ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གནས་ཚུལ་དྲིལ་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་བྱེད་མཁན་རྣམས་ལ་མཇལ་འཕྲད་གནང་།

bd247353df0ef246a6c1e7a3ab6d46c7.jpg

ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བ་བྱེད་མཁན་གྱི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱེད་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བ་བྱེད་མཁན་གྱི་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱེད་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བར་མ་ཟད།  ཚོགས་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བྱེད་པར་ཞུགས་པའི་གསར་འགྱུར་བྱ་བ་བྱེད་མཁན་རྣམས་ལ་སེམས་གཏིང་ནས་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས། ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མཇུག་བསྡུས་རྗེས་ཡུས་ཀྲིན་ཧྲིན་ཧུའུ་ནན་ཚོམས་ཆེན་དུ་ཕེབས་ཏེ། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། འོད་ཟེར་ཚགས་པར། དཔལ་འབྱོར་ཚགས་པར། ཀྲུང་གོའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱེད་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་བཅས་ལ་སྙིང་ཉེ་བའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མར་རེ་རེ་བཞིན་ལག་འཇུ་བྱས་ཏེ། ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཁས་ལེན་གང་ལེགས་བྱས།

ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། ཐེངས་འདིའི་ཚོགས་ཆེན་གྱི་དྲིལ་སྒྲོག་བྱ་བའི་ཐད་ནས་ཕན་འབྲས་ཆེན་པོ་བླངས་ཡོད་པ་དང་ལྟ་ཚུལ་གཅིག་བསྡུས་བྱས་ནས་གནས་ཚུལ་ངོ་མ་བརྒྱུད་སྒྲོག་བྱས་ཡོད། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱིས་ཀྲུང་དབྱང་དྲིལ་སྒྲོག་གི་བྱེད་ཕྱོགས་གཞིར་བཟུང་སྟེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་མཐུན་སྒྲིལ་གཏན་འཇགས་རྒྱུན་འཁྱོངས་བྱེད་པར་ཤུགས་སྣོན་པ། དྲང་ཕྱོགས་ཀྱི་དྲིལ་སྒྲོག་བྱེད་ཕྱོགས་གཙོ་བོར་བཟུང་ནས་ཚོགས་ཆེན་གྱི་བརྗོད་དོན་ལ་དམ་པོར་དམིགས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས་བློ་འདོན་ཇུས་འབུལ་གྱི་འགན་ནུས་ལག་བསྟར་བྱས་པ་གང་ལེགས་ཀྱིས་དྲིལ་སྒྲོག་བྱས་པར་མ་ཟད། ཀྲུང་གོའི་གནས་ཚུལ་བཟང་བོར་སྒྲོག་པ་དང་སྲིད་གྲོས་ཀྱི་གནས་ཚུལ་བཟང་བོར་སྒྲོག་པ། དམངས་གཙོ་གྲོས་མོལ་གྱི་གནས་ཚུལ་བཟང་བོར་སྒྲོག་པ་བཅས་བྱས་ཏེ། ཚོགས་ཆེན་བདེ་བླག་དང་རྒྱལ་ཁའི་ངང་ཚོགས་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།