ལེའུ་དང་པོ། ངོ་མཚར་རྨི་འཕྲུལ་བརྒྱུད་དེ་དྲན་ཤེས་ཐོབ།

       ལེའུ་དང་པོ། ངོ་མཚར་རྨི་འཕྲུལ་བརྒྱུད་དེ་དྲན་ཤེས་ཐོབ།
       བསྐལ་བ་ཡ་གདོད་དུས་སུ།གོང་མ་རྒྱལ་མོས(1)རྡོ་བཞུས་ཏེ་གནམ་ལ་ལྷན་པ་རྒྱག་སྐབས། རྡོ་མཁྲེགས་ཤིག་མ་སྤྱད་པར།རི་བོ་ཆིན་ཀིན་ཟེར་བའི་རྫ་སྟོང་ཆེན་པོའི་འདབས་སུ་བསྐྱུར།རྡོ་མཁྲེགས་དེར་གོང་མ་རྒྱལ་མོས་བཙོ་སྦྱང་བྱས་མཐར་དྲན་ཤེས་ཡོད་པར་གྱུར།ཉིན་ཞིག་ལ།ཐུབ་བསྟན་བཙུན་པ་ཞིག་དང་གཏོ་བསྟན་བཙུན་པ་ཞིག་རི་བོ་ཆིན་ཀིན་གྱི་འདབས་སུ་སླེབས་དུས།རྡོ་མཁྲེགས་དེ་མཛེས་ཤིང་འོད་འཚེར་བར་གྱུར་ཡོད་པ་མཐོང་སྟེ།རྡོ་མཁྲེགས་སྟེང་ཡི་གེ་མང་པོ་བརྐོས་ནས།གཞིས་ཀ་ཆེ་ཞིང་རིགས་རྒྱུད་བཟང་བའི་གཞིས་ཁྱིམ་མང་ལ།འབྱོར་པ་རྒྱས་ཤིང་མཛེས་སྡུག་ལྡན་པའི་ཡུལ་གྲུར་ཁྱེར་རྒྱུར་ཐག་བཅད།
      ཡང་ལོ་ངོ་ཁྲི་སྟོང་མང་པོའི་རྗེས་སུ།སྟོང་ཉིད་སྒོམ་མཁན་གཏོ་བསྟན་བཙུན་པ་ཞིག་རོ་བོ་ཆིན་ཀིན་གྱི་ཉེ་འདབས་བརྒྱུད་ནས་འགྲོ་སྐབས།ཕ་བོང་ཞིག་གི་སྟེང་ཡི་གེ་མང་པོ་བརྐོས་ཡོད་པ་མཐོང་ནས།འགོ་ནས་མཇུག་བར་ཐེངས་ཤིག་ལ་བཀླགས། 12.jpg
         སྟོང་ཉིད་སྒོམ་མཁན་གཏོ་བསྟན་བཙུན་པས་ཕ་བོང་སྟེང་གི་ཡི་གེ་བཤུས་རྗེས། 《ཕ་བོང་གི་ཟིན་བྲིས》ཞེས་མིང་བཏགས། རྗེས་སུ་ཚའོ་ཞོ་ཆིན་གྱིས་ཏའོ་ཧོན་ཞོན་ཞེས་པའི་དཔེ་ཁང་དུ། ཐེངས་བཅུར་བཀླགས་ཤིང་ཐེངས་ལྔར་འཕྲི་སྣོན་མཛད་རྗེས། དཀར་ཆག་བསྒྲིགས་ཤིང་ལེའུར་བགོས་ལ།《ཇིན་ལིན་མཁར་གྱི་སྤྲས་རྒྱན་བཅུ་གཉིས》ཞེས་མིང་བཏགས་ཤིང་སྙན་ཚིག་ཤོ་ལོ་ཀ་ཞིག་ཀྱང་བསྣན།
        ཤོག་ངོས་ཡོངས་སུ་མདོ་མེད་གཏམ་གྱིས་བཀང་། །
           དེ་ཡི་ཕུགས་མཐའ་སྐྱོ་སྡུག་མཆི་མར་འདྲེས། །
           ཚང་མས་རྩོམ་པོར་བླུན་ཞེན་ཆེར་བརྗོད་མོད། །
          དེར་བརྒྱུས་རྟེན་འབྱུང་ལུགས་དེ་སུ་ཡིས་རྟོགས། །
        ཕ་བོད་ཆེན་པོ་སྟེང་གི་ཡི་གེ་ནི་གཤམ་ལྟར་བཀོད་ཡོད།
        སུའུ་ཀྲའུ་མཁར་གྱི་ཁྲང་སྒོའི་ཕྱི་རོལ་ན།ཧྲི་ལི་སྲང་ལམ་ཞིག་ཡོད་ལ། སྲང་མདོར་ཧུའུ་ལུའུ་ལྷ་ཁང་ཞིག་ཡོད། ལྷ་ཁང་གི་འགྲམ་དུ་དཔོན་ཚང་ཞིག་གི་གཞིས་ཀ་ཡོད། ཁྱིམ་བདག་གི་རུས་ཀྲེན་མིང་ཧྥེ་དང་མཚན་ལ་ཧྲི་དབྱིན་ཟེར། ཧྥིན་བཟའ་ཆུང་མར་བསུས་ཡོད། ཆུང་མར་མཛངས་བྱམས་ཡོན་ཏན་ལྡན་ཞིང་། ཁོང་ནི་རྒྱུད་འཇམ་ལ་གྲགས་སྙན་ལ་ཧམ་པ་མེད་མཁན་ཞིག་ཡིན།  ཁོང་གཉིས་ལ་བུ་མོ་ཞིག་སྐྱེས་ཡོད། མིང་ལ་དབྱིན་ལན་ཟེར། སྐབས་སུ་ལོ་གསུམ་ཡིན།
          དབྱར་གཞུང་གི་ཉིན་ཞིག་ལ། ཧྲི་དབྱིན་གྱིས་དཔེ་ཁང་དུ་དཔེ་ཆ་བཀླགས་ཏེ་ཐང་ཆད་པས། ཅོག་ཙེར་སྔས་ཏེ་གཉིད། མག་མོག་ངང་ས་ཆ་ཞིག་ལ་ཐོན་ཞིང་། ཐུབ་བསྟན་བཙུན་པ་ཞིག་དང་གཏོ་བསྟན་བཙུན་པ་ཞིག་མཐོང། གཏོ་བསྟན་བཙུན་པས“ཁྱོད་ཀྱིས་གླེན་རྒན་དེ་གང་ལ་ཁྲིད་རྒྱུ་ཡིན་ནམ།”ཞེས་དྲིས། ཐུབ་བསྟན་བཙུན་པས། “ཕོ་མོའི་འདོད་ཞེན་གྱི་གྱོ ད་ཚན་ཞིག་ད་དུང་ཞལ་ལྕེ་བཅད་མེད་ལ། གྱོ ད་འབྲེལ་བྱམས་པར་ད་དུང་མི་ལུས་ཐོབ་མེད་པས། གོ་སྐབས་དེར་བསྟུན་ནས། ཕ་བོང་དེ་འདིར་བཙིར་ནས། ཁོང་ལ་མྱོང་བ་ཐེབས་ཤིག་བྱེད་དུ་འཇུག་དགོས” ཞེས་ལན་བཏབ། གཏོ་བསྟན་བཙུན་པས་རྒྱུ་མཚན་གསལ་བོར་འདྲི་སྐབས། ཐུབ་བསྟན་བཙུན་པས“ཕ་བོང་འདིས་བྱང་ཕྱོགས་རྣམ་ཤེས་གཙང་བོའི་འགྲམ་གྱི་སྐྱེ་པ་སྔ་ཕྱི་གསུམ་གྱི་རྡོ་འགྲམ་དུ་ལྷ་རྩྭ་ཞིག་ཡོད་པ་དེ། མཛེས་ཤིང་ལྟ་ན་སྡུག་པ་མཐོང་ནས། ཉིན་བཞིན་བདུད་རྩི་དྲངས་པས། ལྷ་རྩྭ་དེའི་རྩྭ་རྒྱུད་ཆད་དེ་མོ་ལུས་སུ་གྲུབ་པ་ཐོབ། ལྷ་རྩྭས་ཕ་བོང་གིས་བདུད་རྩི་དྲངས་པའི་དྲིན་ལན་མཇལ་ཕྱིར། དོན་ལྔ་སྣོད་དྲུག་མཛད་མཐའ་མེད་པའི་བརྩེ་སེམས་སུ་བརྒྱུས་ཏེ། དུས་རྒྱུན་དུ‘གལ་ཏེ་སྐྱེས་པ་ཕྱི་མར་མི་ལུས་ཐོབ་ན། ངས་ཚེ་གང་པོར་རང་གི་མཆི་མས་ཁོང་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད།’རྟེན་འབྱུང་དེ་རྒྱུ་རྐྱེན་བྱས་པས། ཕོ་མོའི་ཆགས་འབྲེལ་གྱི་གྱོ ད་གཞི་ཡོད་མཁན་མང་པོ་འཇིག་རྟེན་དུ་ལྟུང་དགོས་སོང་། ང་ཚོ་ཕ་བོང་འདི་དང་དེའི་ཆགས་འབྲེལ་རྣམ་ཤེས་ཚང་མ་དང་མཉམ་དུ་འཇིག་རྟེན་དུ་སོང་ནས། གྱོ ད་གཞིའི་ཞལ་ལྕེ་གཅོད་དགོས”ཞེས་ལན་བཏབ། གཏོ་བསྟན་བཙུན་པས“ ངོ་མའི་དགོད་བྲོ་བ་ཞིག་ཡིན། ངས་ད་ལྟའི་བར་ད་དུང་མཆི་མས་དྲིན་ལན་འཇལ་ཟེར་པ་ཞིག་ཐོས་མ་མྱོང་མོད།  ངེད་གཉིས་ཀྱིས་ཀྱང་གོ་སྐབས་འདི་བཟུང་སྟེ་འཇིག་རྟེན་དུ་བསྐྱད་དེ། གྱོ ད་འབྲེལ་དུ་མར་ཐར་པ་ཐོབ་ཏུ་བཅུག་ན་ཡང་། དགེ་རྩ་ཞིག་མིན་ནམ”ཞེས་བཤད།
          ཧྲི་དབྱིན་གྱིས་ཡ་མཚར་ཆེ་བའི་དོན་དག་དེ་ཐོས་ཏེ། མྱུར་མོར་ཡར་སོང་ནས་གུས་ཕྱག་འབུལ་ནས། གནས་ཚུལ་གསལ་བོ་ཞིག་རྒྱུས་ལེན་སྙམ། བཙུན་པ་གཉིས་ཀས་དགོད་ཀྱིན།“འདི་ནི་སྲིད་པའི་ཡང་གསང་ཡིན་པས། གསང་དོན་ཕྱི་ལ་བསྒྲགས་མི་རུང”ཞེས་བཤད། ཐུབ་བསྟན་བཙུན་པས་ཁོར་མཛེས་ཤིང་གཙང་བའི་གཡང་ཊི་ཞིག་སྤྲད། ཁོང་གིས་ཚུར་བླངས་ཏེ་ལྟ་དུས། དེའི་མདུན་ངོས་སུ“ཤེས་ཞུགས་པའོ་ཡུས”ཞེས་པའི་ཡི་གེ་བཞི་བརྐོས་ཡོད་ལ། རྒྱབ་ངོས་སུའང་ཡི་གེ་ཆུང་ཆུང་ཐིག་ཕྲེང་འགའ་བརྐོས་ཡོད། ཞིབ་མོར་ལྟ་སྙམ་དུས། ཐུབ་བསྟན་བཙུན་པས“འཕྲུལ་གནས་སུ་སླེབས་ཟིན”ཞེས་བཤད་ཀྱིན་གཡང་ཊི་ཕྱིར་འཕྲོགས་ཏེ། གཏོ་བསྟན་བཙུན་པ་དང་མཉམ་དུ་རྡོ་སྒོ་ཅན་གྱི་མཆོད་ཁང་ཞིག་ཏུ་འཛུལ་སོང་།
   ཧྲི་དབྱིན་གྱིས་རྗེས་སྙེག་སྟེ་འགྲོ་འདོད་ལ། རྐང་པ་ཡར་འགྱོ ག་སྐབས། གནས་ས་བཀས་པ་ལྟ་བུའི་སྒྲ་ཆེན་ཞིག་ཐོས་ནས། གློར་བར་དུ་གཉིད་ལས་བསླངས། མ་གཞི་རྨི་ལམ་ཞིག་ཡིན། རྨི་ལམ་གྱི་དོན་དག་མང་ཤས་བརྗིད་ཟིན། ཁོང་གིས་མ་མས་དབྱིན་ལན་པང་དུ་བཟུང་ནས་སླེབས་པ་མཐོང་དེ། ལག་པ་བསྲིངས་ནས་ཚུར་བླངས་ཏེ། པང་དུ་བཟུང་སྟེ་སྒོ་ཁར་ལྟད་མོར་སོང་། གློ་བུར་ཐུབ་བསྟན་བཙུན་པ་ཞིག་དང་གཏོ་བསྟན་བཙུན་པ་ཞིག་ཚུར་འོང་པ་མཐོང་། དེ་གཉིས་ནི་སྐྲ་འཕྱིངས་ཞིང་རྐང་བརྗེན་ཡིན་ལ། སྨྱ་སེ་སྨྱོ་སེས་ཁ་བརྡ་བྱེད་ཀྱིན་ཚུར་འོང་། ཐུབ་བསྟན་བཙུན་པས་ཁོང་གིས་བུ་མོ་པང་དུ་བཟུང་ཡོད་པ་མཐོང་རྗེས། ངུ་སྐད་ཆེན་པོས།“སྦྱིན་བདག་ལགས།  ཁྱོད་ཀྱིས་སྲོག་ལྡན་བསོད་མེད་དེ་པང་དུ་འཛིན་དོན་ཅི་ཡིན་ནམ”ཞེས་དྲིས། གཏོ་བསྟན་བཙུན་པས“ང་ལ་སྦྱིན་རོགས་གནོངས”ཞེས་བཤད། ཧྲི་དབྱིན་ལ་སུན་སྣང་ཆེན་པོ་སྐྱེས་པས། ཁ་ཕྱིར་འཁོར་ནས་སྒོ་ཆེན་ནང་དུ་འཛུལ།
ཧྲི་དབྱིན་གྱིས་ཁོ་ཚོའི་བྱུང་རིམ་འདྲི་འདོད་དུས། དེ་གཉིས་གར་སོང་ཆ་མེད་དུ་གྱུར། སྐབས་དེར་ཧུའུ་ལུའུ་མཆོད་ཁང་གི་གནས་གཡོར་མཁན་ནམ་ཡིག་མཁན་པ་སྦྲང་བོ་ཚུར་སླེབས་པ་མཐོང་། ཁོང་གི་རུས་ཅཱ་དང་མིང་ཧྭ། མཚན་ཧྲི་ཧྥེ་དང་། གཞན་ཡུས་ཚོན་ཡང་ཟེར། རྒྱལ་ས་ཅིན་ཁྲིན་དུ་གོང་མའི་དཔོན་བརྐོ་རྒྱུགས་ཆེན་དུ་འགྲོ་བའི་ལམ་ཁར། སུའུ་ཀྲའུ་ནས་རེ་ཞིག་ལ་བསྡད་ཅིང་། མཆོད་ཁང་དུ་གནས་བཅོལ་ཏེ། ཡིག་རྩོམ་དང་ཤིས་ཚིག་བཙོང་ནས་ཁ་གསོ་ཐབས་བྱེད་བཞིན་ཡོད། ཧྲི་དབྱིན་གྱིས་ནམ་རྒྱུན་ཡུས་ཚོན་རང་གི་དཔེ་ཁང་ཆུང་ངུར་གདན་དྲངས་ནས་ལབ་གླེང་སྣ་ཚོགས་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ཡོད།
      མིག་ལྡབ་པའི་ཡུན་ལ་ཟླ་མཆོད་དུས་ཆེན་ལ་སླེབས།  ཧྲི་དབྱིན་གྱིས་དཔེ་ཁང་དུ་གསོལ་སྟོན་གྱ་ནོན་པ་ཞིག་གྲ་སྒྲིག་བྱས་ཏེ་ཡུས་ཚོན་གདན་དྲངས། ཡུས་ཚོན་གྱིས་ཀྱང་བསྙད་བཏགས་མ་བྱས་པར། ཧྲི་དབྱིན་དང་མཉམ་དུ་ཀྲིན་ཚང་གི་དཔེ་ཁང་དུ་སླེབས། ཁོང་གཉིས་མར་བསྡད་རྗེས། ཐོག་མར་སེམས་ལྷོད་ལ་བབ་སྟེ་ཆང་རག་གི་བྲོ་བ་མྱངས་ཤིང་། རིམ་བཞིན་ཁ་བརྡས་སྤྲོ་བ་ཆེན་པོ་བསྐྱེད་པས། ཆང་ཕོར་ཆེན་པོར་བརྗེས་ནས་འཐུངས། ཡུས་ཚོན་གྱིས་ཆང་ངར་ལ་བརྟེན་ནས། རང་ལ་ཕུགས་འདུན་ཆེན་པོ་ལྡན་ཡང་དངུལ་སྒོར་མེད་པས། རྒྱལ་ས་ཅིན་ཀྲིན་ལ་སོང་ནས་གོང་མའི་དཔོན་བརྐོ་རྒྱུགས་ཆེན་དུ་ཞུགས་ཐབས་མེད་ཅེས་སྨྲེ་སྔགས་བཏོན། ཧྲི་དབྱིན་གྱིས་དེ་མ་ཐག་བྱིས་གཡོག་ལ་བཀའ་ཕབ་སྟེ། དངུལ་སྲང་ལྔ་བཅུ་སྦྱིན་ཞིང་། སྲིང་བལ་གྱོ ན་གོས་གཉིས་ལེན་དུ་བཅུག་སྟེ། ཁོང་ལ་རོགས་དངུལ་དང་བཅས་རྒྱལ་སར་དཔོན་བརྐོ་རྒྱུགས་ཆེན་དུ་ཞུགས་པར་རོགས་སྐྱོར་མཛད། ཡུས་ཚོན་གྱིས་བཀའ་དྲིན་ཞུས་ཤིང་། ཁོང་གཉིས་ཀྱིས་ནམ་གུང་བར་ཆང་རག་ལ་རོལ་རྗེས་རང་རང་གི་འདུག་གནས་སུ་ཕྱིར་ལོག ཧྲི་དབྱིན་ཕྱི་ཉིན་གྱི་ཉིན་གུང་ད་གཟོད་གཉིད་ལས་སད། ཡུས་ཚོན་ལ་ངོ་སྤྲོད་འཕྲིན་ཡིག་བྲིས་ཏེ། རྒྱལ་ས་ཅིན་ཁྲིན་ནས་ཀྱང་དཔོན་ཚང་ཞིག་ལ་མཚམས་སྦྱར་ནས།བར་སྐབས་སུ་སྡོད་ཐབས་བྱ་དགོས་སྙམ་སྟེ། བྱིས་གཡོག་ཅིག་ཡུས་ཚོན་གདན་འདྲེན་དུ་མངགས། བྱིས་གཡོག་ཕྱིར་ལོག་ནས།“ཐུབ་བསྟན་བཙུན་པས་བཤད་པ་ལྟར་ན། སྐུ་ངོ་ཅཱ་ནམ་ཐུན་ལྔ་པར་རྒྱལ་ས་ཅིན་ཁྲིན་ལ་ཆས་སོང་ལ། བཙུན་པར་གཏམ་བཅོལ་ནས་སྐུ་བདག་ཀྲིན་ཁྱེད་ལ་གུས་ཕྱག་ཕུལ་ཡོད” ཅེས་ཞུས། ཧྲི་དབྱིན་གྱིས་ཀྱང་དེ་ལྟར་མི་བྱེད་ཀ་མེད་དུ་གྱུར།
          དུས་འགྲོས་མདའ་ལས་མགྱོ གས་པས། སྐད་ཅིག་མའི་ཡུན་དུ་ལྒང་ཞུའི་དུས་ཆེན་ལ་སླེབས། ཧྲི་དབྱིན་ཚང་གི་བཟའ་མིས་ལྒང་ཞུར་ལྟད་མོར་ལྟ་དུས། དབྱིན་ལན་བོར་ཞིང་། དབྱིན་ལན་གྱི་གཡོག་མོའང་གྲོང་སྡེ་གཞན་པར་བྲོས། རྒན་རྒོ་གཉིས་བཤུམས་ནས་ཤི་མ་གསོན་དུ་གྱུར་ཞིང་། གཅིག་འཕྲོར་གཅིག་ནད་ཕོགས་ཏེ། མལ་ཁྲི་ནས་ཡར་བཞེངས་མ་ཐུབ་པར་གྱུར། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཧུའུ་ལུའུ་ལྷ་ཁང་གི་བཙུན་པས་མཆོད་རྫས་བཙོ་སྐབས། མ་གཟབ་པར་སྣུམས་ཟངས་རྫོགས་ནས་མེ་གནོད་ཆེན་པོ་བཟོས་པས། ཀྲིན་ཚང་མེ་ཤོར་ནས་སོ་ཕག་ཆག་རོའི་ཕུང་བོར་བསྒྱུར། སྟབས་ལེགས་པས་རྒན་རྒོན་གཉིས་དང་བཟའ་མི་ཚང་མ་མེ་གནོད་ལས་ཐར། དེ་ནས་ཧྲི་དབྱིན་རྒན་རྒོན་གཉིས་ཀྱིས་གྲོང་གསེབ་ཀྱི་ཞིང་སྡེའི་གཞིས་ཀར་འཚོ་བ་རོལ། ཡིན་ན་ཡང་། ལོ་དེར་མུ་གེའི་རྒྱུན་མ་ཆད་པས། ཇག་རྐུན་ཡུལ་ཁམས་སོ་སོར་ཧ་ཅང་རྒོད་པས། ཞིང་གཞིས་སུའང་སྡོད་དཀའ་པས། ཧྲི་དབྱིན་གྱིས་ཞིང་ས་བཙོང་སྟེ། གཡོག་མོ་གཉིས་ཁྲིད་ནས་སྒྱུག་པོ་ཚང་ལ་སྐྱབས་བཅོལ་དུ་བཞུད།
         ཉིན་དེར། ཧྲི་དབྱིན་གྱིས་ལག་རྟེན་སྔས་ནས་སྲང་མདོར་སེམས་གཡེང་དུ་སོང་། གློ་བུང་གཏོ་བསྟན་བཙུན་པ་གྱོ ལ་པོ་ཞིག་གིས་རྐང་མགོར་རྩྭ་ལྷམ་ཧྲུལ་པོ་གྱོ ན་ཞིང་། ལུས་ལ་བཙུན་ལྭ་ཧྲུལ་པོ་གྱོ ན་ཏེ། སྨྱོས་པ་ལྟར་སྐད་ཆེན་པོས།“སྲིད་འདིར་ཚང་མས་ལྷ་རིགས་བཟང་པ་ཤེས་ན་ཡང་། འཁོར་བའི་གྲགས་འབྱོར་ཁོ་ན་བརྗིད་དཀའ་འོ། ”ཞེས་པའི་གླུ་ཆུང་ཞིག་ལན་གྱིན་ཡོད་པ་མཐོང་། ཧྲི་དབྱིན་ཐད་ཀར་དེའི་མདུན་དུ་སོང་ནས། “ཁྱོད་ཀྱིས་ཅི་ཞིག་བཤད་པ་ཡིན།‘བཟང་ཟིན། བཟང་ཟིན’ཁོ་ན་ཐོས”ཞེས་དྲིས། བཙུན་པས་དགོད་ཀྱིན“ཁྱོད་ཀྱིས‘བཟང་ཟིན’ཡིག་འབྲུ་གཉིས་ཐོས་ཐུབ་ན། ཁྱོད་ཀྱང་གོ་བ་ཅན་ཞིག་ཡིན། སྲིད་པའི་བྱ་བ་ཡོད་ཚད།བཟང་ནི་ཟིན་ཡིན་ལ། ཟིན་ནི་བཟང་ཡིན།ཟིན་མེད་ན། བཟང་པ་མིན། བཟང་དགོས་ན། ཟིན་དགོས་པས། ངའི་གླུ་ཆུང་ལ《བཟང་ཟིན་གླུ》ཟེར”ཞེས་ལན་བཏབ། སྐད་ཅིག་མ་དེར་། ཧྲི་དབྱིན་ལ་རྟོགས་པ་ཆེན་པོ་ཐོབ་པས།“འགྲོ་ལགས”ཞེས་ཞུས་ཏེ། རང་ཡུལ་ལ་མ་ལོག་པར། བཙུན་པ་དེ་དང་མཉམ་དུ་གནམ་མཐའི་དུ་སྨུག་བཞིན་ཡལ་སོང་།

22.jpg

          ཉིན་དེར། ཀྲེན་ཚང་གི་གཡོག་མོས་སྒོ་ཆེན་མདུན་དུ་སྐུད་པ་བཙོང་སྐབས། གསར་བརྐོས་རྫོང་དཔོན་དེར་བརྒྱུད་པ་མཐོང་། མགོ་གྱེགས་ནས་ལྟ་དུས། འགྱོ གས་བྱམས་སྟེང་གི་སྐུ་ངོ་དེ་ངོ་ཤེས་པ་དང་མཚུངས་མོད། གང་ནས་ངོ་ཤེས་པ་ཡིད་ལ་མ་ཤར། མཚན་མོར་མལ་རྗེས། སྒོ་ཆེན་རྡུང་པའི་སྒྲ་ཆེན་པོ་ཐོས་ཤིང་། མི་མང་པོས“རྫོང་དཔོན་ཆེན་པོའི་སྤྱི་གཡོག་སྐད་ཆ་འདྲི་རུ་འོང”ཞེས་འུར་བརྒྱབ། ཧྥིན་སུའུ་ཧ་ལས་པར་གྱུར་ཞིང་། མགྱོ གས་པོར་སྒོ་ཕྱེ་ནས་ཕྱིར་བུད་དེ། སྤྱི་གཡོག་དང་མཉམ་དུ་བཞུད་སོང་། ནམ་གུང་ད་གཟོད་ཕྱིར་སླེབས། “མ་གཞི་གསར་བསྐོས་སྐུ་ངོའི་རུས་ཅཱ་མིང་ཧྭ་ཡིན། མག་པའི་གྲོགས་པ་རྙིང་པ་རེད། ཁོང་སྒོ་ཆེན་བརྒྱུད་ནས་འགྲོ་སྐབས། གཡོག་མོ་ཅའོ་ཞིན་གྱིས་སྐུད་པ་བཙོང་པ་མཐོང་པས། མག་པའང་འདིར་ཡོད་སྙམ་སྟེ། མི་མངགས་ཏེ་གཏམ་འདྲིར་ཡོང་པ་རེད།”ཅེས་བཤད།
          མ་གཞིར། ལོ་དེར་ཡུས་ཚོན་ལ་ཧྲི་དབྱིན་གྱི་རོགས་དངུལ་ཐོབ་པས། ཕྱི་ཉིན་རྒྱལ་ས་ཅིན་ཁྲིན་ལ་སོང་། རྩོམ་རྒྱུགས་གསུམ་པོ་ཡག་པོ་འཁྱོངས་པས། ཅིན་ཧྲིའི་རྒྱུགས་འབྲས་ཐོབ་སྟེ་རྫོང་དཔོན་དུ་བསྐོས། ཁོང་ལ་ནུས་རྩལ་ལྡན་ཡང་། ཤེས་ཡོན་རྒྱབ་རྟེན་བྱས་ཏེ་གོང་རིམ་དཔོན་པོར་སྣང་ཆུང་བྱས་པས། གོང་མར་གཏུགས་ཤིང་དཔོན་གནས་ཀྱང་ཤོར། ཁོང་གིས་རང་གི་བཟའ་མི་དང་དངུལ་ནོར་སོགས་ཕ་ཡུལ་དུ་བསྐྱལ་ཏེ་གོ་སྒྲིག་བཟང་པོ་བྱས་རྗེས། རང་གཅིག་པུ་ཕྱིར་བུད་དེ། སྲིད་པའི་མཛེས་ལྗོངས་གྲགས་ཅན་རྣམས་ལ་ལོངས་སུ་སྤྱད་དེ་བསྡད།  དུས་དེར་ཁོང་དབྱང་ཀྲའུ་ལ་སླེབས་རྗེས། ནད་ཕོགས་པས་མགྲོན་ཁང་དུ་ལུས། ནད་དྲག་རྗེས་གྲོན་དངུལ་ཡང་ཆད་མོད། སྟབས་ལགས་པས་གྲོགས་པོ་རྙིང་པ་གཉིས་དང་འཕྲད། ཁོང་རང་ཡང་ཚྭ་དོན་དཔོན་ཆེན་ལིན་རུའུ་ཧའེ་ལ་ངོ་སྤྲད་དེ། ལིན་ཚང་གི་སྲས་མོའི་དགེ་རྒན་བྱས།
           ལིན་རུའུ་ཧའེ་ཡི་མིང་ལིན་ཧའེ་དང་མཚན་རུའུ་ཧའེ་ཟེར། ལོ་སྔོན་མའི་རྒྱལ་སའི་དཔོན་བསྐོ་རྒྱུགས་ཆེན་གྱི་ཨང་གསུམ་པ་སྟེ་ཐན་ཧྭའི་རྒྱུགས་འབྲས་ཐོབ་མཁན་ཡིན་ལ། སུའུ་ཀྲའུ་ཡི་མི་ཡིན། ཆེན་མ་ཅཱ་བཟའ་ཡིན་ལ་བུ་མོ་ཞིག་ཡོད་དེ། གཅེས་མིང་ལ་ཏའེ་ཡུས་ཟེར་ཞིང་ལོ་ལྔར་སླེབས་ཡོད། དགེ་རྒན་གདན་དྲངས་ཏེ་དཔེ་ཀློག་སྦྱང་བཞིན་ཡོད། ཏའེ་ཡུས་ལོ་ན་ཆུང་ཞིང་ལུས་ཟུངས་ཞན་ཞིང་། དཔེ་ཁྲིད་ཀྱི་མང་ཉུང་ལ་ཚད་གཞི་ངེས་ཅན་མེད་པས། ཡུས་ཚོན་གྱི་སློབ་ཁྲིད་ལའང་དཀའ་ཁག་ཆེན་པོ་མེད།  ལོ་གཅིག་འགོར་རྗེས། ཅཱ་བཟར་གློ་བུར་དུ་ནད་ཕོགས་ཏེ་ཚེ་ལས་འདས། ཏའེ་ཡུས་ཀྱིས་ཨ་མར་སྲི་ཞུ་གང་ལེགས་བསྒྲུབས་པས་ནད་ཆེན་པོ་ཕོགས། ཡུས་ཚོན་ལ་ལས་ཀ་མེད་པས། དུས་རྒྱུན་ནམ་གཤིས་བཟང་བོར་བསྟུན་ནས། ཕྱི་རོལ་དུ་བག་ཡངས་ལ་རོལ། ཉིན་ཞིག་ལ། ཁོང་གྲོང་མཐའི་ཆང་ཁང་ཞིག་ལ་སླེབས་ནས། ཆང་ཕོར་བ་འགའ་འཐུང་སྙམ་དུས། ཆང་མགྲོན་ཞིག་ཡར་ལངས་ཏེ། གད་མོར་དགོད་ཀྱིན་ཁོ་རང་ནང་དུ་བསུས། ཁོང་གིས་མི་དེ་ནི་རྒྱལ་ས་ཅིན་ཁྲིན་གྱི་གནའ་རྫས་ཁྲོམ་རའི་ཚོང་པ་ལེང་ཙི་ཞིན་ཡིན་པ་ངོས་ཟིན། ཡུས་ཚོན་གྱིས་ཁོང་ལ་བདེ་འཚམས་ཞུས་རྗེས། ཆང་ཟས་བླངས་ཏེ་ཁ་བརྡ་བྱེད་འགོ་བརྩམས། ཙི་ཞིན་གྱིས་ཡུས་ཚོན་ལ“ཉེ་བར་རྒྱལ་ས་ཅིན་ཁྲིན་གྱི་ཁྱེད་དང་རུས་རྒྱུད་གཅིག་པའི་སྐུ་ངོ་ཞིག་གི་ཁྱིམ་ལ། ཡ་མཚར་པའི་དོན་དག་ཆུང་ཆུང་ཞིག་བྱུང་།”ཞེས་བཤད། ཡུས་ཚོན་གྱིས“ངེད་ཚང་ལ་ཅིན་ཁྲིན་དུ་གཉེན་ཉེ་མེད”ཅེས་ལན་བཏབ། ཙི་ཞིན་གྱིས“རོང་གོ་གཞིས་ཀའི་བདག་པོ་ནི་རུས་ཅཱ་མིན་ནམ”ཞེས་དྲིས།“ ཁོང་ཚང་ཡིན་ནམ། གལ་ཏེ་རུས་རྒྱུད་དད་ན། ང་དང་རོང་གོ་གཞིས་ཀ་ནི་རུས་རྒྱུད་གཅིག་ལ་གཏོགས་མོད། འོན་ཀྱང་ཁོང་ལ་གཟི་དཔལ་ཧ་ཅང་ཆེ་བས། ངས་ཉེ་རྒྱུད་སྒྲིག་རྒྱུར་སྟབས་མི་བདེ་པ་མ་ཟད། བསྡད་ཀྱིན་བསྡད་ཀྱིན་བར་ཐག་ཇེ་རིང་སོང་ཡོད། ”ཅེས་ལན་བཏབ།
         ཙི་ཞིན་གྱིས་དབུགས་རིང་འབྱིན་བཞིན“སྔོན་ཆད་ཉིང་གོ་སྤྱི་དཔོན་ནི་མ་གཅིག་སྤུན་གཉིས་ཡིན། ཉིང་སྤྱི་དཔོན་ནི་ཆེ་བ་ཡིན་ལ། བུ་བཞི་སྐྱེས་ཡོད། ཉིང་སྤྱི་དཔོན་འདས་རྗེས། ཅཱ་ཏའེ་ཧྭ་ཡིས་དཔོན་སའི་རྒྱུན་བསྐྱངས། ཁོང་ལ་བུ་གཉིས་སྐྱེས། ཆེ་པ་ཅཱ་ཧྥུ་ལོ་བརྒྱད་དགུར་ལོན་དུས་ཚེ་ལས་འདས། ཆུང་པ་ཅཱ་ཅིན་གྱིས་དཔོན་རྒྱུད་བསྐྱངས་མོད། ཅཱ་ཅིན་གྱིས་ལུས་གཅིག་སེམས་གཅིག་ཏུ་ལྷ་ཚེ་རིང་པ་སྒྲུབ་ན་འདོད་ཡོད། སྟབས་ལེགས་པ་ནི་ལོ་ན་ཆུང་དུས་བུ་ཞིག་སྐྱེས་ཤིང་མིང་ལ་ཅཱ་ཀྲིན་ཟེར། ཅཱ་ཀྲིན་ལ་དཔོན་ས་སྐྱོང་དུ་བཅུག་སྟེ། གཏོ་བསྟན་བཙུན་པ་ཚོ་དང་མཉམ་དུ་ཚུལ་མིན་གྱི་ལས་སྣ་ཚོགས་བསྒྲུབས། ཅཱ་ཀྲིན་ལའང་བུ་ཞིག་སྐྱེས་ཡོད་ལ་ཅཱ་རོང་ཟེར། ད་ལོར་ལོ་བཅུ་དྲུག་ཡིན། ཡ་མཚར་པའི་དོན་དག་དེ་རོང་ཚང་གཞིས་ཀར་བྱུང་། རོང་སྤྱི་དཔོན་འདས་རྗེས། ཅཱ་ཏའེ་ཧྲན་གྱིས་དཔོན་རྒྱུན་བཟུང་ཞིང། ཅིན་ལིན་དཔོན་རྒྱུད་ཀྱི་ཧྲི་དཔོན་ཆེན་ཚང་གི་བུ་མོ་ལྕམ་མོར་བསུས་ཤིང་། བུ་གཉིས་སྐྱེས། ཆེ་པར་ཅཱ་ཧྲི་ཟེར་ལ་ཆུང་པར་ཅཱ་ཀྲིན་ཟེར། ཏའེ་ཧྲན་སྔ་མོ་ནས་འདས་མོད། ལྕམ་ཆེན་ད་དུང་བདེ་ཐང་ཡིན། ཅཱ་ཧྲིས་དཔོན་རྒྱུད་སྐྱོང་ནས་ཁྱོམ་དོན་མ་གཉེར། ཅཱ་ཀྲེན་ཆུང་དུས་ནས་དཔེ་ཀློག་ལ་ཧ་ཅང་དགའ་ཞིང་གཞུངས་དྲང་རྒྱུད་འཇམ་ཞིག་ཡིན་ལ། སྤྱི་དཔོན་གཞོན་པའི་གོ་གནས་ཐོབ་ཡོད། ཀྲིན་སྤྱི་དཔོན་གྱི་ལྕམ་མོ་ཝང་བཟའ་ལ། སྐྱེ་འགོར་སྲས་ཤིག་སྐྱེས་པར་ཅཱ་ཀྲུའུ་ཟེར། ལོ་བཅུ་བཞི་ཐོག་ཞིའུ་ཚའེ(ཤེས་ཡོན་ཅན)ཡི་ཐོབ་ཐང་བླངས། ལོ་ཉི་ཤུར་མ་སླེབས་གོང་ལིས་ཝན་ལྕམ་མོར་བསུས་མོད། སྟབས་མ་ལགས་པར་ཚེ་ལས་འདས། བུ་ཞིག་སྐྱེས་ཡོད་པར་ཅཱ་ལན་ཟེར། དེ་ནས་སྲས་མོ་ཞིག་སྐྱེས། རྒྱ་ལོ་ཚེ་གཅིག་ཉིན་སྐྱེས། བསམ་ཡུལ་ལས་འདས་པ་ནི་ཡང་སྲས་ཤིག་སྐྱེས། ཡ་མཚར་ཧ་ཅང་ཆེ་ནི་སྲས་དེ་སྐྱེས་དུས་ཁ་ནང་དུ་ཚོན་མདོག་སྣ་ལྔ་ལྡན་པའི་གཡང་ཊི་ཞིག་བཟུང་ཡོད་ལ། གཡང་ཊིའི་སྟེང་ཡི་གེ་མང་པོའང་བརྐོས་ཡོད། ཁྱོད་ཀྱིས་བལྟས་ན། ཡ་མཚར་མི་ཆེའམ”ཞེས་ཞིབ་མོར་གླེང་།
          ཡུས་ཚོན་གྱིས་དགོད་ཀྱིན“ངོ་མ་ཡ་མཚར་ཆེ། ཕར་བལྟས་ནས་རྟེན་འབྱུང་ཁྱད་པར་ཅན་ཞིག་ཡོད་སྲིད”ཅེས་བཤད། ཙི་ཞིན་གྱིས་ཁྲེལ་དགོས་བྱེད་བཞིན“ཚང་མས་ཀྱང་དེ་ལྟར་བཤད་པ་རེད། དེའི་རྐྱེན་གྱིས་ཁོའི་རྨོ་མོས་ཁོར་རིན་པོ་ཆེ་ལྟར་གཅེས་ཤིང་སྲོག་རྩ་ལྟར་དུང་། ད་ལྟ་ཁོ་ལོ་བདུན་བརྒྱད་ཙམ་ཡིན། ཧ་ཅང་སྤྱོད་ངན་ཅན་ཞིག་ཡིན་མོད། བློ་རིག་ཆེན་པོ་ལྡན་པས། མི་བརྒྱ་ཡང་ཁོང་གཅིག་པུའི་འགྲན་ཟླར་མི་འོས”ཅེས་བཤད། ཙི་ཞིན་གྱིས་ད་དུང་ཡུས་ཚོན་ལ“ཅཱ་ཚང་གཞིསཀར་སྲས་མོ་བཞི་ཡོད་པའང་བྱ་མང་གྲས་ཀྱི་རྨ་བྱ་ལྟ་བུ་ཡིན། སྐུ་ངོ་ཀྲིན་གྱི་སྲས་མོ་ཆེ་བའི་མིང་ལ་ཡོན་ཁྲོན་ཟེར། ཁོ་མོར་བྱམས་གུས་ལྡན་ཞིང་ཤེས་རྒྱ་ཆེ་བས། རྒྱལ་པོའི་ཕོ་བྲང་གི་མོ་དཔོན་དུ་བསྐོས་ཡོད། སྲས་མོ་གཉིས་པ་ནི་སྐུ་ངོ་ཧྲི་ཡི་སྲུ་མོའི་སྲས་མོ་ཡིན། མིང་ལ་དེ་དབྱིན་ཁྲོན་ཟེར། སྲས་མོ་གསུམ་པ་ནི་སྐུ་ངོ་ཀྲེན་གྱི་ཆུན་མའི་སྲས་མོ་ཡིན། མིང་ལ་ཐན་ཁྲོན་ཟེར། སྲས་མོ་བཞི་པ་ནི་ཉུང་གོ་གཞིས་ཀའི་སྐུ་ངོ་ཀྲིན་གྱི་སྲང་མོ་ཡིན། མིང་ལ་ཞི་ཁྲོན་ཟེར། ཧྲི་རྨོ་མོ་ཚ་མོ་ཚོར་ཧ་ཅང་དགའ་བས། ཚ་མོ་ཚང་མས་རྨོ་མོ་དང་མཉམ་དུ་དཔེ་གློག་སྦྱོང་པ་རེད”ཅེས་བཤད།
        ཡུས་ཚོན་གྱིས“སྐུ་ངོ་ཀྲེན་ལ་གཡང་ཊི་བཟུང་པའི་སྲས་ཞིག་ཡོད་ན། སྐུ་ངོ་ཧྲི་ལ་དེ་ལྟ་བུ་ཞིག་མེད་དམ”ཞེས་དྲིས། ཙི་ཞིན་གྱིས“སྐུ་ངོ་ཀྲེན་ལ་སྲས་ཡུས་ཨེར་སྐྱེས་རྗེས། ཁོང་གི་ཆུན་མས་ཀྱང་བུ་ཞིག་བཙས། དེའི་སྐོར་གསལ་བོར་མ་ཐོས། སྐུ་ངོ་ཧྲི་ལའང་སྲས་གཉིས་ཡོད། ཆུང་པའི་མིང་ལ་ཅཱ་ལེན་ཟེར། ད་ལྟ་ལོ་ཉི་ཤུ་ལྷག་ཡིན། སྐུ་ངོ་ཀྲིན་གྱི་ལྕམ་མོ་ཝང་གི་ཚ་མོ་བག་མར་བསུས་ཡོད་པས། གཉེན་ཐོག་གཉེན་གྱིས་བརྩེགས་ཡོས། སྐུ་ངོ་ལེན་རང་གིས་ཀྱང་ལྕམ་མོ་ཞིག་བླངས། ལྕམ་མོ་དེར་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད། དེའི་སྐྱེས་གཟུགས་མཛེས་ཤིང་སྨྲ་བརྗོད་ལ་ཧ་ཅང་མཁས་པ་མ་ཟད། བློ་བཀོད་ལའང་ཧ་ཅང་མཛངས་པས། སྐྱེས་པ་ཁྲི་ཡང་ཁོ་མོའི་འགྲན་ཟླར་མི་འོས”ཞེས་བཤད། ཡུས་ཚོན་གྱིས་དུས་ཚོད་འཕྱི་སོང་དོགས་ནས། ཡར་ལངས་ཏེ་ཙི་ཞིན་དང་མཉམ་དུ་མཁར་ནང་དུ་ལོག ལམ་བར་དུ། ཙི་ཞིན་གྱིས་ཡུས་ཚོན་ལ་ལིན་རུའུ་ཧའེ་ལ་སྐྱབས་བཅོལ་པ་སྟེ། ལིན་རུའུ་ཧའེ་ཡིས་ཅཱ་ཀྲེན་ལ་འཕྲིན་ཡིག་ཅིག་བསྐུར་དུ་བཅུག་ན། ཡུས་ཚོན་གྱི་དཔོན་སའང་སླར་ཐོབ་སྲིད་ཅེས་བསྐུལ། །

       མཆན་འགྲེལ།
(1)གོང་མ་རྒྱལ་མོ། རྒྱ་མི་རིགས་ཀྱི་ལྷ་སྒྲུང་གི་བསྐལ་བ་ཡ་ཐོག་གི་རྒྱལ་པོ་གསུམ་གྱི་ཡ་གྱལ་ཡིན་ལ། དེའི་གཟུགས་བརྙན་ནི་མི་མགོ་སྦྲུལ་ལུས་ཅན་ཞིག་ཡིན། མོར་མིའི་རིགས་ཀྱི་མེས་པར་བཀུར་ལ། གནམ་ས་འབྱེད་པ་དང་མིའི་རིགས་བསྐྲུན་པ་སོགས་ལྷ་སྒྲུང་སྣ་ཚོགས་ཡོད། རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་མི་རིགས་དུ་མར་ཡང་དེར་འབྲེལ་ལྷ་སྒྲུང་ཡོད། །  

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།