མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། 

འཐུས་མི་ལོ་ཧོས་ཉིན་གྱིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་འཐད་པ་ཡིན། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་དོན་སྒྲུབ་སྐབས་འདྲ་མཉམ་དྲང་བཞག་ཡོང་བའི་ལས་དོན་དམིགས་འབེན་དུ་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་མང་པོའི་བྱ་བ་ལ་གྲུབ་འབྲས་ངེས་ཅན་ལོན་ཡོད། དེས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ལ་བྱས་རྗེས་འབུར་ཐོན་བཞག་ཡོད། མདོར་བསྡུས་ན་དེར་ཁྱད་ཆོས་གཙོ་བོ་གསུམ་ཡོད་དེ། གཅིག་ནས་རང་རྟོགས་རང་འགུལ་ངང་སྤྱི་ཡོངས་ལ་སིམ་འདྲེས་དང་སྤྱི་ཡོངས་ལ་འགན་སྲུང་བྱས་ཡོད། གཉིས་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་འཛིན་དྲང་གཞག་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། གསུམ་ནས་འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པ་དང་། གསར་སྐྲུན་བྱ་བ་མཐའ་འཁྱོལ་བར་བསྒྲུབ་དགོས་པ་བསྟན་ཡོད་ཟེར།

འཐུས་མི་མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། ཐེངས་འདིའི་ཆེས་མཐོ་མི་དམངས་ཁྲིམས་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་སྙན་ཞུར་ཁྱད་ཆོས་དམིགས་བསལ་ཅན་བཞི་ཚང་ཡོད་དེ། གཅིག་ནི་ཁྲིམས་ལྟར་ཁྲིམས་ཐག་གཅོད་པ་དང་ཁྲིམས་ལྟར་ཞིབ་དཔྱོད་འགན་འཁྲི་ལག་བསྟར་བྱས་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་བྱེད་ནུས་མངོན་གསལ་སྒོས་ཇེ་མཐོར་བཏང་ཡོད། གཉིས་ནི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དངོས་འབེབས་བྱེད་པའི་ཐད་གྲུབ་འབྲས་གསར་བ་བླངས་ཡོད། གསུམ་ནི་ཁྲིམས་འཛིན་སྤྱི་རྟོན་ནུས་པ་མངོན་གསལ་སྒོས་ཇེ་མཐོར་བཏང་ནས། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་བྱ་བར་ཐོད་བརྒལ་གསར་བ་བྱུང་ཡོད། བཞི་ནས་ཁྲིམས་འཛིན་མངོན་སྒྲོག་མངོན་སྒྲུབ་བྱ་བར་འཕེལ་རྒྱས་གསར་བ་བྱུང་ཡོད་པ་བཅས་རེད་ཟེར།

འཐུས་མི་ལིག་ལིས་ཀྱིས་བཤད་རྒྱུར། ན་ནིང་གི་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བར་ཁྱད་ཆོས་གཙོ་བོ་གསུམ་ལྡན་ཡོད་དེ། གཅིག་ནི་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་ཁྲིམས་འཛིན་འདྲ་མཉམ་དྲང་གཞག་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛིན་བྱ་བའི་སྤྱི་རྟོན་ནུས་པ་ཇེ་ཆེར་བཏང་ཡོད། གཉིས་ནི་བཅོས་སྒྱུར་དགོངས་དོན་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛིན་ལམ་ལུགས་ཕན་འབྲས་ལྡན་པའི་ངང་བཅོས་སྒྱུར་བྱེད་པར་འཚོལ་དཔྱོད་བྱས་ཡོད། གསུམ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ལས་དོན་འཕྲལ་སྒྲུབ་ཀྱི་ཁྲིམས་འཛིན་རུ་དཔུང་སྟོབས་ལྡན་ཞིག་གསར་འཛུགས་བྱས་ནས། ཁྲིམས་འཛིན་ལས་བྱེད་པའི་ཆབ་སྲིད་ལས་སྒྲུབ་འཇོན་ནུས་ཇེ་དྲག་ཏུ་གཏོང་བར་འབད་པ་བྱས་ཡོད་ཟེར།

འཐུས་མི་རིན་ཅན་ཞིན་གྱིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་སྙན་ཞུའི་སྒྲིག་གཞི་ལུགས་མཐུན་རེད། འདས་པའི་ལོ་གཅིག་རིང་གི་བྱ་བས་ཏང་གི་འདུ་ཤེས་དང་མི་དམངས་ཀྱི་འདུ་ཤེས་མངོན་པར་མཚོན་ཡོད་ཅིང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་འདྲ་མཉམ་དྲང་གཞག་ཡོང་བར་བྱེད་པ། བཅོས་སྒྱུར་གསར་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ལ་ཕན་འབྲས་ངེས་ཅན་བླངས་ཡོད་ལ། དམངས་ཆེན་འཐུས་མིའི་འབྲེལ་གཏུག་བྱ་བར་ཤུགས་སྣོན་པར་དོ་སྣང་བྱས་ཏེ། སྨྱན་བྱེད་གསར་བ་དང་འཕྲིན་གཏོང་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ནས། རང་རྟོགས་རང་འགུལ་ངང་ལྟ་སྐུལ་བྱ་བ་དང་ལེན་བྱས་ཡོད་ཟེར།

ཏིན་ཞའོ་ཧོས་དང་ཝང་ཡུས་ཧུའུ། ཧི་ཧྥིན། ཧན་ཡུང་ཏུང་། ལིས་ཞའོ་སུང་། ཉི་མ་སྒྲོལ་མ། ནོར་ལྡེ། པད་ཞིག་ཧྭ། ཁྲིན་སུའུ། སྙིང་མོ་བྱམས་སོགས་འཐུས་མིས་ཁྲིམས་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་སྐོར་ནས་བསམ་འཆར་བཏོན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།