བོད་ལྗོངས་ཀྱིས་ད་ལོར95%ཡན་གྱི་ཞིང་སྡེའི་མང་ཚོགས་ཀྱིས་བདེ་འཇགས་ཆུ་འཐུང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ལྗོངས་ཡོངས་ཀྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་བྱ་བའི་སྐུལ་སྤེལ་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ནས2018ལོའི་བར་དུ། བོད་ལྗོངས་ཡོངས་ཀྱིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར23.57དངོས་འབེབས་བྱས་ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6.14བཏང་ཡོད་པ་དང་། PSLཡི་དངུལ་བུན་སྒོར་དུང་ཕྱུར3.78དང་། གྲོང་ཁྱེར་དང་ས་ཁུལ7གྱིས་དབུལ་ཐར་མཁྲེགས་གཏོར་གྱི་མ་དངུལ་སྒོར་དུང་ཕྱུར3.69ཧྲག་བསྡུ་བྱས་ལ། ས་གནས་ནོར་སྲིད་དང་སྲིད་གཞུང་གི་ཞིང་ལས་མ་དངུལ་སྒོར་དུང་ཕྱུར9.96བཅས་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་མང་ཚོགས་ཁྲི84.54ལ་ཕན་ཐོགས་པ་དང་། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི27.25ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ལྗོངས་ཡོངས་སུ་ཞིང་སྡེའི་འཐུང་ཆུ་བདེ་འཇགས་མང་ཚོགས་ལ་ཁྱབ་གདལ་གཏོང་ཚད86%ལ་སླེབས་ཡོད་པ་དང་། ཞིང་སྡེའི་འཐུང་ཆུ་གཅིག་བསྡུས་ངང་མཁོ་འདོན་བྱེད་ཚད86%ལ་སླེབས་ནས། རང་འབབ་ཆུ་ཁྱབ་གདལ་གཏོང་ཚད71.7%ལ་སླེབས་ཡོད་དེ། ཆུ་སྤུས་ཚད་གཞིར་ལོན་ཚད87.2%ཟིན། ལས་གཞི་ཆུང་གྲས་ཀྱི་ཆུ་འདོན་འགན་ལེན་བྱེད་ཚད85%ལ་སླེབས་པ་དང་། ལས་གཞི་གཞན་དག་གི་ཆུ་འདོན་འགན་ལེན་བྱེད་ཚད90%ལ་སླེབས། 2019ལོའི་ཟླ4བའི་ཚེས4ཉིན་བར་དུ་བོད་ལྗོངས་སུ་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཡོད་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྱིམ་ཚང6869ཡི་མི31280ཡོད་པ་རེད།

བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཀྲུང་དབྱང་སྔོན་རྩིས་ཁྲོད2019ལོ་དང2020ལོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.72ཡོད་པ་ད་ལོའི་ལོ་སྟོད་དུ་ཐེངས་གཅིག་ལ་ཡོངས་སུ་རྩིས་སྤྲོད་བྱས་ཤིང་། ཉེ་ཆར་ཡང་ཁ་སྣོན་དངུལ་གཏོང་སྒོར་དུང་ཕྱུར2.6བརྩོན་ལེན་བྱས་ཡོད་པས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ལྷག་མ་ཁྲི3.2ཡི་འཐུང་ཆུ་བདེ་འཇགས་ལས་གཞིའི་དངུལ་གཏོང་གི་དགོས་མཁོ་སྐོང་ཐུབ། ཡིན་ཡང་ལྗོངས་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་སྲ་བརྟན་དང་མཐོར་འདེགས་གཏོང་བའི་མ་དངུལ་ལ་ད་རུང་དཀའ་ཁག་ཆེན་པོ་ཡོད། བོད་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་སུང་ཞན་ཀྲུང་གིས་བཤད་རྒྱུར། རྗེས་མར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དང་སྲ་བརྟན་མཐོར་འདེགས་གཏོང་བའི་ལས་གཞི་ཐད་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་བརྩོན་ལེན་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་ཐབས་ལམ་མང་པོ་བརྒྱུད་དེ་མ་དངུལ་གྲབས་གསོག་བྱ་རྒྱུ་དང་། ནོར་སྲིད་ཀྱི་ཞིང་ལས་མ་དངུལ་དང་། ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་འཛུགས་སྐྲུན་མ་དངུལ། བོད་སྐྱོར་མ་དངུལ། སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་སོགས་ཧྲག་བསྡུ་བྱས་པ་བརྒྱུད། ཞིང་སྡེའི་འཐུང་ཆུ་བདེ་འཇགས་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུ་ཡིན་ལ། ད་ལོར་ལྗོངས་ཡོངས་ཀྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ཁྱབ་གདལ་གཏོང་ཚད95%ཡན་ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ལྷག་མ་ཁྲི3.2ཀྱི་འཐུང་ཆུ་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།