗེ་སྐབས་སུ་ཡིན་མིན་གོ་ལྡོག་དང་དཀར་ནག་མཉམ་བསྲེས།  གྲལ་རིམ་འཐབ་རྩོད་ཞེས་སུ་གྲགས་པའི་ལས་འགུལ་སྣ་ཚོགས་སྤེལ་ནས་སྔར་ཀྲུང་གོའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་མང་ཚོགས་ལ་བརྡབ་གཟིག་དང་མནར་གཅོད་ཚད་ལས་འདས་པ་ཡ་ང་བ་བྱས་པ་ནི།  མཚོ་སྔོན་ས་ཁུལ་ཁོ་ན་ཙམ་མ་ཡིན་པར་རྒྱལ་ཡོངས་རང་བཞིན་གྱི་གོལ་ཆག་ཡིན་པ་ཏང་གི་ལོ་རྒྱུས །  དེབ་སྨད་ཆ་སོགས་ན་གསལ་བར་ཡོད་པས་འདིར་བསྐྱར་ཟློས་བྱེད་མ་དགོས།   དེའི་ཁྱོད་ཀྱི་དྲི་བ་གཉིས་པ་དེའི་ལན་སོང་།  གསལ་བཤད་ལ།  ཆབ་སྲིད་རིག་པའི་ཕྱོགས་ལ་མགོ་རྨོངས་པ་དག་གིས་འདིའི་སྐོར་ཅི་ཡང་མི་ཤེས་པ་ནི་ཁག་མི་འདུག་གོ།
      ཡང་སྒོ་དམར་དགེ་འདུན་དོན་འགྲུབ་ན་རེ།  རེབ་གོང་གི་དོར་སྡེ་བཞི་འམ་ཚེ་ཙེ་བཞི་ནི་སྔོན་བོད་བཙན་པོས་རྒྱལ་རབས་སྐབས་དབུ་རུ་སྟོད་ཀྱི་དོར་སྡེའི་ནས་མཐའ་མཚམས་སུ་མངགས་པའི་དམག་དཔུང་གི་རྒྱུད་པ་ཡིན་པར་བཤད་པ་ནི་ལོང་པས་མིག་ལྡན་ལ་མགོ་སྐོར་གཏོང་བའི་དཔེ་བཞིན་ཟད་དེ།  རེབ་གོང་དུ་ཡོད་པའི་དོར་སྡེ་བཞི་འམ་ཚེ་ཙེ་བཞི་ནི་སྔོན་བོད་བཙན་པོ་རྒྱལ་རབས་སྐབས་མཐའ་མཚམས་སུ་མངགས་པའི་དམག་དཔུང་གི་རྒྱུད་པ་རྣམས་དང་གཏན་ནས་འབྲེལ་བ་མེད་པ་ཞིག་ཡིན།  ལྷ་སའི་དབུ་རུ་སྟོད་ཀྱི་ས་ཆ་ན་གནའ་ནས་ད་ལྟའི་བར་དོར་སྐད་བཤད་པའི་མི་སྡེ་ལུང་པ་ཞིག་ཕར་ཞོག་ཐ་ན་ཁྱིམ་ཚང་གཅིག་ཙམ་ཡང་མེད་པ་སུས་མི་ཤེས།  ཡོད་ན་ལྷ་སའི་རྫོང་གང་དུ་ཡོད་འཛུབ་མོ་བཙུགས་ནས་སྟོན་དགོས་སོ།  །ཡང་སྒོ་དམར་སྡེ་བའི་རྒན་པོ་རེ་གཉིས་ཀྱི་འཆལ་གཏམ་དུ་བསྒྲིགས་པའི།  ང་དོར་སྡེ་ཡོང་བ་སྟོད་ནས་ཡོང་།དབུ་རུ་སྟོང་སྡེ་ནང་ནས་ཡོང་། སྟོད་ཀྱི་དོར་སྡེ་སྡེ་ནས་ཡོང་། ཞེས་པ་སོགས་ནི་སྒོ་དམར་རྒན་པོ་དག་གིས་རང་གི་སྡེ་བ་ལ་བསྟོད་པའི་ཕྱིར་ཁ་ནས་བྱུང་རྒྱལ་དུ་སྨྲས་པ་ཙམ་ལས་ལོ་རྒྱུས་ཀྱི་རིན་ཐང་ཅི་ཡང་མེད་པ་ཡིན་ནོ།།ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཁོད་པའི་“དོར་སྡེ་སྡེ་མཚམས་གཉིས་”ཞེས་པ་པར་སྐྲུན་སྐབས་ཀྱི་ཡིག་ནོར་ཤོར་བ་ཡིན་པས་མ་ཕྱི་རང་ན་“དོག་སྡེ་སྡེ་མཚམས་གཉིས་”ཞེས་བཀོད་ཡོད།  སྒོ་དམར་དོར་སྡེ་ལོ་རྒྱུས་ཟེར་བའི་ནང་བྲིས་པ་མང་ཆེ་བ་ནོར་འདུག་པས་དེ་རེ་རེར་ནས་དག་འདོན་བྱེད་པའི་ངལ་བ་མ་བྱས་སོ།།རྒྱུ་མཚན་ནི་རེབ་གོང་ལོ་རྒྱུས་ཅུང་ཤེས་མཁན་ཞིག་གིས་བལྟས་པ་ཙམ་གྱིས་ནོར་འཁྲུལ་ཡིན་པ་ཤིན་ཏུ་གསལ་ལོ།།
འདིར་གསལ་བཤད་ཅིག་ནི།  རེབ་གོང་སེང་གེ་གཤོང་ཡ་མགོ་དང་མ་མགོ།  རྒྱ་ཚང་མ་བཅས་ནི་རེབ་གོང་ཚེ་ཙེ་བཞིའི་གྲས་ནི་མ་ཡིན་ནོ།  །སྡེ་འདི་དག་ནི་སྔོན་དུས་གཙང་ལ་སྟོད་ནས་མཆེད་འོངས་པའི་དམག་དཔོན་ཆེན་པོ་བསྟན་པ་ཕྱག་རྡོར་རམ་དར་སྟོང་རྒྱལ་མཚན་གྱི་སྲས་དགུའི་གདུང་རྒྱུད་ཕྱི་མ་དམག་དཔོན་གཙོ་གཞོན་བཅུའི་གཙོས། དམག་སྐོར་ལྔ་དང་བཅས་རང་གི་ཕུ་ནུ་སེང་གེ་རྣམ་གསུམ་དང་བསྡེབས་ནས་དུས་རབས་བཅུ་གཅིག་པ་སྤྱི་ལོ་1028བོད་རབ་བྱུང་དང་པོའི་ས་འབྲུག་ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་སེང་གེ་གཤོང་དུ་གནས་གཞི་བཟུང་བ་སོགས་སེང་གེ་གཤོང་གི་སྐབས་སུ་གསལ།ཞེས་རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་དང་ཚེ་ཙེ་བཞི་བཤད་པ་ཞེས་པ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་2015ལོར་སྦྱར་བའོ།།

མཆན།

[1]རྨ་ལྷོའི་སོག་པོའི་ལོ་རྒྱུས་ཀྱི་ཤོག་ངོས་4པར་གསལ།  རྒྱ་ཡིག   གྲོ་ཚང་ཚེ་རིང་གིས་བརྩམས།  2010ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།

[2]«ཀྲུང་གོའི་བོད་ཀྱི་འཚོ་བ་»ཞེས་པའི་ཤོག་ངོས་194པར་གསལ། རྒྱ་ཡིག «中国藏族部落»ཁྲིན་ཆིན་དབྱིན་གྱིས་གཙོ་སྒྲིག་བྱས།  1991ལོར་མི་དམངས་གཙང་སྦྲ་དཔེ་སྐྲུན་ཁང་གིས་བཏོན།

[3]«རུས་ཚོགས་ཁོངས་གཏོགས་ཀྱི་རང་ཉིད་ངོས་འཛིན་དང་སྤྱི་ཚོགས་མཚན་ཉིད་»ཞེས་པའི་ཤོག་ངོས་12པར་གསལ།   «族群归属的自我认同与社会定义»   རྒྱ་ཡིག  ཅེན་ཀྲི་ཞང་གིས་བརྩམས། 2006ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།

[4]«རུས་ཚོགས་ཁོངས་གཏོགས་ཀྱི་རང་ཉིད་ངོས་འཛིན་དང་སྤྱི་ཚོགས་མཚན་ཉིད་»ཞེས་པའི་ཤོག་ངོས་82པར་གསལ།    ཅེན་ཀྲི་ཞང་གིས་བརྩམས། 2006ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།   རྒྱ་ཡིག

ད་དུང་ཐོ་གྱའི་ལོ་རྒྱུས་གནད་བསྡུས་ཞེས་པར་ཡང་གསལ།  ཀྲང་གཡིས་རིན་སོགས་ཀྱིས་བྲིས།   རྒྱ་ཡིག

[5]རོང་པོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲའི་ཤོང་ངོས་607པར་གསལ།  འཇིགས་མེད་ཐེག་མཆོག་གིས་བརྩམས།   1988ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།

[6]«ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་པ་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ་ཞེས་བྱ་བ»།  རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མཛད་པའི་གསུང་འབུམ་【ཁ】བའི་ནང་གསལ།  ཐུ་བ་དགོན་གྱི་ཤིང་པར་མ།  ད་དུང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1997ལོར་བཏོན་པའི་དེབ་གྱི་ཤོག་ངོས་74ན་གསལ།

[7]«མདོ་སྨད་བྱང་ཤར་གྱི་བོད་ཀྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ།»  འབྲུག་ཐར་གྱིས་བརྩམས།  2002ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།

[8]«རེབ་གོང་ཆོས་འབྱུང་རྒྱས་བཤད་ཀུན་གསལ་བློ་གསལ་མགུལ་རྒྱན་གདན་ས་གསུམ་གྱིས་བླ་མ་དམ་པ་རྣམས་གྱིས་གདན་རབས་»ཞེས་པ།  རྫོང་ཆུང་ཚང་གིས་མཛད་པའི་འི་ཤོག་ངོས་ལྔ་པ་ན་གསལ།    ལག་བྲིས་མ།

རྗེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི་《བསྟན་རྩིས་ཀུན་བཏུས་》ན་ཡང་འདི་ཁུངས་དྲངས་ནས་གསུངས་ཏེ་ཚད་མར་བཟུང་ཡོད།1982ལོའི་ཟླ་12པར་མཚོ་སྔོན་མི་རིགས་དཔེ་སྐྲུབ་ཁང་གིས་བཏོན་པའི་དེབ་ཀྱི་ཤོག་ངོས་216ན་གསལ།

[9]«མཚོ་སྔོན་ལོ་རྒྱུས་ཟིན་བྲིས་གནད་བསྡུས།»ཞེས་པའི་ནང་གསལ།  རྒྱ་ཡིག  1987ལོར་མཚོ་སྔོན་མི་རིགས་དཔེ་སྐྲུབ་ཁང་གིས་བཏོན།

 ད་དུང་མཚོ་སྔོན་ལོ་རྒྱུས་རྒྱས་བཤད་ནང་དུའང་གསལ་བར་ཡོད།  རྒྱ་ཡིག

[10]ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས།   སྨད་ཆ།  2011ལོར་ཏང་གི་ལོ་རྒྱུས་དཔེ་སྐྲུབ་ཁང་གིས་བཏོན།


 


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།